༄༅།།མི་ཉག་ནས་ལོ2000ལྷག་གི་ལོ་རྒྱུས་ལྡན་པའི་གནའ་རྫས་སྐོར་ཞིག་གསར་དུ་རྙེད་པ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ་ལས་དྲངས། སྤེལ་དུས། 11-14


  སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ནས་གནས་ཚུལ་ཤེས་རྟོགས་བྱུང་དོན། དར་མདོ་གྲོང་ཁྱེར་སྐྱ་གད་ཞང་མཐུལ་དབུས་སྡེ་བའི་སྡེ་མི་ཚེ་དབང་དོན་འགྲུབ་དང་བསོད་ནམས་ཚེ་རིང་། བསམ་གཏན་བཅས་ཀྱིས་ས་རྐོ་བའི་སྐབས་སུ་ད་རག་བར་དུ་ལོ2000ལྷག་ཡོད་པའི་རྫ་ཆས་དང་ལི་ཆས27རྙེད་པ་དང་། རང་འགུལ་གྱིས་དཀར་མཛེས་ཁུལ་རིག་གནས་རིག་དངོས་སྡེ་ཚན་ལ་སྤྲད་པ་རེད། རིག་དངོས་འདི་ཚོ་ནི་མཐུལ་དབུས་སྡེ་བ་གནས་ཡུལ་ཏེ་ཉག་ཆུའི་ཡན་ལག་གླིང་ཆུའི་གཡོན་ངོགས་སུ་རྙེད་ཅིང་། ཁ་ཤས་ནི་སྡེ་མིས་ཁང་པའི་རྩིག་གདན་སྔོག་པའི་སྐབས་སུ་རྙེད་པ་དང་། ཁ་ཤས་ནི་སྡེ་མིས་ཁང་རྒྱབ་ཏུ་ཞིང་རྨོ་བའི་སྐབས་སུ་རྙེད་པ་རེད། རྙེད་ས་གཉིས་ཀྱི་བར་ལ་སྨི200ཙམ་ཡོད་པ་རེད།དཀར་མཛེས་ཁུལ་རིག་དངོས་གཙོ་གཉེར་སྡེ་ཚན་གྱི་ཆེད་རམས་པས་ཡུལ་དངོས་སུ་རྟོག་ཞིབ་བྱེད་དུས། རིག་དངོས་ཐོན་ཡུལ་ས་ཁོངས་ཕྱིར་བསྐངས་ཡོད་ཅིང་མཐའ་སྐོར་གྱི་ཁྱབ་ཁོངས་ལ་གནོད་སྐྱོན་ཡང་ཐེབས་མེད། རིག་དངོས་སྲུང་སྐྱོབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ཤེས་པའི་སྡེ་མི་གསུམ་གྱིས་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་རིག་དངོས་འདི་ཚོ་རང་འགུལ་གྱིས་རྒྱལ་ཁབ་ལ་སྤྲད་པ་རེད།དཀར་མཛེས་ཁུལ་རིག་གནས་རྒྱང་སྒྲོག་དང་ཡུལ་སྐོར་ཅུས་ཀྱི་ལས་སྒྲུབ་མི་སྣ་ལིའུ་ཡུས་པིང་གིས་རིག་དངོས་ཡར་འབུལ་བའི་བྱ་སྤྱོད་འདི་དཀར་མཛེས་ཁུལ་ལ་མཚོན་ན་ཐེངས་དང་པོ་ཡིན་པ་དང་། དེའི་ཐོག་ནས་ཉེ་བའི་ལོ་ཤས་རིང་ལ་འབྲེལ་ཡོད་སྡེ་ཚན་གྱིས་རིག་དངོས་སྲུང་སྐྱོབ་བྱེད་པའི་ནུས་པ་ཐོན་ཡོད་པ་དང་། བཅའ་ཁྲིམས་ཁྲིམས་སྲོལ་ཡང་མི་སེམས་ལ་འཇགས་ཡོད་པ་ཤེས་ཐུབ་ཅེས་བཤད་པ་རེད།རིག་དངོས27ནང་དུ་རྫ་མ་རྣ་གཉིས་མ་གཅིག་དང་། རྣ་གཅིག་མ་གཉིས། ལི་ཕོར་ཆུང་ངུ20། ཟངས་རྒྱན་གསུམ། ཟངས་ཀྱི་མེ་ལོང་གཅིག ལིའི་རལ་གྲི་གཅིག་བཅས་ཡོད།རིག་དངོས་ལ་དབྱེ་ཞིབ་དང་ཞིབ་བསྡུར་བྱས་པ་བརྒྱུད་དེ། ཆེད་རམས་མི་སྣས་རིག་དངོས་འདི་ཚོ་ནི་ཆིན་ཧན་དུས་རབས་ཀྱི་རྡོ་པུར་ལས་ཐོན་པའི་རིག་དངོས་ཡིན་པ་དང་། ད་བར་ལོ2000ལྷག་འགོར་ཡོད་པ་གསལ་འབྱེད་བྱས། ད་ལྟ་དཀར་མཛེས་ཁུལ་རིག་དངོས་གཙོ་གཉེར་སྡེ་ཚན་གྱིས་རིག་དངོས་འདི་ཚོ་ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་དུ་བསྐྱལ་ནས་ཉར་ཚགས་བྱས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1