ཞི་ཅིན་ཕིང་གིས་ཧྲའན་ཤིས་ཡན་ཨན་དང་ཧོ་ནན་ཨན་དབྱང་དུ་རྟོག་ཞིབ་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-01


ཞི་ཅིན་ཕིང་གིས་ཧྲའན་ཤིས་ཡན་ཨན་དང་ཧོ་ནན་ཨན་དབྱང་དུ་རྟོག་ཞིབ་གནང་སྐབས། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་ནན་བཤད་གནང་བ། 

 

ཟླ་10ཚེས་26ནས་28ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲའན་ཤིས་ཞིང་ཆེན་ཡན་ཨན་གྲོང་ཁྱེར་དང་ཧོ་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་26ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་གིས་ཡན་ཨན་གྲོང་ཁྱེར་ཨན་སའེ་ཆུས་ཀའོ་ཆའོ་གྲོང་རྡལ་ནན་ཀོའུ་གྲོང་ཚོའི་ཀུ་ཤུ་ལྡུམ་རའི་ནང་ཡུལ་མི་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ། 


        

    ཏིང་ཤུའེ་ཞང་རྟོག་ཞིབ་གནང་སྐབས་ལྷན་དུ་ཕེབས་པ།

    ཤིན་ཧྭ་གསར་འགྱུར་ཁང་ཧྲའན་ཤིས་ཡན་ཨན་དང་ཧོ་ནན་ཨན་དབྱང་ནས་ཟླ་10ཚེས་28ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲའན་ཤིས་ཞིང་ཆེན་ཡན་ཨན་གྲོང་ཁྱེར་དང་ཧོ་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་ཀྱི་ལས་འགན་སྔར་བཞིན་གྲོང་གསེབ་ཏུ་གནས་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཡན་ཨན་གྱི་སྙིང་སྟོབས་དང་དར་དམར་ཆུ་ཡུར་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཏིང་ཤུའེ་ཞང་རྟོག་ཞིབ་གནང་སྐབས་ལྷན་དུ་ཕེབས་པ་རེད།

    ཟླ་10ཚེས་26ནས་28ཉིན་བར། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཧྲའན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་ལིའུ་གོ་ཀྲུང་དང་། ཧྲེང་ཀྲང་ཀྲའོ་དབྱི་ཏེ། ཧོ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ལོའུ་དབྱང་ཧྲེང་། ཧྲེང་ཀྲང་ཝང་ཁའེ་བཅས་ཀྱི་ཕེབས་རོགས་འོག་ཧྲའན་ཤིས་ཡན་ཨན་གྲོང་ཁྱེར་དང་ཧོ་ནན་ཨན་དབྱང་གྲོང་ཁྱེར་གྱི་གྲོང་གསེབ་དང་། སློབ་གྲྭ གསར་བརྗེའི་སློབ་གསོའི་རྟེན་གཞི། རིག་དངོས་སྲུང་སྐྱོབ་ཚན་པ་སོགས་སུ་བརྟག་ཞིབ་གནང་བ་རེད།

    ཡན་ཨན་ནི་གསར་བརྗེའི་གནས་རྙིང་ཡིན་ལ་དེ་སྔ་དབུལ་པོ་དབུལ་ནག་གི་ས་ཁུལ་ཡང་ཡིན། ཞི་ཅིན་ཕིང་གིས་སྔར་ནས་བཟུང་ཧྲའན་པེའི་ཡུལ་མི་རྣམས་ཐུགས་ལ་བཅངས་གནང་གི་ཡོད། 2015ལོའི་ཟླ་2པར་ཞི་ཅིན་ཕིང་གིས་ཡན་ཨན་དུ་ཧྲའན་ཀན་ཉིང་གསར་བརྗེའི་གནས་རྙིང་གི་དབུལ་སྒྲོལ་ཕྱུག་འགྱུར་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ནས་ས་གནས་དེ་གའི་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད།

   ཏང་གི་ཚོགས་ཆེན་ཉི་ཤུ་པ་གྲོལ་རྗེས། ཞི་ཅིན་ཕིང་ཕྱི་ཕྱོགས་སུ་རྟོག་ཞིབ་ཏུ་ཕེབས་ཐེངས་དང་པོ་དེ་ཡན་ཨན་དུ་ཕེབས་ནས་ཡུལ་མི་རྣམས་དབུལ་སྒྲོལ་བྱུང་རྗེས་ཀྱི་འཚོ་བ་གང་འདྲ་ཡོད་པ་དང་། ད་དུང་དཀའ་ངལ་ཅི་ཞིག་ཡོད་པ། གྲོང་གསེབ་དར་རྒྱས་ཇི་ལྟར་བཏང་མིན་བཅས་ལ་གཟིགས་པ་རེད།

    ཚེས་26ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་མེ་འཁོར་ནས་བབས་མ་ཐག་རླངས་འཁོར་ལ་བཞུགས་ཏེ་ཡན་ཨན་གྲོང་ཁྱེར་ཨན་སའེ་ཆུས་ཀའོ་ཆའོ་གྲོང་རྡལ་ནན་ཀོའུ་གྲོང་ཚོར་ཕེབས་པ་རེད། འབྲས་ལྡན་དུས་སུ་རི་གྲོང་གི་ཀུ་ཤུའི་ལྡུམ་རར་འབྲས་བུའི་ཁུར་གྱིས་མགོ་བོ་དུད་ནས་ལོ་ལེགས་ཀྱི་རྣམ་པས་ཁེངས་ཡོད། ཞི་ཅིན་ཕིང་ཤིང་འབྲས་ལྡུམ་རར་ཕེབས་ཏེ་ཤིང་འབྲས་འཐུ་མཁན་ས་ནས་འདི་ལོའི་ཀུ་ཤུའི་ཐོན་འབབ་མཁྱེན་རྟོགས་གནང་བ་དང་། ཡུལ་མི་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་མ་ཟད། ཀུ་ཤུ་ཆེན་པོ་དམར་རྐྱང་ཞིག་ཀྱང་བཀོག་གནང་བ་རེད། ཞི་ཅིན་ཕིང་གིས་ཀུ་ཤུའི་འདེབས་འཛུགས་ལག་རྩལ་དང་། འཐུ་ཐབས། སྣ་ཁ་དང་སྤུས་ཀ བྲིན་ཚོང་རིན་གོང་། གྲོང་མིའི་ཡོང་འབབ་བཅས་དང་དེ་བཞིན་ཀུ་ཤུ་འདེབས་འཛུགས་དང་ཐོན་ལས་གཞན་དག་འཕེལ་རྒྱས་ཇི་ལྟར་བཏང་ཡོད་ལུགས་སོགས་བཀའ་འདྲི་ཞིབ་ཕྲ་གནང་བར། ཡུལ་མི་ཚོས་རེ་རེ་བཞིན་ལན་བརྒྱབ་པ་རེད། ཞི་ཅིན་ཕིང་གིས་ཞིང་ཆུ་འདྲེན་པ་དང་ཆུ་སྤྱོད་ཐད་ཀྱི་གནད་དོན་ལ་དོ་ཁུར་ཆེན་པོ་གནང་གི་ཡོད། ཡུལ་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅིར་ཁོང་ཚོས་ཆུ་རགས་རྒྱག་པ་དང་། ཐིགས་ཆུ་གཏོང་བ། དོ་དམ་ཞིབ་ཚགས་བྱེད་པ་བཅས་ལ་བརྟེན་པས། ཆུ་སྤྱོད་དང་ཞིང་ཆུ་འདྲེན་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད་ཅེས་ཞུས་པ་རེད། ཞི་ཅིན་ཕིང་གིས་དེ་ནི་ཞིང་ལས་དེང་རབས་ཅན་ཡིན་པས་ཁྱེད་ཚོར་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་འཚམ་པོ་ཞིག་རྙེད་འདུག་ཅེས་བསྔགས་བརྗོད་གནང་བ་རེད།

    ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་ནི་མི་དམངས་ཀྱི་ཏང་ཞིག་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཏང་ཞིག་རེད། གུང་ཁྲན་ཏང་གིས་སྲིད་བསྐྱངས་ན་གཙོ་བོ་མི་སེར་གྱི་ཆེད་དུ་བྱ་བ་སྒྲུབ་པ་དང་བྱ་བ་ཡག་པོ་སྒྲུབ་དགོས་ངེས་རེད། སྟོང་གཏམ་གྱིས་རྒྱལ་དོན་འཕྱུག དོན་དམ་གྱིས་རྒྱལ་ཁབ་དར། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་ནན་ཏན་བྱེད་པ་དང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། དམངས་ཕྱུག་སྲིད་ཇུས་རེ་རེ་བཞིན་དོན་འཁྱོལ་ཡག་པོ་བྱེད་པ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཡུལ་མི་ཚོའི་འཚོ་བ་ཇེ་ལེགས་སུ་འགྱུར་ཐབས་བྱེད་དགོས་ཞེས་གསུངས་པས་ཡུལ་མི་ཚོས་དགའ་བསུ་ཚད་མེད་ཞུས་པ་རེད།

   ཚེས་28ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་ཧོ་ནན་ཨན་དབྱང་ལིན་ཀྲོའུ་གྲོང་ཁྱེར་གྱི་དར་དམར་ཆུ་ཡུར་དྲན་གསོ་ཁང་དུ་ཕེབས་ཤིང་། དུས་རབས་གོང་མའི་ལོ་རབས་60པར་ས་གནས་དེ་གའི་མི་དམངས་ཀྱིས་གནམ་ཆུ་རྐྱང་རྐྱང་སྒུག་ནས་སྡོད་པའི་འཚོ་གནས་ཁོར་ཡུག་ལ་འགྱུར་ལྡོག་གཏོང་ཆེད། ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཐའེ་ཧང་རི་བོའི་རི་རྐེད་དུ་ཀྲུའོ་ཀྲང་ཆུ་བོ་ལིན་རྫོང་དུ་འདྲེན་པའི་ཆུ་བེད་ལས་གྲྭ་བསྐྲུན་པར“མིས་བཟོས་གཙང་པོ”ཞེས་བརྗོད་ཀྱི་ཡོད།

   ཞི་ཅིན་ཕིང་གིས་དར་དམར་ཆུ་ཡུར་གྱི་སྙིང་སྟོབས་དང་ཡན་ཨན་གྱི་སྙིང་སྟོབས་ནི་གཅིག་རྒྱུན་གཅིག་འཛིན་དང་ཀྲུང་ཧྭ་མི་རིགས་ཀྱི་བསུབ་ཐབས་མེད་པའི་ལོ་རྒྱུས་ཀྱི་དྲན་ཤེས་ཤིག་ཡིན་པས་མི་སེམས་ལ་ནམ་ཡང་གཡོ་འགུལ་ཐེབས་ཐུབ། ན་གཞོན་མི་རབས་ཚོས་དཀའ་སྤྱད་སྙིང་རུས་དང་། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་བརྩོན་བཅས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ང་རྒྱལ་རང་རློམ་དང་སྐྱིད་པོ་ལང་ཤོར་གྱི་སྤྱོད་ངན་དོར་ནས་ང་ཚོའི་རྒན་རབས་ཚོ་དང་འདྲ་བར་ལང་ཚོའི་གཟི་དཔལ་ལོ་རྒྱུས་ཀྱི་རྡོ་རིང་ཐོག་འགོད་དགོས། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུ་དེའང་མི་རབས་གཉིས་ཀྱི་བྱ་བ་ཞིག་ཡིན། ང་ཚོ་དུས་སྐབས་འདི་དང་ཏག་ཏག་འཁེལ་བས་ཆུད་ཟོས་སུ་མི་གཏོང་བར་ང་ཚོའི་མི་རབས་འདིའི་ལེགས་སྐྱེས་འབུལ་དགོས། དར་དམར་ཆུ་ཡུར་གྱི་སྙིང་སྟོབས་ནམ་ཡང་གནས་ངེས་རེད་ཅེས་ནན་བཤད་གནང་བ་རེད།

    ཚེས་28ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཨན་དབྱང་གྲོང་ཁྱེར་ནུབ་བྱང་འདབས་ཀྱི་ཧོན་ཧོ་ཆུ་བོའི་ལྷོ་བྱང་ངོགས་གཉིས་སུ་གནས་པའི་དབྱིན་ཞུའེ་གནའ་ཤུལ་ལ་རྟོག་ཞིབ་གནང་ཞིང་། ཁོང་གིས་དབྱིན་ཞུའེ་ནས་ཐོན་པའི་རུས་བརྐོས་ཡི་གེས་ང་ཚོར་ལོ་ངོ་3000གོང་གི་ཡི་གེ་ཉར་ཚགས་བྱས་ནས་ཀྲུང་གོའི་ཁུངས་བཙན་ལོ་རྒྱུས་དེ་ལོ་ངོ་1000ལྷག་ཙམ་གྱི་ཡར་སྔོན་བར་འདེད་ཆོག ང་རང་དབྱིན་ཞུའེ་ལ་སྔོན་མ་ནས་ཡོང་འདོད་ཆེན་པོ་ཡོད། ད་ཐེངས་ཡོང་དོན་ནི་ཀྲུང་ཧྭའི་ཤེས་དཔལ་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། གནའ་བཟང་དེང་སྤྱོད་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་སྔར་ལས་ལྷག་པའི་སྒོ་ནས་འཛུགས་སྐྲུན་བྱེད་པར་དཔྱད་གཞི་འདོན་སྤྲོད་བྱས་ཡོད། ཀྲུང་གོའི་རྒྱ་ཡིག་ནི་ཧ་ཅང་ཁྱད་དུ་འཕགས་པ་ཞིག་རེད། ཀྲུང་ཧྭ་མི་རིགས་གྲུབ་པ་དང་འཕེལ་རྒྱས་བྱུང་བ་རྒྱ་ཡིག་དང་ཁ་བྲལ་ཐབས་མེད། དེའི་ཐད་གནའ་རྫས་རྟོག་ཞིབ་བྱ་གཞག་གིས་བྱས་རྗེས་བླ་ན་མེད་པ་བཞག་ཡོད། གནའ་རྫས་རྟོག་ཞིབ་ཀྱི་ལས་དོན་ལ་མུ་མཐུད་མཐོང་ཆེན་དང་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ཧྭའི་ཤེས་དཔལ་གྱི་འབྱུང་ཁུངས་འཚོལ་བའི་འདུ་འགོད་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས། ཀྲུང་ཧྭའི་ཤེས་དཔལ་གྱི་ལོ་རྒྱུས་སྔོན་མོའི་ཆུ་ལས་རིང་བ་དང་རྒྱུན་གཏན་ནས་ཆད་མྱོང་མེད་པས། ང་ཚོའི་མི་རིགས་རླབས་པོ་ཆེ་གསར་སྐྲུན་བྱས་ཡོད་ཅིང་། མི་རིགས་འདི་ད་དུང་རླབས་ཆེན་དུ་གནས་སྲིད། རིག་དངོས་སྔོག་འདོན་དང་ཞིབ་འཇུག་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་བ་བརྒྱུད། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དེ་བས་ལེགས་པའི་སྒོ་ནས་རྒྱུན་འཛིན་བྱེད་དགོས་ཞེས་གསུངས་ཤིང་། ཁོང་གིས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ནི་རང་རེའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་རྩ་བ་ཡིན་པ་དང་། ང་ཚོས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་ཐབས་ལམ་ནི“ཟུང་འབྲེལ་གཉིས”ཡིན། ང་ཚོས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་ཀྲུང་གོ་བའི་གདེང་ཚོད་དང་སྤོབས་སེམས་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

   ཁྲེན་ཞི་དང་ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གོང་གསལ་གྱི་འབྲེལ་ཡོད་བྱེད་སྒོར་ལྷན་དུ་ཞུགས་པ་རེད།

 


ཟླ་10ཚེས་26ནས་28ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲའན་ཤིས་ཞིང་ཆེན་ཡན་ཨན་གྲོང་ཁྱེར་དང་ཧོ་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་28ཉིན་གྱི་སྔ་དྲོ་ཞི་ཅིན་ཕིང་གིས་ཨན་དབྱང་ལིན་ཀྲོའུ་གྲོང་ཁྱེར་དུ་དར་དམར་ཆུ་ཡུར་གྱི་ཆུ་སྒོའི་འཁོར་སྐྱོད་གནས་ཚུལ་ལ་གཟིགས་ཞིབ་གནང་བཞིན་པ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1