བོད་ཀྱི་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་འཁོར་སྐྱོད་སླར་གསོ་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 11-23


        ཚེས་21ཉིན་གྱི་ཞོགས་པ་ལྷ་ས་ནས་གཞིས་རྩེ་བར་གྱི་མེ་འཁོར་C925དང་ལྷ་ས་ནས་ཉིང་ཁྲི་བར་གྱི་བསྐྱར་དར་རྟགས་ཅན་གྱི་གནས་སྐབས་ཤུགས་འགྲེམས་མེ་འཁོར་C927ལྷ་སའི་མེ་འཁོར་བབས་ཚུགས་ནས་གཏོང་གྲབས་བྱེད་བཞིན་ཡོད། འདི་ནི་འདི་ལོའི་ཟླ་8པར་ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་བོད་ཀྱི་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་གཏོང་མཚམས་བཞག་རྗེས་སླར་ཡང་གཏོང་ཐེངས་དང་པོ་ཡིན་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། འགྲུལ་པ་སྐྱེལ་འདྲེན་གྱི་ལས་དོན་ཡག་པོ་བསྒྲུབ་ཆེད། ལྷ་ས་མེ་འཁོར་བབས་ཚུགས་ཀྱིས་ཆེད་དོན་བདེ་འཇགས་སྐོར་གྱི་ཉེན་ཟོན་དྲན་སྐུལ་བྱས་ཏེ། སྒྲིག་བཀོད་སྒྲིག་ཆས་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན། འགྲུལ་སྐྱེལ་སྒྲིག་འཛུགས། དགུན་དུས་ཀྱི་གངས་དང་འཁྱགས་པ་འཕྱག་པ། བདེ་འཇགས་ཉེན་བཤེར། ལས་བཟོའི་དཔུང་ཁག་སོགས་ཕྱོགས་བརྒྱད་ནས་ཉེན་ཁར་མཐའ་དཔྱོད་ཡག་པོ་བྱས་ཏེ་ཤུགས་འགྲེམས་མེ་འཁོར་བདེ་འཇགས་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་པ་རེད།

        ལྷ་ས་མེ་འཁོར་བབས་ཚུགས་ཀྱི་ཀྲན་ཀྲང་གཞོན་པ་རྡོ་རྗེས། ལྷ་ཉིང་ལྕགས་ལམ་ལམ་རྒྱུད་ཀྱི་མེ་འཁོར་བབས་ཚུགས་ཁག་གི་སྒྲིག་ཆས་དང་སྒྲིག་བཀོད་ཀྱི་མངོན་མེད་རྐྱེན་ངན་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ་མེ་འཁོར་དང་། འགྲུལ་སྐྱེལ། སྤ་སེ་འཚོང་སའི་སྒྲིག་ཆས་བཅས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བཟོ་བཅོས་བྱས་པ་དང་བབས་ཚུགས་ཁག་གི་གློག་རྡུལ་འཆར་ཤེལ་དང་། འགྲུལ་སྐྱེལ་གློག་སྐས། རྒྱང་བསྒྲགས་བཅས་ལ་སྙོམས་སྒྲིག་ཚོད་ལྟ་བྱས་ནས་སྒྲིག་ཆས་འཁོར་སྐྱོད་ཡག་པོ་ཡོང་བའི་འགན་ལེན་བྱས་ཡོད། མེ་འཁོར་བབས་ཚུགས་ཁག་གིས་བབས་ཚུགས་ཁུལ་གྱི་ངལ་ནུས་མཉམ་འབྲེལ་མཐུན་སྦྱོར་ཚོགས་འདུ་འཚོགས་པ་བརྒྱུད། ཉེ་དུས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྲིད་ཇུས་དང་། མེ་འཁོར་འཁོར་སྐྱོད་འཆར་འགོད་ལེགས་སྒྲིག་ཡིག་ཆ་དང་ལྷ་ཉིང་དུམ་བུའི་འགྲུལ་ཟོག་འདྲེན་ཁུལ་གྱི་བཙན་ཐབས་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་འགྲུལ་པའི་དོགས་གནད་སེལ་བར་སྟབས་བདེ་བསྐྲུན་ཡོད་པ་རེད། དེ་དང་ཆབས་ཅིག་ལས་བྱེད་པ་དང་ལས་བཟོ་སྔོན་ཚུད་ནས་སྒྲིག་འཛུགས་བྱས་ཏེ་ཚོགས་ཆུང་དང་ཁུལ་ཁག་བགོས་ཀྱིས་བབས་ཚུགས་ཁུལ་དུ་གཙང་སྦྲ་འཕྲོད་བསྟེན་བྱས་ནས་མེ་འཁོར་སྒུག་སའི་ཚོམས་ཆེན་དང་། སྤ་སེ་འཚོང་སའི་ཚོམས་ཆེན། གསང་སྤྱོད། རྐུབ་སྟེགས། གློག་སྒོ་སོགས་སྤྱི་པའི་འདུ་གནས་དང་སྒྲིག་བཀོད་ལ་ཕྱོགས་ཡོངས་ནས་དུག་སེལ་བྱས་ཏེ་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་འཁོར་སྐྱོད་སླར་གསོ་ཡོང་བར་གྲ་སྒྲིག་ཡག་པོ་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

        མིག་སྔར། བོད་ཀྱི་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་གཏོང་བའི་དུས་ཚོད་ཟླ་11ཚེས་21ཉིན་ནས་ཟླ་11ཚེས་30ཉིན་བར་ཡིན་པ་དང་མེ་འཁོར་བབས་ཚུགས་ཀྱི་སྐར་ཁུང་ཁག་དང་དྲ་ཐོག་ནས་སྤ་སེ་འཚོང་རྒྱུ་ཟུང་འབྲེལ་གྱི་བྱ་ཐབས་སྤྱོད་བཞིན་ཡོད། ལྗོངས་ནང་ཁུལ་གྱི་མེ་འཁོར་བབས་ཚུགས་ཁག་ཏུ་འགྲུལ་པ་བབས་ཚུགས་སུ་འཛུལ་སྐབས་མེ་འཁོར་བབས་ཚུགས་ཀྱི“གནས་ཡུལ་ཨང་རྟགས”བཤེར་དགོས་པ་དང“བོད་ལྗོངས་ཤར་བགྲོད་ཀྱི་ཨང་རྟགས་ལྗང་ཁུ”དང“ཉིན་གསུམ་བཤེར་གཉིས”ཀྱི་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་སྲིབ་གཤིས་ཡིན་པའི་ངོ་སྤྲོད་བཅས་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1