༄༅།། ས་བབ་དམའ་བའི་བྱེ་ཐང་ཞིག“ཤམ་བྷ་ལ”ལྟ་བུར་ཇི་ལྟར་གྱུར་པ་ཡིན་ནམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 11-10



        མདོ་དབུས་མཐོ་སྒང་ཤར་རྒྱུད་ཀྱི་འཕྲེད་རྒྱུག་རི་བོའི་ལྟེ་བ་ན་ཡོད་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འདབ་པ་ས་ཆ་ཡི་ད་ལྟའི་ཆ་སྙོམས་མཚོ་འཕགས་སྨི3700ཡིན་ཞིང་། དེ་རུ་ཡོད་པའི་མཐོ་རིའི་ནགས་ཚལ་མཛེས་ལྗོངས་ཀྱིས་མི་མང་གི་ཡིད་དབང་ཕྲོགས་ཡོད།

མདོ་དབུས་མཐོ་སྒང་ཤར་རྒྱུད་ཀྱི་རབས་ལོག་གཞོང་སའི་གནའ་བོའི་སྐྱེ་ཁམས་ཁོར་ཡུག་བསྐྱར་བཟོ་བྱས་པའི་དཔེ་རིས།

        ཡིན་ནའང་། ཚན་རིག་རྟོག་ཞིབ་ཀྱི་དཔང་དངོས་ལྟར་ན། འདབ་པ་རྫོང་གི་ཤམ་བྷ་ལ་གྲོང་རྡལ་གྱིས་མཚོན་པའི་མདོ་དབུས་མཐོ་སྒང་ཤར་རྒྱུད་ཀྱི་མཚོ་འཕགས་མཐོ་བའི་ནགས་ཚལ་མཛེས་ལྗོངས་ཁུལ་དེ་གནའ་སྔ་མོའི་དུས་ལ་ས་བབ་དམའ་བའི་བྱེ་ཐང་ཞིག་ཡིན་པ་རེད། དེ་ན། རྒྱུ་རྐྱེན་ཅི་འདྲ་ཞིག་གིས་གནས་སྟངས་དེ་ཉིད་བསྒྱུར་ནས་འཛམ་གླིང་རིམ་པའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟེ་བ་ཞིག་ཏུ་གྱུར་པ་ཡིན་ནམ་ཞེ་ན།

ཀྲུང་གོའི་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་སུའོ་ཡི་ཡོན་ཧྲི་ཏིང་ལིན་གྱིས་སྣེ་ཁྲིད་བྱས་པའི་ཞིབ་འཇུག་ཚོགས་པས་མདོ་དབུས་མཐོ་སྒང་གི་ཤར་རྒྱུད་ནི་ལོ་ཁྲི5000ནས3400ཡི་སྔོན་གྱི་བར་ལ། ཕལ་ཆེར་སྨི600ཙམ་མ་གཏོགས་མེད་པའི་མཚོ་འཕགས་དམའ་བའི་བྱེ་ཐང་ཞིག་རིམ་པར་ཡར་འཕགས་ནས་མཚོ་འཕགས་ལ་སྨི3500ཙམ་ཡོད་པའི་མཐོ་རིའི་ནགས་ཚལ་ཁུལ་ཞིག་ཏུ་གྱུར་པའི་ལོ་རྒྱུས་གསལ་བར་བྱས་པ་རེད།

རབས་ལོག་གཞོང་སའི་མཚེའུ་རྣམ་པའི་དིམ་བསགས།

        ཡོན་ཧྲི་ཏིང་ལིན་གྱིས“མདོ་དབུས་མཐོ་སྒང་གི་ཤར་རྒྱུད་ཡར་འཕགས་པ་ནི་ཨེ་ཤ་ཡ་ཤར་མའི་ནམ་ཟླའི་ཁོར་ཡུག་ལ་འགྱུར་ལྡོག་བྱུང་བའི་འགག་རྩའི་འབྲེལ་ཚིགས་ཤིག་ཡིན་པ་དང་། དེས་ཨེ་ཤ་ཡའི་དུས་རླུང་དང་སའི་གོ་ལ་ཧྲིལ་བོར་དོན་སྙིང་ཡོད་པའི་ཁྱབ་ཁོངས་རང་བཞིན་གྱི་སྐྱེ་དངོས་བསྡུ་འཛོམས་དང་གསར་སྐྱེས་བྱེད་དུ་བཅུག་ཡོད”ཅེས་བཤད། ཞིབ་འཇུག་ཚོགས་པས2018ལོ་ནས2020ལོའི་བར་ཏེ་བསྟུད་མར་ལོ་གསུམ་གྱི་རིང་ལ། མདོ་དབུས་མཐོ་སྒང་ཤར་རྒྱུད་ཀྱི་འདབ་པའི་ཉེ་འཁོར་གྱི་རབས་ལོག་གཞོང་ས་ལ་རྟོག་ཞིབ་བྱས་ཏེ་ཞིབ་ཚགས་ལྡན་པའི་ས་གཤིས་རིས་སྣོན་དང་མ་དཔེ་བསྡུ་ལེན་གྱི་བྱ་བ་བསྒྲུབས་ཡོད།

        ཁོ་ཚོས་ཤེས་རྟོགས་བྱུང་བ་ལྟར་ན། རབས་ལོག་གཞོང་སའི་ནང་ཁུལ་གྱི་གསར་སྐྱེས་དུས་རབས་གྱི་ས་རིམ་ནང་དུ་ཐན་པ་ནས་བརླན་གཤེར་བར་ལ་རྒྱུན་མཐུད་པའི་དིམ་བསགས་ཏེ། ས་རིམ་གྱི་འོག་ངོས་ནི་ཚ་བ་ཆེ་བའི་བྱེ་ཐང་རྣམ་པའི་དེད་བསགས་སོག་དབྱིབས(冲积扇)དང་རླུང་བསྐྱེད་བྱེ་འབུར(风成沙丘)ཡིན་པ་དང་། ཐོག་ངོས་ནི་ལྟོས་བཅས་ཀྱི་བརླན་གཤེར་ཡིན་པའི་མཚེའུ་དང་ཆུ་བོའི་རྣམ་པ་ཡིན་པར་མ་ཟད། ད་དུང་དེའི་ནང་དུ་སྲོག་ཆགས་དང་སྐྱེ་དངོས་ཀྱི་འགྱུར་རྡོ་ཡང་ཕུན་སུམ་ཚོགས་པ་ཞིག་ཡོད་པ་རེད།

བསེ་རུའི་སོ་ཡི་འགྱུར་རྡོ་དང་དབྱང་གནས་མཐུན་རྒྱུའི་ཁྱད་ཆོས།

        ཀྲུང་གོའི་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་སུའོ་ཡི་འབུམ་རམས་པ་ཧོ་སུང་ལིན་གྱིས“གནས་མཐུན་རྒྱུའི་འཕྲོ་བའི་རང་བཞིན་གྱི་ལོ་གཏན་དང་གནས་མཐུན་རྒྱུའི་སའི་གོ་ལའི་རྫས་འགྱུར། འགག་རྩའི་ཁྱབ་ཁོངས་ཀྱི་གནའ་བོའི་སྐྱེ་དངོས་ཀྱི་རྒྱུ་ཆ་དང་ནམ་ཟླའི་ལད་མོ་བཅས་ལེགས་སྒྲིག་བྱས་པ་བརྒྱུད། ཞིབ་འཇུག་ཚོགས་པས་ཐེངས་དང་པོར་ཨེ་ཤ་ཡའི་དུས་རླུང་མ་ལག་གི་འཕེལ་རྒྱས་དང་སྐྱེ་དངོས་སྣ་མང་རང་བཞིན་བར་གྱི་རྙོག་འཛིང་ཆེ་བའི་འབྲེལ་བ་གསལ་བར་བྱས་ཡོད”ཅེས་མཚམས་སྦྱོར་བྱས།

        ཞིབ་འཇུག་ཚོགས་པས་ཐེངས་དང་པོར་རབས་ལོག་གཞོང་སའི་ལྟོས་མེད་ལོ་རབས་རིག་པའི་སྒྲོམ་གཞི་བཙུགས་ཏེ་རབས་ལོག་གཞོང་སའི་ས་རིམ་ནི་ལོ་ཁྲི5000ནས3400ཡི་སྔོན་གྱི་དིམ་བསགས་ཐོན་དངོས་ལ་གཏོགས་པ་གཏན་འཁེལ་བྱས་པར་མ་ཟད། ད་དུང་རབས་ལོག་གཞོང་སའི་གནའ་བོའི་མཐོ་ཚད་འགྱུར་ལྡོག་གི་ལོ་རྒྱུས་ཞིབ་ཚགས་བསྐྱར་བཟོ་བྱས་པ་སྟེ། ལོ་ཁྲི5000ནས4500ཡི་སྔོན་ལ། གཞོང་སའི་མཚོ་འཕགས་སྨི600ཙམ་ཡིན་པ་དང་། ལོ་ཁྲི4500ནས4200ཡི་སྔོན་ལ། མཚོ་འཕགས་འཕྲལ་མར་སྨི2000ཙམ་ལ་འཕར་བ། ལོ་ཁྲི4200ནས4000གི་སྔོན་ལ། མཚོ་འཕགས་མུ་མཐུད་དུ་ཡར་འཕགས་ནས་སྨི2900ལ་གྱུར་པ། ལོ་ཁྲི3900ནས3400ཡི་སྔོན་ལ། མཚོ་འཕགས་སྨི3500ཙམ་ལ་འཕར་ནས་ད་ལྟའི་ཆ་སྙོམས་མཚོ་འཕགས་སྨི3700ལ་ཉེ་བར་གྱུར་པ་རེད།

མདོ་དབུས་མཐོ་སྒང་ཤར་རྒྱུད་ཀྱི་ཡར་འཕགས་ལོ་རྒྱུས་བསྐྱར་བཟོ་བྱས་པའི་དཔེ་རིས།

        དུས་མཚུངས་སུ། སྲོག་ཆགས་ཀྱི་སོའི་འགྱུར་རྡོ་ཡི་གནས་མཐུན་རྒྱུ་དང་སྐྱེ་དངོས་འགྱུར་རྡོའིCLAMPནམ་ཟླའི་གཞི་གྲངས་ཀྱི་མཇུག་འབྲས་ལས་གསལ་བ་ལྟར་ན། མདོ་དབུས་མཐོ་སྒང་གི་ཤར་རྒྱུད་ཡར་འཕགས་པ་ཡིས་ཐིག་དམར་གནོན་དམའ་ཁུལ་གྱི་དུས་རླུང་ལོ་ཁྲི4500ཡི་སྔོན་དུ་བྱང་ཕྱོགས་སུ་ཁྱབ་པ་ལ་སྐུལ་འདེད་བྱས་ཏེ། ད་ལྟའི་དུས་རླུང་མ་ལག་དང་གཞི་ནས་མི་འདྲ་བའི་གསར་ཚུགས་དུས་རབས་ཀྱི་ཨེ་ཤ་ཡའི་དུས་རླུང་ནམ་ཟླ་ཞིག་གྲུབ་ཡོད། ནམ་ཟླའི་གྲངས་ཚད་ལ་ཟུང་འབྲེལ་བྱས་པའི་ལད་མོ་ལས་གསལ་བ་ལྟར་ན། མདོ་དབུས་མཐོ་སྒང་ཤར་རྒྱུད་ཀྱི་མཐོ་ས་ཡིས་ཨེ་ཤ་ཡ་ཤར་རྒྱུད་ཚང་མའི་ཆར་ཆུའི་འབབ་ཚད་ཇེ་མང་དུ་བཏང་བ་རེད།

        མདོ་དབུས་མཐོ་སྒང་གི་ཤར་རྒྱུད་ཡར་འཕགས་པ་དང་བསྟུན་ནས། ཁྱབ་ཁོངས་འདི་ནི་ཚ་བ་ཆེ་བའི་བྱེ་ཐང་ཞིག་ནས་སྐྱེ་དངོས་ཀྱི་རིགས་རྒྱུད་སྣ་མང་ཡོད་པའི་ནགས་ཚལ་སྟུག་པོའི་ས་ཆ་ཞིག་ཏུ་གྱུར་པ་རེད། ཚན་ཞིབ་ཚོགས་པས་ས་རིམ་ཐོག་ངོས་ཀྱི་ཁྲོད་ནས་དབྱེ་འབྱེད་མཐོ་ཞིང་ཉར་འཇོག་གྲལ་དག་ཡིན་པའི་འགྱུར་རྡོའི་སྐྱེ་དངོས་ཚོགས་དང་སྲོག་ཆགས་ཚོགས་རྙེད་པ་དང་། རིགས་རྒྱུད་ཀྱི་གྲུབ་ཚུལ་ནི་ད་ལྟའི་གནས་ཚུལ་དང་མི་འདྲ་བ་ཆེན་པོ་ཡོད་ནའང་། ཕུན་སུམ་ཚོགས་པའི་སྐྱེ་དངོས་དང་སྲོག་ཆགས་སྣ་མང་གིས་འཕྲེད་རྒྱུག་རི་རྒྱུད་ཀྱི་དམིགས་བསལ་སྐྱེ་དངོས་སྣ་མང་རང་བཞིན་ནི་ལོ་ཁྲི4500ནས4000གི་སྔོན་ནས་བཟུང་གྲུབ་ཡོད་ཚུལ་མཚོན་པར་མ་ཟད། ད་དུང་ཨེ་ཤ་ཡ་ཤར་མའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་ཀྱང་བྱས་ཡོད།

འགྱུར་རྡོའི་སྐྱེ་དངོས་ཚོགས། (ལོ་ཁྲི4500ནས4000གི་སྔོན)

        གནའ་བོའི་མཐོ་ཚད་ཀྱི་གཞི་གྲངས་དང་ཁྱབ་ཁོངས་ཀྱི་རྒྱུ་ཆ་ཕྱོགས་བསྡུས་བྱས་པ་བརྒྱུད། ཞིབ་འཇུག་འདི་ཡིས་འཕྲེད་རྒྱུག་རི་བོ་རུ་ལོ་ཁྲི3400ཡི་སྔོན་ནས་བཟུང་ད་ལྟའི་མཚོ་འཕགས་དང་འདྲ་བའི་མཐོ་རིའི་ནགས་ཚལ་མཛེས་ལྗོངས་ཆགས་ཡོད་པ་དང་། ཤམ་བྷ་ལ་གྲོང་རྡལ་གཙོས་པའི་འཕྲེད་རྒྱུག་རི་བོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ས་ཁུལ་བྱུང་ཡོད་པར་འདོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1