ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནན་ཅིང་དུ་ནན་ཅིང་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་མཁན་ལ་2022ལོའི་རྒྱལ་ཁབ་ཀྱི་སྤྱི་མཆོད་བྱེད་སྒོ་གཉེར་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 12-15



        ཤིན་ཧྭ་གསར་འགྱུར་ཁང་ནན་ཅིང་ནས་ཟླ་12ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་13ཉིན་གྱི་སྔ་དྲོར་ནན་ཅིང་དུ་ནན་ཅིང་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་མཁན་ལ་2022ལོའི་རྒྱལ་ཁབ་ཀྱི་སྤྱི་མཆོད་བྱེད་སྒོ་གཉེར་ཞིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཚའེ་ཆི་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

        སྤྱི་མཆོད་བྱེད་སྒོ་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་དམག་གིས་ནན་ཅིང་དམར་གསོད་ཆེན་པོ་གཏོང་སྐབས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླའི་དྲན་གསོ་ཁང་གི་འདུ་འཛོམས་ཐང་ཆེན་དུ་འཚོགས་ཤིང་། ས་གནས་ས་ཐོག་ཏུ་བརྗིད་ཆགས་སྒམ་བརླིང་ལྡན་པ་དང་རྒྱལ་དར་ཕྱེད་ཀ་ཕབ་ཡོད། ལས་རིགས་ཁག་གི་འཐུས་མི་3000ལྷག་ཙམ་གྱིས་བྲང་ཁར་མེ་ཏོག་དཀར་པོ་བཏགས་ཏེ་ཁུ་སིམ་མེར་ལངས་ཡོད། ཆུ་ཚོད་10པ་ཏག་ཏག་ལ་སྤྱི་མཆོད་བྱེད་སྒོ་འགོ་ཚུགས་པ་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ》བླངས་ཡོད། རྒྱལ་གླུ་བླངས་རྗེས་ཚོགས་ར་ཡོངས་ཀྱིས་ནན་ཅིང་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་མཁན་ལ་ངག་བསྡམས་ནས་མྱ་ངན་ཞུས་ཤིང་། དུས་མཚུངས་སུ་ནན་ཅིང་གྲོང་ཁྱེར་ཡོངས་སུ་མཁའ་ཟོན་ཉེན་བརྡ་བཏང་། རླངས་འཁོར་ཡང་འགྲོ་མཚམས་བཞག་ནས་དུང་བརྡ་བཏང་བ་དང་ཕར་འགྲོ་ཚུར་འོང་བྱེད་མཁན་གྱིས་ས་ཆ་དེ་གར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད། མྱ་ངན་ཚར་རྗེས《རྒྱལ་ཁབ་སྤྱི་མཆོད་རོལ་དབྱངས》ཀྱི་འགྱུར་ཁུག་ཁྲོད་བཅིངས་འགྲོལ་དམག་གཟབ་སྦྲེང་རུ་ཆེན་གྱི་གུས་དམག་16གིས་སྤྱི་མཆོད་སྟེགས་བུར་མེ་ཏོག་ཕྲེང་བ་8ཕུལ་བ་རེད།

        དེ་རྗེས་ཚའེ་ཆི་ཡིས་གསུང་བཤད་གནང་ཞིང་། ཁོང་གིས་དེ་རིང་ང་ཚོས་འདི་གར་ནན་ཅིང་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་མཁན་ལ་རྒྱལ་ཁབ་ཀྱི་སྤྱི་མཆོད་བྱེད་སྒོ་གཟབ་རྒྱས་འཚོགས་ཏེ་ནན་ཅིང་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་མཁན་ལ་དྲན་གསོ་ཞུ་བ་དང་། རི་པིན་བཙན་འཛུལ་བས་དམར་གསོད་བཏང་ནས་རྐྱེན་ལམ་དུ་ཤོར་མཁན་སྤུན་ཟླ་ཚང་མར་དྲན་གསོ་ཞུ་བ། ཀྲུང་གོ་མི་དམངས་ཀྱིས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ལེན་ཆེད་རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་མི་རིགས་ཀྱི་དཔའ་བོར་དྲན་གསོ་ཞུ་བ། ཀྲུང་གོ་མི་དམངས་དང་ལག་གདང་སྦྲེལ་ནས་རི་པིན་བཙན་འཛུལ་བར་འགོག་རྒོལ་བྱེད་རིང་རང་སྲོག་བློས་གཏོང་མཁན་རྒྱལ་སྤྱིའི་འཐབ་འཛིང་པ་དང་མཛའ་གྲོགས་མི་སྣར་དྲན་གསོ་ཞུ་བ་བཅས་བྱས་ཏེ། ཀྲུང་གོ་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པའི་བླ་ན་མེད་པའི་འདུན་པ་མཚོན་པ་དང་། ཀྲུང་གོ་མི་དམངས་ཀྱིས་ལོ་རྒྱུས་བློ་ལ་བརྟན་པོར་འཆང་བ་དང་འདས་དོན་མི་བརྗེད་པར། ཞི་བདེར་གཅེས་སྤྲས་དང་འབྱུང་འགྱུར་གསར་གཏོད་བྱེད་པའི་ལངས་ཕྱོགས་བརྟན་པོ་གསལ་སྟོན་བྱས་ཡོད་ཅེས་གསུངས་པ་རེད།

        ཚའེ་ཆི་ཡིས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་བསྐལ་བརྒྱའི་བྱ་གཞག་རླབས་པོ་ཆེ་བློ་ལ་འཆང་བ་དང་། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་གཞོལ་བཞིན་ཡོད་པས་དེ་ནི་འགན་འཁྲི་ཤིན་ཏུ་ཆེ་བ་དང་ལས་འགན་གཟི་བརྗིད་ཆེ་ལ་བླ་ན་མེད་པ་ཞིག་རེད། དུས་རབས་གསར་པའི་རྒྱང་ལམ་གསར་པའི་ཐོག་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་འབྱུང་འགྱུར་བཏོད་དེ་འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས། ཀྲུང་གོའི་མི་དམངས་ཀྱིས་འཛམ་གླིང་མི་དམངས་དང་མཉམ་དུ་མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་འདོད་ཡོད་ཅེས་གསུངས་པ་རེད།

        ཚའེ་ཆི་ཡིས་གསུང་བཤད་གནང་བསྒྲུབས་རྗེས་ནན་ཅིང་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་འཐུས་མི་85ཡིས《ཞི་བདེའི་བསྒྲགས་གཏམ》སྒྲོག་སྦྱངས་བྱས་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི་6གིས“ཞི་བདེའི་ཅོང་ཆེན་པོ”མཉམ་དུ་བརྡུངས་པ་རེད། ཅོང་སྒྲ་ཐེངས་གསུམ་གྲགས་པ་དང་ཆབས་ཅིག ཞི་བདེའི་ཕུག་རོན་3000མཁའ་དབྱིངས་སུ་གློད་ནས་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཟབ་མོ་ཞུས་པ་དང་འཛམ་གླིང་གི་ཞི་བདེར་བཅངས་པའི་རེ་འདོད་བརྟན་པོ་མཚོན་པར་བྱས་ཡོད།

        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཁྲེན་ཝུན་ཆིང་གིས་སྤྱི་མཆོད་བྱེད་སྒོ་གཙོ་སྐྱོང་གནང་བ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཁྲེན་ཀྲུའུ་དང་། རྒྱལ་དོན་ཨུ་ཡོན་ཝང་ཡུང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལུའུ་ཀྲན་ཀུང་། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་དང་དམག་ཨུད་ཆབ་སྲིད་ལས་དོན་པུའི་ཀྲུའུ་རེན་མེའོ་ཧྭ་བཅས་ཞུགས་ཡོད་པ་རེད།

        རི་འགོག་དམག་འཁྲུག་ལ་ཞུགས་མྱོང་བའི་འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱི་འཐུས་མི་དང་། ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། ཤར་རྒྱུད་གཡུལ་འགྱེད་ཁུལ། ཅང་སུའུ་ཞིང་ཆེན་དང་། ནན་ཅིང་གྲོང་ཁྱེར་བཅས་ཀྱི་འགན་འཁུར་བློ་མཐུན། དམངས་གཙོའི་ཏང་ཤོག་ཁག་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ནན་ཅིང་དམར་གསོད་ཆེན་པོའི་ཁྲོད་སྟེས་དབང་གིས་གསོན་པོར་གནས་མཁན་དང་དེ་བཞིན་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླའི་གཉེན་ཉེའི་འཐུས་མི། རྒྱལ་ནང་གི་འབྲེལ་ཡོད་བརྗོད་དོན་གཙོ་བོའི་དྲན་གསོ་ཁང(རྟེན་རྫས་བཤམས་མཛོད་ཁང)འབྲེལ་ཡོད་མཐོ་སློབ་དང་ཇུས་འདོན་ཚོགས་པའི་རིགས་གཅིག་མཁས་ཅན་གྱི་འཐུས་མི། ཆོས་ལུགས་ལས་རིགས་ཀྱི་འཐུས་མི། ནན་ཅིང་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མི། ཅང་སུའུ་ཞིང་ཆེན་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་སོགས་སྤྱི་མཆོད་བྱེད་སྒོར་ཞུགས་པ་རེད།

        2014ལོའི་ཟླ་2ཚེས་27ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པའི་ཐོག་གཏན་འབེབས་བྱས་པ་བརྒྱུད་ཁྲིམས་འཛུགས་རྣམ་པའི་ཐོག་ནས་ཟླ་12ཚེས་13ཉིན་དེ་ནན་ཅིང་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་མཁན་གྱི་རྒྱལ་ཁབ་ཀྱི་སྤྱི་མཆོད་ཉིན་མོར་གཏན་འཁེལ་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1