ཞི་ཅིན་ཕིང་དང་ཨ་ཀེན་ཐིན་གྱི་ཙུང་ཐུང་ཧྥེར་ནན་ཏེ་སི་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨ་ཀེན་ཐིན་གྱི་མི་ཆོས་རིག་གནས་སྤེལ་རེས་མཐོ་རིམ་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 09-30



         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་28ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་ཀེན་ཐིན་གྱི་ཙུང་ཐུང་ཧྥེར་ནན་ཏེ་སི་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨ་ཀེན་ཐིན་གྱི་མི་ཆོས་རིག་གནས་སྤེལ་རེས་མཐོ་རིམ་གླེང་སྟེགས་ལ་ཁག་སོ་སོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

        ཞི་ཅིན་ཕིང་གིས་བསྟན་གནང་དོན། ཀྲུང་གོ་དང་ཨ་ཀེན་ཐིན་རྒྱལ་ཁབ་གཉིས་པོ་ནི་གྲོགས་པོ་ཡག་པོ་དང་རོགས་ཟླ་ཡག་པོ་ཞིག་རེད། འདི་ལོ་ནི་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བའི་ལོ་ཞིག་རེད་ལ། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་མཉམ་ལས་ལོ་ཡང་རེད། དུས་རབས་ཕྱེད་ཀ་ལྷག་ཙམ་ཚུན་དུ། རྒྱལ་ཁབ་གཉིས་པོའི་འབྲེལ་བར་རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་བའི་ཚོད་བགམ་ཐེགས་ནས་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་ཀྱི་མིག་དཔེར་གྱུར་ཡོད། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཕྱོགས་ཡོངས་དང་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་ནི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བ་དབྱར་མཚོ་རྒྱས་པ་ལྟར་གསོན་ཤུགས་འཕེལ་བའི་མཚོན་ཚུལ་ཞིག་རེད། ཚོགས་ཞུགས་སྐུ་མགྲོན་ཚོས་བློ་བསྡུས་དགེ་འཚོལ་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་གྱིས་ཀྲུང་ཨའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ལེའུ་གསར་པ་རྩོམ་པ་དང་དུས་རབས་གསར་པའི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་འདུས་གྲུབ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད།

        ཧྥེར་ནན་ཏེ་སིས་རྟེན་འབྲེལ་འཕྲིན་ཡིག་ནང་གསུངས་དོན། ཨ་ཀྲུང་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་དུས་རབས་ཕྱེད་ཀ་ཙམ་བསྐྱོད་ཡོད་པས། ཕྱོགས་གཉིས་པོར་འཕེལ་རྒྱས་ཀྱི་ཆུ་ཚད་དེ་བས་མཐོ་བའི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡོང་བར་ཡིད་ཆེས་བརྟན་པོ་ཡོད། རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་གྱི་གྲུབ་འབྲས་གཟེངས་སུ་ཐོབ་པའི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ཕན་ཚུན་རྒྱུས་མངའ་ལོན་རྒྱུར་སྐུལ་འདེད་ཐེབས་ཡོད། ཕྱོགས་གཉིས་པོས་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ནུས་ཤུགས་ཕྲན་བུ་འདོན་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་འཛམ་གླིང་ཞི་བདེ་འཕེལ་རྒྱས་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།

        ཀྲུང་གོ་དང་ཨ་ཀེན་ཐིན་གྱི་མི་ཆོས་རིག་གནས་སྤེལ་རེས་མཐོ་རིམ་གླེང་སྟེགས་དེ་ཟླ་9ཚེས་28ཉིན་པེ་ཅིང་དུ་གཉེར་བ་དང་། བརྗོད་དོན་གཙོ་བོ་ནི“སྨྱན་སྦྱོར་སྤེལ་རེས་བྱེད་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་མི་དམངས་ལ་བདེ་སྐྱིད་དོན་གཉེར་བྱེད་པ”དེ་ཡིན་ཞིང་། ཀྲུང་གོ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཨ་ཀེན་ཐིན་སྤྱི་པའི་སྨྱན་སྦྱོར་རྒྱལ་དོན་དྲུང་ཡིག་གཞུང་ལས་ཁང་གིས་མཉམ་དུ་གཉེར་བ་ཞིག་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1