ཞི་ཅིན་ཕིང་གི་ལོ་གསར་ཤིས་ཚིག་ལ་ས་གནས་ཁག་ཏུ་ལན་ཆ་ཆེན་པོ་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 01-04


        “ང་ཚོས་ཞུམ་མེད་མདུན་སྐྱོད་དང་སྙིང་རུས་ཆེན་པོས་འབད་བརྩོན་བྱས་ནས་འབྱུང་འགྱུར་གྱི་ཀྲུང་གོ་དེ་བས་མཛེས་སྡུག་ལྡན་པར་འགྱུར་བ་བྱ་དགོས”ཀྲུའུ་ཞི་ཞི་ཅིན་ཕིང་གི་སྤྱི་ལོ་ཉིས་སྟོང་ཉི་ཤུ་རྩ་གསུམ་ལོའི་ལོ་གསར་གྱི་ཤིས་ཚིག་ནང་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས་པའི་འབོད་སྐུལ་གནང་ཡོད། ཚང་མས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ཐོག འབད་འཐབ་ཡར་བརྩོན་དང་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

        ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་གྱི་ཤིས་ཚིག་ནང་། ཡུས་ཀུང་གིས་རི་བོ་སྤོས་པའི་བློ་སྟོབས་དང་ཆུ་ཐིགས་བསགས་ནས་རྡོ་ལ་ཨི་ཁུང་འབིགས་པའི་སྙིང་རུས་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་སྙིང་རུས་ཀྱིས་འབད་བརྩོན་བྱས་ན། གོམ་ཆུང་བསགས་ནས་ལེ་དབར་སྟོང་ལ་བསྐྱོད་པའི་དཔེ་ལྟར། བརྗིད་ཆེའི་དམིགས་ཚད་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་ཐུབ་ངེས་རེད་ཅེས་གསུངས་པ་རེད།

        མེས་རྒྱལ་གྱི་ས་ཕྱོགས་ཀུན་དུ་དཀའ་སྤྱད་སྙིང་རུས་ཀྱིས་བྱ་བ་སྒྲུབ་མཁན་མཐོང་རྒྱུ་ཡོད། ཏ་ཆིན་ལྕགས་ལམ་གྱི་ཝང་ཅ་དབན་ལམ་རྒྱུད་དེ་རི་བོ་ཡན་ཧྲན་གྱི་ཕུ་རུ་གནས་པ་དང་། གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་། 2000ལོའི་རྗེས་སྐྱེས་ཀྱི་ལྕགས་ལམ་བཟོ་པ་མོང་ཡུས་དང་ལས་རོགས་ཚོས་འཐབ་ཕྱོགས་དང་པོར་ལས་གནས་བརྟན་སྲུང་བྱས་ནས་ནུས་རྒྱུའི་ལམ་བུ་དེའི་བདེ་འཇགས་འགན་ལེན་ཏན་ཏིག་བྱས་ཡོད།

        ཀྲུང་གོ་ལྕགས་ལམ་ཐའེ་ཡོན་ཅུས་ཏ་ཐུང་བཟོ་ལས་དུམ་བུ་ཝང་ཅ་དབན་ལམ་ཐིག་འཁོར་ཁང་གི་ལམ་ཐིག་བཟོ་པ་མོང་ཡུས་ཀྱིས། འདས་མ་ཐག་པའི་2022ལོར་ཏ་ཆིན་ལྕགས་ལམ་ཐོག་ལོ་ཧྲིལ་པོར་རྡོ་སོལ་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་4ཙམ་ཟིན་ནས་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་འགན་ལེན་ནུས་ལྡན་ཐུབ་ཡོད། ནུས་རྒྱུའི་འཕར་རྩ་ཆེན་པོ་དེ་སྲུང་མཁན་ན་གཞོན་བཟོ་པ་ཞིག་ཡིན་པའི་ངོས་ནས། ང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ཐོག་ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་ངེས་ཡིན། ལས་དོན་སྔར་བས་ཞིབ་ཚགས་དང་སྔར་བས་ཏན་ཏིག་བསྒྲུབས་ནས་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

        གཙོ་གནད་ལས་གྲྭའི་འཛུགས་སྐྲུན་བྱ་ཡུལ་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ཞིང་ནང་མུ་ཁའི་བར་དང་། རང་མོས་ཉོ་ཚོང་ཁུལ་གྱི་ཐོན་སྐྱེད་བྱ་ཡུལ་ནས་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་གཏོང་ཡུལ་བར་སོགས་ལོ་གསར་པའི་ནང་ལས་རིགས་ཁག་གི་མི་རྣམས་ཀྱིས་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་བཞིན་ཡོད་པ་དང་། ཁོང་ཚོའི་འབད་འཐབ་ལ་བརྟེན་ནས་འབྱུང་འགྱུར་གྱི་ཀྲུང་གོ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བ་བྱེད་བཞིན་ཡོད།

        ཞུང་ཨན་ཁུལ་གསར་རིག་ནུས་གྲོང་ཁྱེར་ཐོན་ལས་གླིང་རྣམ་གྲངས་ཀྱི་ཐོན་སྐྱེད་ཅིང་ལི་ཞུས་ལི་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་གྱི་ཤིས་ཚིག་ནང་འབྱུང་འགྱུར་གྱི་ཀྲུང་གོས་འབད་འཐབ་ལ་བརྟེན་ནས་ངོ་མཚར་གཏོད་དགོས་ཞེས་གསུངས་ཡོད། ཞུང་ཨན་གྱི་འཛུགས་སྐྲུན་པ་ཞིག་ཡིན་པའི་ངོས་ནས། ང་ཚོས་ངེས་པར་དུ་ཞུང་ཨན་གྱི་ས་ཆ་འདིར་རྩ་བ་བཙུགས་ཐོག འཛུགས་སྐྲུན་པ་ཡོངས་ཀྱིས་མུ་མཐུད་འབད་འཐབ་བྱས་པ་བརྒྱུད་ཞུང་ཨན་གྱི་ངོ་མཚར་བཏོད་དེ་འབྱུང་འགྱུར་གྱི་ཞུང་ཨན་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད།

        ཧྲའན་ཞི་ཞིང་ཆེན་ཞི་ཨན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་གཉེར་སྐྱོང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཡོན་ཞའོ་ཅུན་གྱིས། 2022ལོར་ཧྲའན་ཞི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱིས་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་ཁྲང་ཨན་རྟགས་ཅན་གཏོང་ཐེངས་4600ལྷག་ཟིན་ཡོད། ལོ་གསར་པའི་ནང་། ང་ཚོས་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར(ཞི་ཨན)གྱི་གཅིག་སྡུད་ལྟེ་གནས་ཀྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་ཆེ་རུ་ཧུར་ཐག་བཏང་ནས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

        ཁུན་མིང་འགག་སྒོའི་ཁོངས་གཏོགས་ཀྱི་མོང་ལཱ་འགག་སྒོའི་ལས་དོན་མི་སྣ་ཝང་ཏན་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་གྱི་ཤིས་ཚིག་ནང་ད་ཆའི་ཀྲུང་གོ་ནི་འཛམ་གླིང་དང་འབྲེལ་བ་དམ་ཟབ་བྱེད་པའི་ཀྲུང་གོ་ཞིག་རེད་ཅེས་གསུངས་ཡོད། 2023ལོར་ང་ཚོས་ས་སྲུང་གི་འགན་འཁྲི་དེ་བས་ལེགས་པ་འཁུར་ཐོག འབད་འཐབ་ཀྱི་ཉམས་འགྱུར་ཐོག་ནས་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱིས་རྒྱལ་སྤྱིའི་དངོས་ཟོག་སྐྱེལ་འདྲེན་བྱ་རྒྱུར་སྲུང་སྐྱེལ་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

        ནང་སོག་ཐུང་ལེའོ་གྲོང་ཁྱེར་ཁོའར་ཆིན་བྱེ་ཁུལ་དུ་གླ་ཚེར་མུའུ་ཁྲིར་ལོ་ལེགས་བྱུང་བའི་དུས་སུ་སླེབས་ཡོད། གླ་ཚེར་འདེབས་འཛུགས་ཁྱབ་གདལ་བཏང་བ་བརྒྱུད། ས་གནས་དེ་གས་བྱེ་བཅོས་དང་ཞིང་པའི་འབབ་འཕར་ཟུང་འབྲེལ་བྱས་པས། “འབྱུང་ཁམས་ཕན་འབྲས”དང“དཔལ་འབྱོར་ཕན་འབྲས”གཉིས་ཀ་ཐོབ་ཡོད།

        ནང་སོག་ཐུང་ལེའོ་གྲོང་ཁྱེར་ཁོའར་ཆིན་ཆུས་ཆིང་ཧོ་གྲོང་རྡལ་གྱི་འགོ་འཛིན་གཞོན་པ་ཀྲང་ཝུའེ་ཡིས། སྤྱི་ཁྱབ་ཧྲུའུ་ཅིས་ལོ་གསར་གྱི་ཤིས་ཚིག་ནང་ལམ་ཐག་རིང་ཡང་བསྐྱོད་ན་སླེབས་ངེས་ཡིན་པ་དང་ལས་དོན་དཀའ་ཡང་སྙིང་རུས་བསྐྱེད་ན་མ་འགྲུབ་བྱ་བ་མེད་ཅེས་གསུངས་གནང་བ་རེད། ངས་བསམ་ན་འབྱུང་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མཁོ་བ་ནི་རྒྱུན་འཁྱོངས་ལྷོད་མེད་ཀྱི་དད་སེམས་རེད། ལོ་གསར་པའི་ནང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱས་ཏེ། བྱེ་ཐང་སྔར་བས་མང་བ་སྔོ་ལྗང་ཅན་དུ་འགྱུར་བར་བྱ་རྒྱུ་དང་བྱེ་ཁུལ་གྱི་མང་ཚོགས་ཚོའི་འཚོ་བ་སྔར་བས་ཡག་ཏུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

        ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིས་ཚིག་ནང་། འབྱུང་འགྱུར་གྱི་ཀྲུང་གོས་འབད་འཐབ་བྱས་ནས་བྱས་རྗེས་ངོ་མཚར་ཅན་གཏོད་རྒྱུ་དང་། སྟོབས་ཤུགས་ནི་མཐུན་སྒྲིལ་ལས་བྱུང་བས་གཞོན་ནུ་ཚོར་རེ་བ་བཅོལ་ཡོད་ཅེས་གསུངས་པ་རེད། ཚང་མས། བསམ་བློ་ཕྱོགས་གཅིག་ལ་བཏང་བ་དང་ནུས་ཤུགས་ཕྱོགས་གཅིག་ལ་བཏོན་ཚེ། བསྒྲུབ་མི་ཐུབ་པའི་བྱ་བ་དང་ཁྱད་བསད་བྱེད་མི་ཐུབ་པའི་དཀའ་ངལ་མེད་ཅེས་བཤད་པ་རེད།

        ཀོང་ཞི་ལུང་ཀྲོའུ་རྫོང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་སུའུ་དབྱིན་གྱིས། བུར་ཤིང་བཏབ་པ་བརྒྱུད་གྲོང་མི་ཚོའི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་ད་ལྟའི་འཚོ་བ་བུར་ཤིང་ལྟར་མངར་མོ་ཡོད། ང་ཚོ་མཐའ་མཚམས་ས་ཁུལ་གྱི་མཐའ་དར་དམངས་ཕྱུག་གི་གྲུབ་འབྲས་མིག་མཐོང་ལག་ཟིན་ཐུབ་ཀྱི་ཡོད། སླད་ཕྱིན། ངས་གཞོན་ནུ་ཚོའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་མཐའ་མཚམས་མི་རིགས་ས་ཁུལ་འཕེལ་རྒྱས་མྱུར་པོ་འགྲོ་ཆེད་འབད་བརྩོན་ཆེན་པོ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

        ཧྲན་ཏུང་ཅི་ནན་སན་ཅན་ཞི་གྲོང་ཚོའི་ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མ་ལི་ཆི་ཞའོ་ཡིས། གྲོང་གསེབ་དར་རྒྱས་གཏོང་རྒྱུ་ནི་གར་སྟེགས་ཆེན་པོ་ཞིག་རེད། གར་སྟེགས་འདིའི་ཐོག་གི་ན་གཞོན་ཞིག་ཡིན་པའི་ངོས་ནས། ང་ཚོས་འབད་འཐབ་ཀྱི་ཉམས་འགྱུར་ལ་བརྟེན་ནས་དུས་རབས་ལ་ངོ་གནོང་མི་དགོས་པ་དང་ལང་ཚོར་ངོ་གནོང་མི་དགོས་པ་ཞིག་བྱ་རྒྱུ་ཡིན། ང་ཚོའི་མེས་རྒྱལ་དེ་བས་སྟོབས་འབྱོར་མངའ་ཐང་རྒྱས་པ་ཞིག་ཡོང་རྒྱུ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་ཡིན་པར་ང་ཚོར་ཡིད་ཆེས་ཡོད་ཅེས་བཤད་པ་རེད།

        ཀྲུང་གོའི་མཛེས་སྡུག་ལྡན་པའི་མ་འོངས་པ་ཚང་མས་མཉམ་དུ་གཏོད་དགོས། ཚང་མས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1