༄༅།། མ་ཡིག་ནེ་ཙོ་ལྟ་བུའི་རྩོམ་གདན་ལ། །འགྱུར་ཡིག་རྨ་བྱ་འདྲ་བའི་ཉམས་མདངས་རྒྱས། །

ཀླུ་མཁར་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 09-28



——ཅི་སྨིན་གྱི《ཁུང་ཡིས་ཅི》ཞེས་པའི་བོད་འགྱུར་གསེད་བཀྲོལ། 


ཟི་ལིང་། ཀླུ་མཁར་རྒྱལ། 


         སྤྱིར་འགྱུར་རྩོམ་འདིས་མཚོན་པའི་མཁས་དབང་འགྱུར་མེད་ལགས་ཀྱིས་བསྒྱུར་བའི་ལུའུ་ཞུན་གྱི་རྩོམ་དག་ལ་མི་མང་པོ་ཞིག་གིས་བསྔགས་བརྗོད་ཀྱི་མེ་ཏོག་ཕྲེང་བ་འབུལ་བཞིན་མཆིས་ཤིང་། ཁོང་གི་འགྱུར་ལ་ལུའུ་ཞུན་གྱི་རྩོམ་ཉམས་དངོས་གནས་པ་མཐོང་ཐུབ་ཅེས་གདེང་འཇོག་ཀྱང་མཛད་བཞིན་ཡོད་པས་ཁོ་བོས་འདིར་མ་ཎི་ཟློ་བ་ལྟ་བུའི་ནེ་ཙོའི་རྣམ་ཐར་སྐྱོང་དགོས་དོན་མེད་མོད། ཁོང་གི་འགྱུར་དག་ལ་དེང་རབས་ཀྱི་གཞུང་ལུགས་དང་སྦྱར་ནས་དཔྱད་པའི་ཚེ་ཡང་གའུ་ཁ་སྦྱོར་ལྟ་བུའི་ཡོན་ཏན་མངོན་སྟབས་རགས་ཙམ་བརྗོད་ན་གཤམ་ལྟར།


 དང་པོ། དུས་ནམ་ཡང་མི་རིགས་རང་གི་ཀློག་པ་པོ་གཙོར་བཟུང་བ།

        དེ་ཡང་འཇར་མན་གྱི་ལོ་ཙཱ་བ་པུན་ཡ་མིང(本雅明)གིས་འགྱུར་རྩོམ་ཀློག་པ་པོར་བསམ་གཞིག་གཏོང་མི་དགོས་ཚུལ་གསུངས་ཤིང་། ཨ་རིའི་ལོ་ཙཱ་བ་གྲགས་ཅན་ནའེ་ཏཱ(奈达)ཡིས་འགྱུར་ཡིག་ཀློག་པ་པོར་བསམ་གཞིག་གཏོང་དགོས་པར་མ་ཟད་ན་གཞོན་ཀློག་པ་པོའི་དགོས་མཁོར་བསྟུན་དགོས་ཞེས་གསུངས་ཡོད། ལོ་ཙཱ་བྱེད་སྐབས་སུ་ཀློག་པ་པོར་བསམ་གཞིག་གཏོང་དགོས་མིན་དེ་ཡང་དོན་དངོས་སུ་འོལ་ཚོད་ཀྱིས་སྨྲས་ཆོག་པ་ཞིག་གཞར་ནས་མ་ཡིན་པར། རྩོམ་ཆོས(文本)ཀྱི་རིགས་མི་འདྲ་བ་ལས་ཀློག་པ་པོ་མི་འདྲ་བར་དམིགས་ཡོད་ཅིང་། ཀློག་པ་པོ་མི་འདྲ་བ་ཡིས་ཤེས་བྱའི་སྒྲིག་གཞི་དང་དཔེ་ཀློག་གི་འདུན་པ། མཛེས་དཔྱོད་ཀྱི་འདུན་མ་མི་འདྲ་བ་མཚོན་པས། རྩོམ་ཆོས་རིགས་མི་འདྲ་བའི་ལོ་ཙཱ་ནི་འབྲེལ་འདྲིས་དམིགས་ཡུལ་སྨྲ་བའི(交际目的论)དགོས་མཁོར་གཞིགས་ཏེ། ལོ་ཙཱའི་ཐབས་ཇུས་མི་འདྲ་བ་སྤྱོད་དགོས། དེ་ཡང་ཨ་རིའི་མིང་དུ་གྲགས་པའི་ལོ་ཙཱའི་གཞུང་ལུགས་སྨྲ་བ་ནའེ་ཏཱ་ཡིས་བཏོན་པའི“འགུལ་རྣམ་རིན་མཉམ”སྨྲ་བའི( “动态等值”论ཕྱིས་སུ“བྱེད་ནུས་རིན་མཉམ”ཟེར) གནད་འགག་ནི་ཀློག་པ་པོའི་ཚུར་སྣང་ལ་དོ་སྣང་དང་ལོ་ཙཱ་བས་ཀློག་པ་པོར་ཞབས་འདེགས་ཞུ་རྒྱུ་དེ་ཡིན། དེ་བས་ལོ་ཙཱ་བ་འགྱུར་མེད་ལགས་ཀྱིས་འགྱུར་ཡིག་འདི་ལས་མི་རིགས་རང་གི་ཀློག་པ་པོ་གཙོ་བོར་བཟུང་སྟེ། མིང་བརྡ་གནད་ལ་ཁེལ་ཞིང་སྙན་འཇེབས་ལྡན་པ་སྤྱད་པ་དང་ཚིག་སྦྱོར་བདེ་ཞིང་སྐབས་བསྟུན་མཐུན་སྦྱོར་བྱས་འདུག་པ་བྱེ་བྲག་གི་དཔེ་དང་སྦྱར་ནས་སྤྲོས་ན།

        མིང་གི་སྒྱུར་སྟངས་ཐད་ནས། 格局ལ་བཀོད་པ།铜钱ལ་དོང་ཙེ། 下酒物ལ་ཆང་གི་སྤོད། 荤菜ལ་ཤ་ཚོད། 阔绰ལ་འབྱོར་བ།茴香豆ལ་གོ་བསྙོད་བསྲེས་མ། 描红纸ལ་ཀ་དཔེ་དམར་པོ། 店面隔壁ལ་ཤག་མཚེས། 傻ལ་དམུན་པོ།营生ལ་འཚོ་ཚིས། 失职ལ་འཐུས་ཤོར། 秀才ལ་དཔེ་ཆ་བ། 钞书ལ་དཔེ་བཤུས། 荐头ལ་བར་བ། 鲁镇ལ་ལུའུ་ཀྲིན་གྲོང་རྡལ། 好喝ལ་ལྟོ་འདུན་ཆེ་བ་ཞེས་བསྒྱུར་བ་ནི། སྤྱིར་བཏང་དུ་ཡ་མཚན་རྒྱུ་ཆེར་མེད་མོད། ཞིབ་ཏུ་བརྟག་ཅིང་དཔྱད་པའི་ཚེ་ན་ལོ་ཙཱའི་གཞལ་དུ་མེད་པའི་མཛེས་པ་ཞིག་སྟེ། རྐང་པར་ལྕགས་སྒྲོག་བརྒྱབ་ནས་བྲོ་འཁྲབ་ཀྱང་བྲོ་གར་དེ་འདྲའི་བབ་ཆགས་ཤིང་བག་ཕེབས་པ་ཞིག་འཁྲབ་འདུག་པས། རྐང་པར་བརྒྱབ་པའི་ལྕགས་སྒྲོག་གང་དེ་ཡང་བྲོ་གར་གྱི་འཁྲབ་ཆས་སུ་གྱུར་པ་རང་ཡིན་ནོ། །

        ཚིག་གི་ཐད་ནས“孔乙己睁大眼睛说,你怎么这样凭空污人清白……”ཞེས་པ་སྤྱིར་བཏང་ཚིག་ངོས་ལྟར“ཁུང་ཡིས་ཅིས་མིག་གཉིས་ཆེར་བགྲད་ནས་ཁྱོད་ཀྱིས་འདི་ལྟར་ཉེས་མེད་ཉེས་འདོགས་བྱ་དོན་ཅི……”ཟེར། ཞེས་པར་བསྒྱུར་ཚེ། ཚིག་སྦྱོར་མི་བདེ་རྒྱུ་མེད་ཀྱང་སྒྱུར་མཁན་ལོ་ཙཱ་བས་དེ་ལྟར་བསྒྱུར་ན་འགྱུར་ལེགས་པོ་ཞིག་འཁྱོངས་མི་འདུག་བསམས་ནས། བོད་མི་རང་གི་སྐད་ཆའི་གཏན་ཚིགས་དང་མཐུན་པའི་སྒོ་ནས“ཁུང་ཡིས་ཅིས་མིག་གཉིས་ཆེར་བགྲད་ནས་ཁྱོད་ཀྱིས་འདི་ལྟར་མི་དཀར་པོར་ཞྭ་ནག་པོ་བསྐོན་དོན་ཅི……”ཟེར། ཞེས་བསྒྱུར་བས། མ་ཡིག་ཧྲིལ་པོའི་སྐད་དོན་དང་སྐད་ཉམས་ཀྱི་མཚོན་སྟངས་དེ་ཡོངས་སུ་བོད་མིའི་ངག་སྲོལ་དུ་དྲངས་པར་མ་ཟད། མ་ཡིག་གི་དགོངས་པ་དང་ཡང་གཞར་ནས་མི་འགལ་བ་ཡིན། དེ་བཞིན་དུ། “君子固穷”ཞེས་པ་ལ། སྐྱེ་བོ་དམ་པ་རྒུད་གྱུར་ཀྱང་། །རང་བཞིན་བཟང་བོ་ག་ལ་འདོར། །ཞེས་བོད་རང་གི་མི་རིགས་ཀྱི་ཡིག་སྲོལ་དུ་གཏན་ཆགས་སུ་གྱུར་པའི་ལེགས་བཤད་ཀྱི་རྩོམ་སྟངས་སྤྱད་པས་ཁ་ལ་བདེ་ཞིང་ངག་ལ་འབབ།

        སྒྱུར་མཁན་ལོ་ཙཱ་བས་ཀློག་པ་པོར་དུས་དང་རྣམ་པ་ཀུན་ཏུ་རྩིས་མཐོང་བྱེད་པ་ནི་རྩོམ་གྱི་འགབ་ཏུ་བཀོད་པའི་ཞབས་མཆན་ལས་ཀྱང་གསལ་བོར་རྟོགས་ཐུབ་སྟེ། ལོ་ཙཱ་བས་དམིགས་བསལ་གྱི་རིག་གནས་མིང་བརྡ་དང་གོ་བ་ལེན་ཁག་པའི་ཚིག་དུམ་གྱི་གཤམ་དུ་ཞབས་མཆན་བཅུ་གཉིས་ལྷག་བཀོད་འདུག་པས། འགྱུར་ཡིག་ཀློག་པ་པོས་ཞབས་མཆན་བརྒྱུད་དེ་གཅིག་ནས་འགྱུར་ཡིག་གི་གོ་དོན་རྟོགས་ཐུབ་ལ། གཉིས་ནས་སྐབས་ཐོག་དེའི་རྒྱའི་རིག་གནས་ཀྱི་སྣང་ཚུལ་ཡང་ཤེས་ཐུབ་བོ། །


 གཉིས་པ། གཏན་ཚིགས་དོན་སྤྱིའི་ཐད་ཀྱི་དོ་མཉམ་བརྗེ་སྒྱུར་ཁོ་ན་ལ་མ་བསྙེགས་པ།

        གོང་ནས་བསྟན་པ་བཞིན་ལོ་ཙཱ་བ་གང་ཞིག་གིས་མི་རིགས་རང་གི་ཀློག་པ་པོ་གཙིགས་ཆེན་དུ་བཟུང་ཚེ་ལོ་ཙཱའི་ཐབས་ཇུས་ཀྱི་ཐད་ནས་ངེས་པར་དུ་རང་འགྱུར་ལ་གཞོལ་དགོས་པ་ཡིན། དེས་ན་ཐ་སྙད་ཀྱི་ལོ་ཙཱའི་ཐད་ནས་ཤན་སྦྱར་མིང་མཛོད་ཀྱི་དོན་འགྲེལ་ཁོ་ན་ལ་སྙེག་མི་རུང་བར་སྐབས་བསྟུན་སྒོས་ཐབས་ཤེས་གང་ལ་གང་འགབ་དེ་ལ་དེ་འཚམ་དུ་སྤྱོད་རུང་བས། འགྱུར་འདིའི་ལོ་ཙཱ་བས་ཀྱང大柜台、中秋、粉板སོགས་མ་གཞིར་ཚོང་སྒྲོམ་ཆེན་མོ་དང་བརྒྱད་པའི་བཅོ་ལྔ། སྒོ་སམ་སོགས་སུ་བསྒྱུར་ཡོད་རུང་། མི་རིགས་རང་གི་སྐད་སྲོལ་དང་ཡོངས་སུ་མཐུན་ཆེད་དུ། སྟེགས་སྒྲོམ་ཆེན་མོ་དང་བརྒྱད་པའི་ཉ། སམ་ཊ་སོགས་སུ་བསྒྱུར་ཡོད། དེ་ཡང་ལོ་ཙཱ་བ་དག་གིས་སྒྱུར་བྱེད་སྐད་ཀྱི་རྗོད་པ་སྙན་ཞིང་བདེ་བ་ཞིག་ཡོང་བའི་དགོས་མཁོར་བསྟུན་ཏེ། འགྱུར་ཡིག་ཁྲོད་དུ་མི་རིགས་རང་གི་སྐད་བརྡ་རིག་གནས་ཀྱི་གྲུབ་རྒྱུ་སྤྱད་ནས་མ་ཡིག་གི་རིག་གནས་མཚོན་སྟངས་ཡོངས་སུ་བསྒྲིབས་པར་བྱེད་པའི་གནད་དོན་འབྱུང་སྲིད་པ་ཡིན་མོད། འགྱུར་འདིའི་ལོ་ཙཱ་བ་ནི་རྒྱ་བོད་སྐད་རིགས་གཉིས་ཀར་བྱང་ཆུབ་ཅིང་ནང་སྒོས་སུ་བོད་ཀྱི་རིག་པའི་གནས་ལ་ནང་བྱན་ཆུད་པ་ཞིག་ཡིན་སྟབས། བསྒྱུར་བའི་ལས་དངོས་ལ་ཞུགས་སྐབས་ཀྱང་རང་འགྱུར་གཞན་འགྱུར་གྱི་ཚད་དང་ཚོད་ཟིན་པའི་སྒོ་ནས་ཐབས་ཇུས་སྤྱད་ཡོད་དེ། དཔེར་ན། “窃书不能算偷……”ཞེས་པ་ལ“དཔེ་ཆ་མ་བྱིན་པར་བླངས་པ་ནི་བརྐུས་པ་མ་ཡིན……”ཞེས། བོད་རང་གི་རིག་གནས་གྲུབ་རྐྱེན“མ་བྱིན་པར་ལེན་པ”ཞེས་པ་ཙེ་གུར་བཅོས་ནས་མ་བྱིན་པར་བླངས་ཞེས་སྦྱར་བས། གཏན་ཚིགས་དོན་སྤྱིའི་ཐད་ཀྱི་དོ་མཉམ་བརྗེ་སྒྱུར་ཁོ་ན་ལ་མ་བསྙེགས་པར་ཚིག་གི་གོང་འོག་གི་དོན་ལ་བསྟུན་ཏེ་སྐབས་བསྟུན་གྱིས་བསྒྱུར་ཡོད་ལ། དེ་བཞིན“他对人说话,总是满口之乎者也,教人半懂不懂的。”ཞེས་པ་ལ། ཁོས་མི་གཞན་ལ་སྐད་ཆ་བཤད་ན་ཐོག་མཐའ་ཀུན་ཏུ་ཇི་སྟེ། ཇི་སྐད་དུ། འདི་ཀོ །མད་དོ། །ཞེས་པ་ལྟ་བུའི་ཡིག་སྐད་དུ་མས་གང་བས་མི་རྣམས་ཀྱིས་དེ་འདྲ་གོ་བདེ་བ་ཞིག་མིན་ཞེས་པར་བསྒྱུར་བ་ལས་ཀྱང་གསལ་ལོ། །


 གསུམ་པ། རྣམ་པའི་འདྲ་བ་དང་ཉམས་ཀྱི་འདྲ་བ་གཉིས་རྩོད་སྒྲུབ་གཅིག་གྱུར་དུ་མངོན་པ།

        དེ་ཡང་མིང་དུ་གྲགས་པའི་ལོ་ཙཱ་བ་ཧྥུ་ལེ(傅雷)ལགས་ཀྱིས“ཉམས་ཀྱི་འདྲ་བ་གཙིགས་པ་ལས་རྣམ་པའི་འདྲ་བ་མི་གཙིགས(重神似不重形似)”ཞེས་པའི་ལེགས་བཤད་གྲགས་ཅན་ཞིག་གསུངས་མྱོང་ཞིང་དེ་ནི་ཉམས་མཚུངས་སྨྲ་བ(神似论)ཡིན། དེ་ནི་ལོ་ཙཱའི་སྡེ་རུ་གྲགས་ཆེ་བ་ཞིག་ཡིན་པར་མ་ཟད་རིག་རྩལ་གྱི་སྡེ་ཧྲིལ་པོ་ན་ཡང་གྲགས་པ་ཆེན་པོ་འབར་ཡོད། དེ་ཡང་སྐུ་ཞབས་ལུའོ་ཞིན་ཀྲང(罗新章)གིས་ར་སྤྲོད་བྱས་པ་ལྟར་ན། ཉམས་ཀྱི་འདྲ་བ་ནི་ཆེས་ཐོག་མར་མཛེས་རིག་གི་བླང་བྱ་མཐོན་པོ་ཞིག་ཡིན་ཞིང་། ཕྱིས་སོར་རིམ་བཞིན་རི་མོ་ཡི་ཚད་གཞི་མཐོ་ཤོས་སུ་གྱུར། མཇུག་མཐར་རི་མོ་དང་ལོ་ཙཱ་གཉིས་ཀའི་འདྲ་མཚུངས་ཀྱི་ཆ་ལ་བརྟེན་ནས་ལོ་ཙཱའི་སྡེ་རུ་ལོ་ཙཱའི་ཚད་གཞིར་བཟུང་བ་ཡིན་ཟེར། དེ་ལས་ལོ་ཙཱ་ལ་རིམ་པ་གསུམ་ལྡན་པ་རྟོགས་ཐུབ་སྟེ། རྣམ་པའི་འདྲ་བ(形似)དང་དོན་གྱི་འདྲ་བ(意似)། ཉམས་ཀྱི་འདྲ་བ(神似)བཅས་སོ། །དེ་ཡང་འདི་གསུམ་གྱི་འབྲེལ་བ་གསལ་ལེར་རྟོགས་དགོས་ན་གཤམ་གྱི་སྤྱི་འགྲོས་ལས་གསལ་ཏེ།


 མིང་བསྒྱུར་བ། 1+1=1(རྣམ་པ་འདྲ་བ་ལས་དོན་མི་འདྲ།)

 དོན་བསྒྱུར་བ། 1+1=2(དོན་འདྲ་བ།)

 རོ་ཉམས་བསྒྱུར་བ།1+1=3(ཉམས་འདྲ་བ།)

         གོང་གསལ་བཞིན་ཚན་རིག་གི་ཞིབ་འཇུག་བྱ་ཡུལ་ནི1+1=2དང3-2=1ཡིན་ཡང་། སྒྱུ་རྩལ་གྱི་ཞིབ་འཇུག་བྱ་ཡུལ་ནི1+1=3དང3-2=2ཡིན། དེ་ཡང་རྩོམ་རིག་ལོ་ཙཱ་ནི་མིང་བསྒྱུར་བ་ཙམ་མིན་པར་དོན་ཡང་བསྒྱུར་དགོས་ཤིང་། དོན་བསྒྱུར་བ་ཙམ་ཡང་མིན་པར་ཉམས་ཡང་བསྒྱུར་དགོས་པ་ཡིན། གལ་སྲིད་མིང་བསྒྱུར་བ་ལས་དོན་མ་བསྒྱུར་ཚེ་བསྒྱུར་བྱའི་ཕྱེད་ཀ་ཙམ་ཞིག་ལོ་ཙཱ་བྱས་པ་ཡིན་པས་གཅིག་གི་སྟེང་ལ་གཅིག་བསྣན་ན་སྔར་བཞིན་གཅིག་ཡིན། གལ་སྲིད་མ་ཡིག་གི་ནང་དོན་ལོ་ཙཱ་བྱས་ན་གཞི་ནས་གཅིག་གི་སྟེང་ལ་གཅིག་བསྣན་ན་གཉིས་ཡིན། གལ་སྲིད་མ་རྩོམ་གྱི་ནང་དོན་བརྒྱུད་སྤྲོད་བྱས་པའི་ཁར། ཡིག་ངོས་ན་མེད་པའི་ཉམས་ཡང་བརྒྱུད་སྤྲོད་ཐུབ་ན་གཅིག་གི་སྟེང་ལ་གཅིག་བསྣན་ན་གསུམ་དུ་འགྱུར་བ་ལྟར་ཡིན། དེ་ལས་ལྡོག་སྟེ་དོན་བསྒྱུར་བ་ལས་མིང་མ་བསྒྱུར་ན། གསུམ་ལས་གཉིས་ཕྲི་ན་གཉིས་སྲིད་ཅིང་། གལ་སྲིད་ད་དུང་ཉམས་ཡང་བསྒྱུར་བ་ཡིན་ཚེ་དེ་ནི་ཐ་ན་གསུམ་ལས་གཉིས་ཕྲི་ཡང་གསུམ་ཡིན། བྱེ་བྲག་གི་དཔེ་དང་སྦྱར་ནས་བཤད་ན།他不回答,对柜里说,“温两碗酒,要一碟茴香豆。”便排出九文大钱。他们又故意的高声嚷道,“你一定又偷了人家的东西了!”孔乙己睁大眼睛说,“你怎么这样凭空污人清白……”ཞེས་པར་འདི་ལྟར་ཉམས་དང་བཅས་བསྒྱུར་འདུག་སྟེ། ཁོས་ལན་མི་འདེབས་པར་སྟེགས་སྒམ་གྱི་མདུན་ནས་ནང་ལ“ཆང་བསྲོས་མ་དཀར་ཡོལ་དོ་དང་གོ་སྙོད་བསྲེས་པའི་སྲན་མ་སྡེར་གང་ཁྱེར་ཤོག”ཟེར་བཞིན་དོང་ཙེ་དགུ་ཕྱིར་བླངས་ནས་ལག་མཐིལ་དུ་བསྟར་བ་ན། ཁོ་ཚོས་བསམ་བཞིན་དུ“ཁྱོད་ཀྱིས་ཡང་བསྐྱར་གཞན་གྱི་དངོས་པོ་བརྐུས་ཐག་ཆོད་རེད”ཅེས་སྐད་ཅོར་བརྒྱབ་པས། ཁུང་ཡིས་ཅིས་མིག་གཉིས་ཆེར་བགྲད་ནས“ཁྱོད་ཀྱིས་འདི་ལྟར་མི་དཀར་པོར་ཞྭ་ནག་པོ་བསྐོན་དོན་ཅི་ཡིན……”ཟེར། ཞེས་པ་ལྟ་བུའོ། །

        མ་ཡིག་དང་འགྱུར་ཡིག་གང་ལས་བལྟས་ཀྱང་། སྐབས་འདིའི་བསྟར་ཞེས་པ་ཡིས་ཁུང་ཡིས་ཅི་ཁོ་རང་གི་སྐབས་དེའི་སེམས་ཁམས་དང་འཚོ་བའི་གནས་སྟངས།ཡིད་ཀྱི་འགྱུར་བ་སོགས་གཟུགས་ཅན་དུ་མཚོན་པར་བྱས་འདུག་ལ། ཀློག་མཁན་སུ་ཞིག་གིས་བལྟས་ཀྱང་གསོན་ཉམས་ལྡན་པས། དོན་གྱི་འདྲ་མཚུངས་སྙེག་པའི་ཁར་ཉམས་ཀྱི་འདྲ་མཚུངས་ལྷག་ཏུ་མངོན་ཞིང་། ཉམས་ཀྱི་འདྲ་མཚུངས་སྨྲ་བའི་དགོངས་པ་དང་ཡང་ཡོངས་སུ་མཐུན་ལ། རྩོམ་རིག་ནི1+1=3ཡིན་པའི་འདོད་ཚུལ་ཡང་ངང་གིས་སྐྱེས་ཡོང་། དེ་བཞིན་དུ།这一回,是自己发昏,竟偷到丁举人家里去了。ཞེས་པ་ལ། ད་ཐེངས་ཁོས་ཅུང་རེན་ཏིང་ལགས་ཀྱི་ཁྱིམ་ལ་བརྐུས་བྱས་པ་རེད་ཅེས་དང་། 孔乙己便涨红了脸,额上的青筋条条绽出ཞེས་པ་ལ། ཁུང་ཡིས་ཅིས་གདོང་དམར་པོར་གྱུར་ཅིང་རྐེ་རྩ་འབུར་དུ་ཐོན་ཏེ་ཞེས་པར། སྔ་མའི་མ་ཡིག་ཁྲོད་ཀྱི“是自己发昏”ཞེས་པའི་ཚིག་དེ་བསྒྱུར་མེད་ཀྱང་ཚིག་ཡོངས་ཀྱི་ཆ་ནས་གོ་བ་ལོག་ཉེན་དང་ཡང་ན་ཆ་ཚང་མིན་པའི་རྐྱེན་ཙམ་ཡང་མི་འབྱུང་བར་འཕྲི་སྒྱུར་བྱས་ཡོད་པ་དང་། ཕྱི་མས་མི་རིགས་སོ་སོའི་སྐད་སྲོལ་དང་བསྟུན་ནས་བཤད་སྟངས་བརྗེ་བ་དེ་ནི་གྲངས་རིག་གི་སྤྱི་འགྲོས་ལས་མཚོན་པའི་གཤམ་གསལ་སྤྱི་འགྲོས་ཏེ།

 མིང་འཕྲི་བ། 2-1=2

 མིང་བརྗེ་བ། 2+2=3+1

 མིང་སྣོན་པ། 2+2=4

 མིང་སྤོར་བ།1+2=2+1

        ཞེས་པ་ལས་མིང་འཕྲི་བའི་ཐབས་ཏེ་གཉིས་ལས་གཅིག་ཕྲི་ཡང་གཉིས་ཡིན་པ་སྟེ་མིང་ཕྲི་ཡང་དོན་མི་ཕྲི་བ་དང་། མིང་བརྗེ་བའི་ཐབས་ཏེ་མ་ཡིག་ཏུ་གཉིས་ལ་གཉིས་བསྣན་ཟེར་བ་དང་འགྱུར་ཡིག་ཏུ་གསུམ་ལ་གཅིག་བསྣན་ཟེར་བ་ཡི་སྤྱིའི་བསྡོམས་གྲངས་མི་འགྱུར་བ་སྟེ་མིང་བརྗེ་ཡང་དོན་མི་བརྗེ་བའི་གཞུང་ལུགས་དང་ཡོངས་སུ་ཁ་འཕྲོད་པ་ཡིན་ནོ། །


 ཟུར་ལྟའི་དཔྱད་གཞི།


 1.周仪,罗平.翻译与批评[M].湖北:湖北教育出版社,2005.

 2. 刘宓庆.文体与翻译[M].中国对外翻译出版公司,2007.

 3. 许钧,穆雷编.翻译学概论[M].南京:译林出版社,2009.

 4. 刘宓庆.翻译美学导论[M].北京:中国对外翻译出版公司,2012.

 5. 王东风.英汉名译赏析[M].北京:外语教学与研究出版社,2016.

 6.许渊冲.翻译的艺术[M].北京:五洲传播出版社,2018.

 7. 蓝红军.译学方法论研究[M].北京:外语教学与研究出版社,2019


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1