གླུ་ཐ་ལ་ལ་མོ་ཐ་ལ་ལེན། །
གླུ་ཨ་ལ་ལ་མོ་ཨ་ལ་རེད། །
ལམ་འདི་ན་འདུག་པའི་བན་རྒན་ཁྱོད། །
ཁྱོད་མགོ་ཆགས་ཡིན་ན་ཡར་ལ་ལོངས། །
རྐང་ཆག་ཡིན་ན་འཕྲེད་ལ་བཤོལ། །
རྐེན་ཆག་ཡིན་ན་མར་ལ་བཟུར། །
ང་གུར་དཀར་རྒྱལ་པོའི་བུ་མོ་ཡིན། །
སྔར་མ་མཐོང་དགུན་དཔྱིད་སེར་དྲག་བབས། །
ཡབ་གུར་དཀར་རྒྱལ་པོའི་གསོལ་ཆུ་ཆད། །
དུས་དེ་རིང་ཉི་འོད་འཁྱིལ་ལེར་མཐོང་། །
ཆུ་ལེན་པར་གསེར་ཟོམ་ཁུར་ནས་འོངས། །
ངས་མངར་གསུམ་རོགས་ལ་གང་གཏོར་བ། །
ཁྱོད་ཁ་ནང་སོང་ཚད་ཚུར་ལ་བྱིན། །
ངེད་བུ་མོ་ཚོ་ལ་ལམ་ཞིག་ཐོངས་ཟེར་བ་དང་།
བླ་མས་གླུ་འདི་བླངས་སོ། །
གླུ་ཐ་ལ་ལ་མོ་ཐ་ལ་ལེན། །
གླུ་ཨ་ལ་ལ་མོ་ཨ་ལ་རེད། །
ང་ཚེ་ལ་དགུ་བཅུ་གོ་དགུ་ཡིན། །
དབུས་ཇོ་བོའི་གསེར་ཞལ་མཇལ་དུ་འགྲོ། །
ང་ལམ་ཁ་ཧོར་ལ་བརྒྱུད་ནས་ཡོང་། །
མཐོང་མ་མྱོང་སེར་ཐན་འདི་འདྲ་བབས། །
ངའི་མགོ་རྐེད་རྐང་པ་གསུམ་པོ་བཅག །
ལངས་བསམས་ན་མགོ་བོས་མི་ཐེག་གོ །
འགྲོ་བསམས་ནས་རྐང་པས་མི་ཚུགས་སོ། །
བཤོལ་བསམས་ན་རྐེད་པས་མི་འཁྱོག་གི །
ངའི་ཁ་ལ་སོང་བའི་མངར་གསུམ་དེ། །
ཁྱོད་བུ་མོ་བརྒྱགས་པས་འཕེན་ཉེས་བྱས། །
ལེན་འདོད་ན་ཁྱོད་ཚོས་ལོངས་ལ་སོང་། །
སྐྱུར་འདོད་ན་ཁྱོད་ཚོས་གང་འཐད་གྱིས། །
ཁྱོད་བྲེལ་བྲེལ་འདྲ་ན་འགོམས་ལ་སོང་། །
ཁྱོད་དལ་དལ་འདྲ་ན་སྐོར་ལ་སོང་གསུངས་པར།