༄༅།།ཁྲོ་ཆུའི་ལྗོངས་སྐོར་ལྟེ་གནས་ལས་ཏ་ཁོག་འཁྱགས་རོམ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་བརྙན་འཕྲིན་དྲ་བ་ལས་དྲངས། སྤེལ་དུས། 12-08


图片

ཏ་ཁོག་འཁྱགས་རོམ།


    ཏ་ཁོག་འཁྱགས་རོམ་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཁྲོ་ཆུ་རྫོང་གི་མངའ་ཁོངས་སུ་ཡོད། ཤར་གྱི་གཞུང་ཐིག་102.44.15-102.52.46དང་བྱང་གི་འཕྲེད་ཐིག 32.12.30-32.17.06གི་མཚམས་སུ་ཡོད། ལྗོངས་ཁུལ་གྱི་སྤྱིའི་གཞི་ཁྱོན་ལ་སྨི་གྲུ་བཞི་མ་210ཡོད། རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྤྱིའི་གཞི་ཁྱོན་ལ་སྨི་གྲུ་བཞི་མ་632ཡོད། རྔ་བ་ཁུལ་གྱི་གཟི་རྩ་སྡེ་དགུ་དང་དུང་རི་ལྷ་མཚོ་ཕུད་པའི་ཆེས་སྐད་གྲགས་ཆེ་ཤོས་ཀྱི་ཡུལ་ལྗོངས་ལྟེ་གནས་ཤིག་ཡིན། ཏ་ཁོག་གི་གངས་རི་ནི་ལོ་ཧྲིལ་བོར་གངས་ཀྱིས་གཡོགས་ཤིང་། གངས་རིའི་མུ་ཁྱུད་རྣམས་བསྟར་ཕྲེང་བསྒྲིགས་ཏེ། གཟི་བརྗིད་ཆེ་ལ་ངོ་མཚར་ལྡན་པ་ཞིག་ཡིན་ལ། ཞོགས་པར། གསེར་མདོག་གི་རྟ་བདུན་དབང་བོ་ཤར་རིའི་རྩེ་ནས་གསེར་གྱི་གཟི་མདངས་འཕྲོག་དུས། གངས་དཀར་ཤེལ་གྱི་མཆོད་རྟེན་འདྲ་བའི་གངས་རི་དག་ནི་དེ་མུར་གསེར་གྱི་བྱིན་རླབས་ཞུགས་པའི་མཎྡྲལ་ལྟར་དུ་རྩེ་མོ་རྣམས་དགུང་གི་དབྱིངས་ནས་འཚེར་བས། ལྟ་བའི་ངོམ་ཆོག་ཅིང་མིག་གི་ལོངས་སྤྱོད་དུ་ཞུགས་ཡོང་། གངས་རིའི་བྱང་ངོགས་དང་ལྷོ་ངོགས་སུ་རྨི་60ནས་རྨི་200ལྷག་གི་འཁྱགས་རོམ་ཆགས་ཡོད་ལ། དེ་ནི་ལོ་ངོ་དུང་ཕྱུར་ལྷག་ལ་ཞག་དང་ཞག ཟླ་དང་ཟླ། ལོ་དང་ལོ་བརྩེགས་ཏེ་བསགས་པའི་འཁྱགས་རོམ་ཆེན་པོ་ཞིག་ཡིན་ཞིང་། དེ་ལས་ཆེས་གཟི་བརྗིད་དང་ལྟ་ན་སྡུག་པ་ནི་རིམ་པ་དང་བོ་དང་རིམ་པ་གཉིས་པ། རིམ་པ་གསུམ་པའི་འཁྱགས་རོམ་ཡིན། དེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་8.25ལྷག་ཡོད། དེ་ཡང་ཡུལ་ལྗོངས་འདིའི་ཆེས་ལྟེ་སྙིང་ལྟ་བུའི་ལྗོངས་སྐོར་ལྟེ་གནས་ཤིག་ཡིན། མཛེས་ལྗོངས་སྤྱིའི་ཁོར་ཡུག་གི་སྲུང་སྐྱོབ་ཧ་ཅང་ལེགས་པོ་ཡིན་པ་དང་། ཐོན་ཁུངས་ཀྱི་གྲུབ་ཆ་ཡང་འཛོམས་པོ་ཡིན། གནས་དེར་གཞི་ཁྱོན་ཆེན་པོའི་འཁྱགས་རོམ་ཡོད་པ་མ་ཟད། རྦབ་ཆུ་དང་མཚེའུ་། གདོད་མའི་ནགས་ཚལ། སྟག་མའི་ནགས་ཚལ། མེ་ཏོག་སྣ་བརྒྱ་བཀྲམ་པའི་སྤང་ཐང་སོགས་ཡོད་པ་མ་ཟད། གཅན་གཟན་རི་དྭགས་སྣ་ཚོགས་མིག་གིས་མཐོང་ཐུབ་པའི་སྲིད་ཕྱོད་ཀྱང་ཧ་ཅང་མང་བོ་ཡིན། ལྷག་པར་དུ་སྤྲེའུ་རྒྱ་སེར་ནི་ཆེས་རྒྱུན་མཐོང་ལྟ་བུར་གྱུར་ཡོད།


图片

    མཛེས་ལྗོངས་འདིར་རང་བྱུང་སྲོག་ཆགས་དང་སྐྱེ་དངོས་ཀྱི་རིགས་ཧ་ཅང་མང་པོ་ཡོད་དེ། རྩི་ཤིང་རིགས་སྣ་མི་གཅིག་པ་1000ལྷག་དང་། གཅན་གཟན་སྲོག་ཆགས་153ལྷག་ཡོད། དེ་དག་ལས་སྤྲེའུ་རྒྱ་སེར་དང་བོད་སྤྲེའུ། རྒྱ། གཉན་སོགས་ནི་མཐོང་མང་ཤོས་ཡིན། དེ་མིན་ད་དུང་ཏ་ཁོག་འཁྱགས་རོམ་ལྗོངས་སྐོར་ལྟེ་གནས་སུ་འཁྱགས་རོམ་དང་གངས་རི། ནགས་ཁྲ། བོད་ཁྱིམ། མཚེའུ་སོགས་མཛེས་ལྗོངས་མང་པོ་ཡོད་པར་མ་ཟད། བསྙལ་ཆང་རིག་གནས་དང་གོ་ཁྲམ་གྱི་བྲོ་གར། ཡུལ་ཕྱོགས་གཞན་དང་མི་མཐུན་པའི་དམངས་གླུ། དམར་དམག་རིག་གནས་སོགས་མང་བོ་མཆིས།

དུང་མཚོ་ཉི་ཟླ་མཚོ་མོ།

    གནས་འདིར་མཚོ་མོ་ཅུང་སྐད་གྲགས་ཆོད་པ་ཞིག་ཡོད་པ་ནི་དུང་མཚོ་ཉི་ཟླ་མཚོ་ཟེར་ཞིང་། དེ་ནི་མཚོ་ངོགས་ལས་རྨི་4300མཐོ་ཚད་ལ་ཡོད་ཅིང་། དེའི་རིང་ཚད་ལ་རྨི་1800དང་། ཞེང་ལ་རྨི་300ཡོད། ཤར་ནས་ནུབ་དུ་བསྲིངས་བ་དང་། ནས་ཀྱི་འབྲུ་མའི་དབྱིབས་སུ་ཆགས་ཡོད་ཅིང་། ལོ་ཧྲིལ་བོར་གཡུ་ཡི་མཎྡྲལ་བྱུགས་འདྲར་ལྗང་ལྡེམ་མེར་གནས་ཡོད། དུང་མཚོ་ཉི་ཟླ་མཚོ་ཡི་གཏིང་ཟབ་མོད་གཏིང་མཐའ་མཐོང་ཐུབ་པ་ཞིག་ཡིན། ལྗོངས་སྐོར་བ་རྣམས་མཁའ་ལམ་བརྒྱུད་དེ་རི་རྩེར་འཛེགས་སྐབས་ཀྱི་ལམ་བར་དུ་མཐོང་ཐུབ་པ་ཞིག་ཡིན།




图片




སྟག་མའི་ནགས་ཚལ།

    སྟག་མའི་ནགས་ཚལ་ཡང་ཏ་ཁོག་འཁྱགས་རོམ་ལྗོངས་སྐོར་ལྟེ་གནས་ཀྱི་གནས་ཁྱད་པར་ཅན་ཞིག་ཡིན་ལ། མཚོ་ངོས་ལས་རྨི་3800ནས་4200མཚམས་སུ་ཆགས་པའི་སྟག་མའི་ནགས་ཚལ་དུ། ཟླ་ལྔ་དང་དྲུག་པའི་ནང་དུ་བྱ་ཁུ་བྱུག་གི་གསུང་དབྱངས་སྙན་མོ་རྣ་བའི་བུ་རམ་དུ་ཆག་མེད་དུ་གྲགས་ཤིང་། གནས་དེ་ནས་མཐོང་བ་ནི་ས་གཞིའི་ཡུལ་ཁམས་ཀུན་ཏུ་སྟག་མའི་མེ་ཏོག་རྣམས་ཀྱིས་འགྲན་ཞིང་རྩོད་པར་བཞད་ཅིང་། སྔོ་སེར་དཀར་དམར་སྔོ་ལྗང་གི་མེ་ཏོག་གིས་ས་གཞིའི་ཁྱོན་ཆེན་པོ་འདི་ཚོན་གྱི་ཕུན་ཚོགས་བཀྲམ་པའི་འཇིག་རྟེན་ཞིག་ཏུ་བཟོས་ཤིང་། ཁུ་བྱུག་གི་གསུང་དབྱངས་སྙན་མོས་དེར་ཕེབས་ཀྱི་སྐུ་མགྲོན་ཡོངས་ལ་དགའ་བསུའི་གླུ་དབྱངས་ལེན་པ་དང་གཉིས་སུ་མེད་དོ།།

图片



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1