༄༅།།བོད་ལྗོངས་ནགས་ཆུ་ས་ཁུལ་བུད་མེད་ཀྱི་རྒྱན་ཆ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ་ལས་དྲངས། སྤེལ་དུས། 12-06


     ནག་ཆུ་ས་ཁུལ་ནི་བྱང་ཐང་དུ་ཆགས་ཡོད་ལ། བོད་རང་སྐྱོང་ལྗོངས་ཀྱི་ཕྱུགས་ལས་ས་ཁུལ་གཙོ་བོ་ཡིན། ནག་ཆུ་ས་ཁུལ་གྱི་མངའ་ཁོངས་སུ་ནག་ཆུ་དང་ཨ་མདོ། སྙན་རོང་། འབྲི་རུ། ལྷ་རི། སྦྲ་ཆེན། སོག་རྫོང་། དཔལ་མགོན། ཤན་རྩ། ཉི་མ་སོགས་རྫོང་བཅུ་དང་མཚེའུ་གཉིས་དམིགས་བསལ་སྲིད་འཛིན་ཁུལ་གཅིག་བཅས་འདུས། ནག་ཆུ་ས་ཁུལ་ལ་སྲོལ་རྒྱུན་དུ་བྱང་ཐང་ཟེར་ལ། གངས་ཏེ་སེ་དང་། ཁུ་ནུ་རི་རྒྱུད། གདང་ལ་བཅས་ཀྱི་བར་དུ་ཆགས་པའི་འབྲོག་ཐང་ཆེན་མོ་ཞིག་ཡིན། ས་མཐོ་ཞིང་གནམ་གཤིས་འཁྱག མདོ་སྨད་ཨ་མདོ་དང་ཁམས་ཕྱོགས་ལ་འབྲེལ་བས་ནག་ཆུ་ས་ཁུལ་གྱི་རྒྱན་གོས་ལ་ཡུལ་དེ་གཉིས་ཀྱི་ཁྱད་ཆོས་ཀྱང་མངའ་བ་ཡིན། ནག་ཆུ་ས་ཁུལ་གྱི་སྐྱེས་མའི་སློག་པའི་མཐའ་རུ་ཁ་ལ་སྤུ་ཅན་ཞེས་རས་སྤུ་མ་ནག་པོ་དང་། རས་ནག་པོ། ཤུར་མ་ནག་པོ་བཅས་གང་རུང་གི་རྒྱན་གང་ཙམ་རྒྱག་པ་དང་། དེའི་སྟེང་དུ་རས་སམ་ཤུར་མ། ཐོག་སྣམ་བུ་སྔོན་པོ། ལྗང་ཁུ། སྔོ་སྐྱ། སྨུག་པོ། དམར་པོ་སོར་གསུམ་ཙམ་གྱིས་འཇའ་རིས་བཏང་ཡོད། ཚར་སློག་གི་མཐའ་ལ་སྲམ་དང་གཟིག་སྟག་གི་པགས་པས་བརྒྱན་པ་དང་སྐྱེས་མའི་ཚར་སློག་གི་མཐའ་ལ་སྲམ་ལྤགས་ཁོ་ན་བརྒྱན་པ་ཡིན། སྐྱེས་མས་རང་ས་ནས་བཟོས་པའི་པང་གདན་སྟག་སོ་ཞེས་པའང་རྒྱག་པ་ཡིན། དེར་འཇའ་རིས་ཞེང་ཆེ་དང་ཞེང་ཕྲ་ཅན་ཡོད་པར་མ་ཟད་གཙག་དྲུབ་ཅན་ཡང་ཡོད། གཞན་སྐྱེས་པར་དགོ་རི་དང་སྐྱེས་མར་སྒྱིད་ཐག་ཅེས་པའི་རྒྱན་ཆའམ་འཚོ་བའི་ཡོ་བྱད་ཅིག་ཀྱང་ཡོད།

       ནག་ཆུ་ས་ཁུལ་གྱི་སྐྱེས་མའི་རྒྱན་གོས་ཀྱི་ཁྱད་ཆོས་གཙོ་བོ་ནི། མགོར་རྒྱ་གར་ཞྭ་མོ་གྱོན་པ་དང་། སྣམ་བུ་ནག་པོའི་ཕྱུ་པ་གྱོན་པ། མདུན་དུ་པང་གདན་བཅིངས་པ། བཞོ་ལུང་འདོགས་པ། ལན་ཤུབས་སུ་གཡུ་བྱུར་དང་དངུལ་སྒོར། མུ་ཏིག་དང་འགྲོན་བུ། དངུལ་ཕོབ། ཁྲོག་རིལ་སོགས་འགོད་པ་ནི་ནག་ཆུ་སྐྱེས་མའི་ཁྱད་ཆོས་གཙོ་བོ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1