༄༅། །ས་དམར་སྟོང་དཔོན་གྱི་རྗེས་ཤུལ་འཚོལ་བ།

བློ་གྲོས་མཐའ་ཡས་ཀྱིས་བྲིས། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-13



བློ་གྲོས་མཐའ་ཡས་ཀྱིས་བྲིས།


        དཔལ་ཡུལ་རྫོང་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་ཕྱོགས་སུ་ཡོད་ལ། ཁུལ་མི་དམངས་སྲིད་གཞུང་དང་བར་ཐག་སྤྱི་ལེ་622ཡོད་ཅིང་། ཞིང་ཆེན་གྱི་ལྟེ་གནས་ཁྲེན་ཏུའུ་དང་བར་ཐག་སྤྱི་ལེ་998ཡོད། རྫོང་མི་དམངས་སྲིད་གཞུང་ནས་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ98བརྒྱུད་པ་ན། དཔལ་ཡུལ་རྫོང་གི་དམངས་སྲོལ་རིག་གནས་ཤིན་ཏུ་དར་བའི་ས་དམར་ཡུལ་ཤོག་ཏུ་སླེབས་ཤིང་། ས་དམར་སྟོང་དཔོན་གྱི་རྗེས་ཤུལ་ཡང་ཡུལ་ཤོག་འདི་ཉིད་ཀྱི་ཁོངས་སུ་ཡོད།

ས་དམར་སྟོང་དཔོན་གྱི་ཆགས་ཡུལ།

        ས་དམར་སྟོང་དཔོན་ནི་བོད་རྒྱལ་སྲོང་བཙན་སྒམ་པོའི་བློན་ཆེན་བཞིའི་ནང་གསེས་མགར་སྟོང་བཙན་གྱི་གདུང་རྒྱུད་ཡིན། དེ་ཡང་མགར་སྟོང་བཙན་གྱི་གདུང་རྒྱུད་དབུས་ནས་ཁམས་ཕྱོགས་སུ་ཐོན་ཏེ་དེང་གི་དཔལ་ཡུལ་རྫོང་ས་དམར་ཡུལ་ཤོག་ཏུ་གཞིས་ཆགས་ཤིང་། མགར་བསོད་ནམས་རིན་ཆེན་ལ་རྒྱ་ནག་གོང་མས་མདོ་སྨད་སྟོང་དཔོན་ནམ་ས་དམར་སྟོང་དཔོན་གྱི་གོ་གནས་བསྩལ་བ་དང་། སྤྱི་ལོ1263ལོར་ས་དམར་ཡུལ་ཤོག་ནས་ཁྲི་དཔོན་བྱས། འདི་ལ་ས་དམར་རྒྱལ་རབས་ཞེས་ཀྱང་བརྗོད།  སྤྱི་ལོ1370ལོར་རྐྱེན་སྣ་ཚོགས་ཀྱི་དབང་གིས་དེང་གི་སྡེ་དགེ་རྫོང་ལྕང་ར་ཡུལ་ཤོག་ཏུ་གནས་སྤོ་བྱས་ཤིང་། སྡེ་དགེའི་མིང་ཐོབ་པ་དང་རིམ་གྱིས་གནས་སྤར་ཏེ་དགོན་ཆེན་དུ་སྡེ་དགེ་རྒྱལ་པོ་བྱས།

སྡེ་དགེ་རྒྱལ་པོའི་བླ་མཚོ་རུ་གྲགས་པའི་མཚོ་ཕུང་མཚོའམ་འབོད་མཚོ།

        ས་དམར་སྟོང་དཔོན་གྱི་རྗེས་ཤུལ་ནི་ས་དམར་ཡུལ་ཤོག་སྡེ་མཐོ་གྲོང་པའི་གྲོང་སྟོད་དུ་ཡོད་ལ། ཡུལ་ཤོག་མི་དམངས་སྲིད་གཞུང་ནས་ཡར་སྤྱི་ལེ་5ཙམ་འགྲོ་དགོས། ལམ་བར་དུ་སྡེ་དགེ་རྒྱལ་པོའི་བླ་མཚོ་རུ་གྲགས་པའི་མཚོ་ཕུང་མཚོའམ་འབོད་མཚོ་ཞེས་པ་ཡོད་ཅིང་། དེ་ལ་ངག་གདངས་མཐོན་པོའི་ངང་སྐད་བཏང་ན་མཚེའུ་ཡི་རྦ་རླབས་ལང་ལོང་དུ་འཕྱུར་བའི་རྣམ་པ་མཐོང་རྒྱུ་ཡོད། དམངས་ཁྲོད་ཀྱི་བཤད་སྲོལ་ལ་ས་དམར་སྟོང་དཔོན་དང་ཐོག་ས་ཆ་འདིར་ཆགས་པར་གྲགས་མོད། འོན་ཀྱང་དེང་སང་རྗེས་ཤུལ་ལུས་མེད། དེ་ནས་ཡར་ཅུང་ཟད་སོང་ན་རྡོ་ཕ་བོང་ཞིག་ལ་དྲེལ་གྱི་རྐང་རྗེས་ཤིན་ཏུ་མངོན་གསལ་ཅན་མཐོང་རྒྱུ་ཡོད་ལ། དེ་ནི་སྔོན་ཆད་བྲག་དམར་སྤྲུལ་སྐུ་སྐུ་ཕྲེང་གོང་མའི་དྲེལ་གྱིས་ངལ་དུབ་ལ་བཟོད་བསྲན་མ་ནུས་ཏེ་རྐང་རྗེས་བཞག་པ་ཡིན་པར་བཤད། འདི་ནས་ད་རུང་དམར་དམག་གི་ལོ་རྒྱུས་ཀྱང་ཤིན་ཏུ་མང་པོ་བཤད་རྒྱུ་ཡོད། དེ་ནས་ཡར་ཅུང་ཟད་སོང་ནས་ཕར་བལྟས་ན་སྡེ་དགེ་རྒྱལ་པོའི་བླ་རྡོ་ཡིན་པར་གྲགས་པའི་བྲག་རྡོ་ངོ་མཚར་ཅན་མཐོང་རྒྱུ་ཡོད།

དྲེལ་གྱི་རྐང་རྗེས།

        ལ་རྩེ་ལ་ཐོན་དུས་ཐོག་མར་མཐོང་བ་ནི་ཡིད་ཀྱི་དབང་པོ་འཕྲོག་པར་བྱེད་པའི་ཚང་ཚིང་འཁྲིགས་པའི་རྩི་ཤིང་གི་དཀྱིལ་དུ་སྤང་ལྗོངས་ཉམས་དགའ་བ་དེ་ཡིན་ལ། གནས་འདི་ལ་དགོན་སྟེང་ཡང་ཟེར་སྲོལ་འདུག་སྟེ། ཕལ་ཆེར་བྲག་དམར་དགོན་པ་གནས་དེ་ལ་ཆགས་མྱོང་པས་མིང་ཐོབ་པར་འདོད། ཡང་བཤད་སྲོལ་གཞན་དུ་སྔོན་ཆད་འདི་གར་སྟོང་དཔོན་ཚང་གི་དགོན་པ་ཞིག་ཡོད་ཅིང་།  དེང་གི་སྡེ་དགེ་དགོན་ཆེན་གྱི་རྨང་གཞི་ཡིན་པར་བཤད། ས་ཁ་ཅུང་ཟད་མཐོ་སའི་སྤང་མཐའ་སྟེ་ཡུལ་ལུང་ཕལ་ཆེར་ལག་མཐིལ་དུ་མཐོང་བ་ལྟ་བུའི་གནས་དེར་སྟོང་དཔོན་གྱི་ཕོ་བྲང་གི་རྗེས་ཤུལ་ཡོད་ལ།  ཡུལ་དེའི་བགྲེས་སོང་བཀྲ་ཤིས་ཕུན་ཚོགས་ཀྱིས་བཤད་པར་གཞིགས་ན། ཕོ་བྲང་གི་རྗེས་ཤུལ་དེ་ལོ་ཟླ་དང་ཆར་རླུང་གི་ཁྲོད་དུ་རིམ་གྱིས་འཇིག་ཅིང་། རིག་དངོས་རྩ་ཆེན་མང་པོ་ལོ་ཟླའི་ཆར་ཆུ་དང་འགྲོགས་ཏེ་ས་འོག་ཏུ་སྦས་ཡོད་ཚོད་སྣང་། དུས་ཕྱིས་ཀྱང་ཨ་བྲའི་ས་དོང་དང་ཆར་ཞོད་ཀྱི་རྗེས་སུ་རྫ་ལེབ་དང་ཚྭ་ཚྭ་སོགས་ས་འོག་ནས་ཐོན་བཞིན་ཡོད། ཆེད་མཁས་པས་ཞིབ་འཇུག་བརྟག་དཔྱད་བྱས་རྗེས་འདི་དག་ལ་གནའ་རྫས་དཔྱད་ཞིབ་ཀྱི་རིན་ཐང་ཆེན་པོ་ཡོད་པ་མ་ཟད། འདི་དག་ལས་ལོ་རྒྱུས་མང་པོ་རྟོགས་རྒྱུ་ཡོད་པར་སྨྲ།

ཆེད་མཁས་པས་རྗེས་ཤུལ་ནས་ཐོན་པའི་རིག་དངོས་ལ་ཞིབ་བརྟག་བྱེད་པ།

        ས་དམར་སྟོང་དཔོན་གྱི་རྗེས་ཤུལ་དུ་སྟོང་དཔོན་གྱི་ཕོ་བྲང་དང་ཆོས་ཁྲི་སྟེང་། དགོན་པ། དགྲ་ཟོན་མཁར་རྫོང་། གཡོག་པོའི་ཉལ་ཆུང་སོགས་ཀྱི་རྗེས་ཤུལ་ཡོད་དེ། ས་བབ་ཅང་ཟད་མཐོ་ས། ས་ཁད་ཡངས་པོ་དེ་ལ་སྟོང་དཔོན་གྱི་ཕོ་བྲང་གི་རྗེས་ཤུལ་དང་། དེའི་གཡོན་ངོས་སུ་དགྲ་ཟོན་མཁར་རྫོང་གི་རྗེས་ཤུལ་འདུག རྒྱབ་ཕྱོགས་ཀྱི་སྤང་རྩེ་ལ་ཆོས་ཁྲི་སྟེང་ཞེས་ཆོས་གསུང་ས་ཡིན་པར་གྲགས་པའི་རྗེས་ཤུལ་འདུག སྤང་མཐའ་ཡི་བྲག་རིའི་འོག་ནས་ས་ལས་བཟོས་པའི་ལྷ་སྐུ་དང་མཆོད་རྟེན་སོགས་ཀྱི་བརྙན་ཆུང་མང་པོ་ཐོན་བཞིན་འདུག་ལ། ཡུལ་མི་ཕལ་ཆེར་བས་དེ་ནི་དགོན་པའི་རྗེས་ཤུལ་ཡིན་པར་བཤད། དེང་སང་ད་རུང་གནའ་རྫས་དཔྱད་ཞིབ་པས་རིག་དངོས་དག་ལ་ཞིབ་འཇུག་བྱེད་བཞིན་ཡོད་དོ།།

ས་དམར་སྟོང་དཔོན་གྱི་ཕོ་བྲང་གི་རྗེས་ཤུལ་ཡོད་གནས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1