《བོད་ཀྱི་གསོ་རིག་ཀུན་འདུས་ཆེན་མོ》འགྲེམས་སྤེལ་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-28



        སྤྱི་ཟླ་11པའི་ཚེས་26ཉིན། ཐེན་ཧྥུའུ་དཔེ་དེབ་འགྲེམས་སྟོན་སྐབས་བཞི་པའི་ཐོག །སི་ཁྲོན་ཞིན་ཧྭ་དཔེ་སྐྲུན་འགྲེམས་སྤེལ་ཚོགས་པ་དང་། ཞིན་ཧྭ་ཝུན་ཞོན་དཔེ་སྐྲུན་སྨྱན་སྦྱོར་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གིས་གཙོ་གཉེར་བྱས་ཤིང་། པ་ཧྲུའུ་དཔེ་སྐྲུན་ཁང་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་འགན་སྒྲུབ་བྱས་པ་དང་། སི་ཁྲོན་དཔེ་སྐྲུན་འཕེལ་རྒྱས་སྤྱི་ཕན་ཐེབས་རྩ་ཚོགས་པ་དང་ཧི་མ་ལ་ཡའི་རིག་མཛོད་ཁང་གིས་ལས་སྒྲུབ་འགན་ལེན་བྱས་པའི་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”གཙོ་གནད་དཔེ་སྐྲུན་རྣམ་གྲངས་དང་མི་རིགས་སྐད་ཡིག་དཔེ་དེབ་དཔེ་སྐྲུན་གཙོ་གནད་མ་དངུལ་རོགས་སྐྱོར་ལས་གཞི《བོད་ཀྱི་གསོ་རིག་ཀུན་འདུས་ཆེན་མོ》ཡི་དེབ་གསར་འགྲེམས་སྤེལ་ཚོགས་འདུ་འཚོགས།

        དཔེ་དེབ་འགྲེམས་སྤེལ་ཚོགས་འདུའི་ཐོག །པ་ཧྲུའུ་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཧོའུ་ཨན་ཀུའོ་ཡིས་དེབ་ཚོགས་འདི་ནི་བོད་ཀྱི་གསོ་རིག་ལོ་རྒྱུས་དང་། རྒྱུད་འགྲེལ་ཆ་ལག་སྐོར། རྒྱུད་བཞི་པར་མའི་སྐོར། ནད་ཐོག་ཉམས་ཡིག་སྐོར་སོགས་རིགས་ཆེན་པོ་དགུ་རུ་ཕྱེས་ནས་དཔེ་སྐྲུན་བྱས་ཡོད་པ་དང་། དུས་རབས་བརྒྱད་པ་ནས་1911ལོ་བར་དུ་བྱུང་བའི་ད་ལྟ་མཇལ་རྒྱུ་ཡོད་ཅིང་། པར་གཞིའི་ཡོང་ཁུངས་ཁ་གསལ་བའི་བོད་ཀྱི་གསོ་རིག་གི་གནའ་གཞུང་ཁག་བསྡུ་སྒྲིག་བྱས་པའི་བོད་ཀྱི་གསོ་བ་རིག་པའི་གནའ་གཞུང་ཕྱོགས་སྒྲིག་གལ་ཆེན་ཞིག་ཡིན་ཞེས་དེབ་ཚོགས་ཀྱི་གཞི་རྩའི་གནས་ཚུལ་ངོ་སྤྲོད་བྱས།

        ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་གི་དེ་སྔའི་འགོ་གཙོ་རྒྱལ་མོ་འབྲུག་པས། བོད་ཀྱི་གསོ་རིག་ནི་རིག་གནས་ཆེ་བ་ལྔའི་ཡ་གྱལ་དང་། བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་ཧ་ཅང་གལ་ཆེན་པོ་ཞིག་རེད་ལ། ད་ཐེངས《བོད་ཀྱི་གསོ་རིག་ཀུན་འདུས་ཆེན་མོ》རུ་དུས་རབས་བརྒྱད་པ་ནས་ད་བར་གྱི་གསོ་རིག་གི་དཔེ་ཆ་མང་ཆེ་བ་འདུས་ཡོད། དེ་སྔོན་གསོ་རིག་སྐོར་གྱི་དཔེ་དེབ་མང་པོ་པར་ཡོད་ཀྱང་། ཁ་ཚང་བ་དང་སྔ་རྗེས་འཐུས་ཚང་བ་ཤིན་ཏུ་དཀོན་པོ་རེད། འདིའི་ནང་གསོ་རིག་གི་རྒྱུ་ཆ་ཁ་འཐོར་ཡོད་པའི་དཔེ་རྙིང་གལ་ཆེན་དང་། ནང་སྒོས་སུ་བྲིས་མ་མང་ཆེ་བ་ཞིག་ཕྱོགས་བསྒྲིགས་བྱས་ཡོད་ཅེས་གསུངས།

        དཀར་མཛེས་ཁུལ་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་གི་འགོ་གཙོ་འགྲོ་འདུལ་རྣམ་རྒྱལ་གྱིས་བོད་ཀྱི་གསོ་བ་རིག་པ་ནི་མི་རིགས་ཐུན་མོང་ལ་དབང་པའི་གཅེས་ནོར་ཞིག་དང་། ཀྲུང་ཧྭའི་གསོ་རིག་གི་གྲུབ་ཆ་གལ་ཆེན་ཞིག་རེད། རྣམ་སྤྱོད་དང་ལྡན་པའི་བོད་ཀྱི་མེས་པོ་གོང་མ་རྣམས་ཀྱིས་རང་བྱུང་ཁམས་དང་ནད་རིགས་སྣ་ཚོགས་དང་འཐབ་རྩོད་བྱས་པའི་མྱོང་བ་དངོས་ལས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་རྒྱ་ཆེན་པོ་ཞིག་གྲུབ་པ་རེད། མིག་སྔར།《བོད་ཀྱི་གསོ་རིག་ཀུན་འདུས་ཆེན་མོ》ནི་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཆེས་རྒྱ་ཆེ་ཞིང་ཆ་ཚང་བའི་བོད་ཀྱི་གསོ་བ་རིག་པའི་དཔེ་ཚོགས་གལ་ཆེན་ཞིག་ཡིན་པ་ངོས་འཛིན་བྱེད་ཆོག །ངས་བསམ་ན་དཔེ་ཚོགས་འདི་ནི་མི་ལོ་སྟོང་ཕྲག་དུ་མའི་མེས་པོ་བཀའ་དྲིན་ཅན་རྣམས་ཀྱི་རྣམ་དཔྱོད་དང་ལག་ལེན། མན་ངག་གི་བཅུད་འདུས་པའི་མེ་ལོང་ལྟ་བུ་ཞིག་ཡིན་པས། ཀྲུང་ཧྭ་མི་རིགས་དང་མིའི་རིགས་བདེ་སྐྱིད་སྐྲུན་པའི་གཞི་རུ་འགྱུར་ངེས་རེད་ཅེས་གསུངས།

        དེ་ཡང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བདུད་འདུལ་གྱིས། 《བོད་ཀྱི་གསོ་རིག་ཀུན་འདུས་ཆེན་མོ》པར་སྐྲུན་འགྲེམས་སྤེལ་བྱས་པ་འདི་ནི། བོད་ཀྱི་གསོ་རིག་ལས་དོན་འཕེལ་རྒྱས་གཏོང་བའི་ལས་གྲྭ་གལ་ཆེན་ཞིག་ཡིན་པ་དང་། མིག་སྔར་འཛམ་གླིང་ཡོངས་སུ་བོད་ཀྱི་གསོ་བ་རིག་པའི་རྒྱུ་ཆ་འཚོལ་བསྡུ་དང་ཕྱོགས་བསྒྲིགས། ཉར་ཚགས། ཞིབ་འཇུག་བཅས་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་ཞིབ་འཇུག་ལྟེ་གནས་ཤིག་བྱུང་མེད་ཀྱང་། ད་ཐེངས་《བོད་ཀྱི་གསོ་རིག་ཀུན་འདུས་ཆེན་མོ》པར་སྐྲུན་འགྲེམས་སྤེལ་བྱས་པས། བོད་ཀྱི་གསོ་རིག་ལས་དོན་ལ་མཛད་རྗེས་བླ་ན་མེད་པ་ཞིག་བཞག་ཡོད་པ་རེད་ཅེས་གསུངས། གཞན་ཡང་སི་ཁྲོན་ཞིན་ཧྭ་དཔེ་སྐྲུན་འགྲེམས་སྤེལ་ཚོགས་པའི་རྐང་བདག་ཚོགས་གཙོ་ལའོ་ཡུང་གིས་ཤིས་ཚིག་ཕུལ།

        གཙོ་སྒྲིག་པ་ཚེ་རིང་རྡོ་རྗེས། 《བོད་ཀྱི་གསོ་རིག་ཀུན་འདུས་ཆེན་མོ》ནི་ངེད་ཧི་མ་ལ་ཡའི་རིག་མཛོད་ཁང་གཙོས་པའི་མི་ཉིས་བརྒྱ་ལྔ་བཅུ་ཡས་མས་ཤིག་གིས་ལོ་གཉིས་ཀྱི་རིང་ལ་བྱ་བ་བསྒྲུབས་པའི་མཇུག་འབྲས་ཤིག་ཡིན། གཅིག་ནས་རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་ནས་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་རྣམ་གྲངས་སུ་ཚུད་ཡོད་པ་དང་། གཉིས་ནས་བོད་ཀྱི་གསོ་བ་རིག་པའི་ཆེད་མཁས་པ་རྣམ་པའི་རྒྱབ་སྐྱོར་ཐོབ་བྱུང་། གཞན་ཡང་ངེད་ལས་ཁུངས་ཀྱི་ལས་མི་ཚང་མས་ནུས་ཤུགས་མཉམ་དུ་བརྒྱབ་ནས་བྱ་བ་འདི་གྲུབ་པ་རེད་ཅེས་གསར་འགོད་པ་ལ་གསུངས།

        རྒྱུས་ལོན་བྱུང་བ་ལྟར་ན། 《བོད་ཀྱི་གསོ་རིག་ཀུན་འདུས་ཆེན་མོ》ནི་ཧི་མ་ལ་ཡའི་རིག་མཛོད་ཁང་གིས་བསྡུ་སྒྲིག་བྱས་པ་དང་། སི་ཁྲོན་ཞིང་ཆེན་སེར་ཤུལ་རྫོང་སྲིད་གྲོས་ཀྱི་རྒྱུན་ཨུ་ཚེ་རིང་རྡོ་རྗེས་གཙོ་སྒྲིག་པའི་འགན་བཞེས་པ་རེད། 《བོད་ཀྱི་གསོ་རིག་ཀུན་འདུས་ཆེན་མོ》ལ་བསྡོམས་པས་དཔེ་དེབ་200ཡོད་པ་དང་། བོད་ཀྱི་གསོ་བ་རིག་པའི་དཔེ་དེབ་མང་ཤོས་གཅིག་ཏུ་བསྡུས་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ལས་གྲྭ་ཞིག་རེད་འདུག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1