ཏོག་དབྱིབས་ནད་དུག་གསར་པའི་འགོ་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞི་དཔར་གཞི་བཅུ་པ་ཡོངས་བསྒྲགས་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 01-10



        འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ས་གནས་ཁག་གིས་ཏོག་དབྱིབས་ནད་དུག་གསར་པའི་འགོ་ནད་ལ“རིགས་ཁ་པའི་དོ་དམ་བྱེད་ཐབས་ཁ་པ”ལག་བསྟར་བྱས་རྗེས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པར་མཛུབ་ཁྲིད་བྱ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གིས་གོང་ཚེས་ཉིན《ཏོག་དབྱིབས་ནད་དུག་གསར་པའི་འགོ་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞི(དཔར་གཞི་བཅུ་པ)》ཡོངས་བསྒྲགས་བྱས་པ་རེད།

        སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞི་དཔར་གཞི་བཅུ་པའི་ནང“ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད” “ཏོག་དབྱིབས་ནད་དུག་གསར་པའི་འགོ་ནད”ལ་མིང་བསྒྱུར་བ་དང་། “སྔོན་འགོག་གཙོར་བཟུང་དང་། འགོག་བཅོས་ཟུང་འབྲེལ། ཁྲིམས་བཞིན་ཚན་རིག་དང་མཐུན་པ། རིམ་དབྱེ་རིགས་དབྱེ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་དང་། རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་དང་རིམས་ནད་མཆེད་རིང་འཕྲལ་སྡོམ་ཐག་གཅོད་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས“ཕྱོགས་བཞིའི་འགན་འཁྲི”ནན་དུ་གཏོང་བ་དང་། ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡ་ཤུགས་ཆེར་གཏོང་བ། གཙོ་གནད་མི་ཚོགས་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། “བདེ་ཐང་འགན་ལེན་དང་ནད་ཚབས་ལྕི་རིགས་མ་ཐོན་སྔོན་འགོག”བྱེད་པའི་ལས་ཀའི་དམིགས་ཚད་མངོན་འགྱུར་བཅས་བྱས་ཏེ། མི་དམངས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་དང་། རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་ཚད་ནུས་ཤུགས་ཡོད་རྒུས་ཆུང་དུ་གཏོང་དགོས་པ་ཁ་གསལ་བཏོན་ཡོད།

        རིམས་འགོག་སྨན་ཁབ་རྒྱག་པ་དང་མི་སྒེར་གྱི་འགོག་སྲུང་ཡག་པོ་དར་སྤེལ་གཏོང་དགོས། མི་ཀུན་དང་ལྷག་པར་དུ་རྒན་རྒོན་ཚོས་རང་འགུལ་ངང་བརྒྱུད་རིམ་ཧྲིལ་པོའི་རིམས་འགོག་སྨན་ཁབ་དང་ནུས་སྐྱེད་རིམས་འགོག་སྨན་ཁབ་ཧུར་ཐག་གཟེད་དགོས་པ་དང་། ཉེན་ཁ་ཆེ་བའི་མི་ཚོགས་ཀྱིས་ནུས་སྐྱེད་རིམས་འགོག་སྨན་ཁབ་ཐེངས་དང་པོ་གཟེད་ནས་ཟླ་6སོང་རྗེས་ནུས་སྐྱེད་རིམས་འགོག་སྨན་ཁབ་ཐེངས་གཉིས་པ་གཟེད་དགོས། “མི་ཚང་མ་ནི་རང་ཉིད་ཀྱི་བདེ་ཐང་གི་འགན་འཁུར་བ་ཨང་དང་པོ་ཡིན”པས། ལག་པ་ཡང་སེ་བཀྲུ་བ་དང་། ཁ་རས་ཡག་པོ་རྒྱག་པ། རྒྱུན་དུ་རླུང་འགྲོ་ཐུབ་པ་སོགས་ཀྱི་འཕྲོད་བསྟེན་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱེད་པ་དང་ཆབས་ཅིག མི་སྒེར་གྱི་འགོག་སྲུང་ལའང་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་བྱས་ཡོད།

        ཞིབ་དཔྱད་ཚད་ལེན་གྱི་ཐབས་ཇུས་ལེགས་སུ་གཏོང་དགོས། སྡེ་ཁུལ་གྱི་གྲོང་མི་ཚོས་དགོས་མཁོ་གཞིར་བཟུང“བཤེར་འདོད་ཡོད་ཚད་བཤེར་བ”ལས་དམངས་ཡོངས་ཉིང་སྐྱུར་གྲལ་བཤེར་མི་བྱེད་པ་དང་། སྨན་ཁང་དུ་སྐྱོད་མཁན་ནད་པ་དང་། སྨན་ཁང་དུ་སྡོད་མཁན་ནད་པ། རྒན་གསོའི་སྒྲིག་གཞི། སྤྱི་ཚོགས་ཀྱི་ཕན་བདེའི་སྒྲིག་གཞི་སོགས་ཀྱི་ལས་དོན་པ་དང་། ལྟ་སྐྱོང་བྱེད་དགོས་པའི་མི། སྡེ་ཁུལ་གྱི་ནད་གཞི་ལྕི་བའི་མི་སོགས་གདོད་འགོག་བརྟག་དཔྱད་དམ་ཡང་ན་ཉིང་སྐྱུར་བརྟག་དཔྱད་བྱེད་དགོས། སྡེ་ཁུལ་དུ་དམངས་ཕན་ཉིང་སྐྱུར་བརྟག་དཔྱད་བྱེད་ས་ཁག་གཅིག་འཇོག་དགོས་ལ། གདོད་འགོག་བརྟག་དཔྱད་ཡོ་བྱད་འདང་ངེས་མཁོ་སྤྲོད་བྱས་ཏེ་གྲོང་མིའི་བརྟག་དཔྱད་དགོས་མཁོ་སྐོང་དགོས་པ་ཁ་གསལ་བཏོན་ཡོད།

        འགོ་ཁུངས་དོ་དམ་བྱེད་ཐབས་ལེགས་སྒྲིག་བྱེད་དགོས། ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་མི་ལོགས་སུ་མི་འཇོག་པ་དང་། འབྲེལ་བ་དམ་ཟབ་བྱུང་བའི་་མི་གཏན་འཁེལ་མི་བྱེད་པ། ཉེན་ཁ་ཆེ་ཆུང་གི་ཁུལ་མི་དབྱེ་བ་བཅས་བྱེད་དགོས། ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་མི་ལ་རིམ་དབྱེ་རིགས་དབྱེའི་ངང་སྨན་བཅོས་བྱེད་དགོས་པའི་བླང་བྱ་ལག་ལེན་བསྟར་ནས། རྨང་གཞིའི་ནད་གཞི་ཚབས་ཆེན་མེད་པའི་ནད་རྟགས་མེད་པའི་ནད་པ་དང་ནད་རྟགས་ཡང་བའི་ནད་པ་ཁྱིམ་དུ་བསྡད་ནས་སྨན་བཅོས་བྱ་ཆོག་པ་དང་། ནད་གཞི་ལྕི་རིགས་དུས་ཐོག་ཏུ་སྨན་ཁང་ལ་སྨན་བཅོས་བྱེད་པར་སྐྱོད་དགོས།

        གཙོ་གནད་ལྷུ་ཚིགས་ཀྱི་སྔོན་འགོག་དང་ཚོད་འཛིན་ལེགས་སུ་གཏོང་དགོས། གཙོ་གནད་མི་ཚོགས་དང་། གཙོ་གནད་ལས་ཁུངས་དང་ལས་རིགས། འདུ་འཛོམས་ཆེ་ས། གྲོང་གསེབ་ས་ཁུལ་བཅས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཤུགས་སྣོན་དང་། གཙོ་གནད་མི་ཚོགས་ཀྱི་སྲུང་སྐྱོབ་ལ་གཙིགས་ཆེན་བྱས་ནས་འདུ་འཛོམས་རང་བཞིན་གྱི་རིམས་ནད་དང་ནད་གཞི་ལྕི་རིགས་ཐོན་པའི་ཉེན་ཁ་ཆུང་དུ་གཏོང་དགོས། རིམས་ནད་ཚབས་ཆེ་བའི་སྐབས་སུ་གཙོ་གནད་ཏང་སྲིད་ལས་ཁུངས་དང་ལས་རིགས་ཀྱིས་ལས་དོན་པར“གནས་གཉིས་ཐིག་གཅིག”དང་མི་སྣ་རེས་མོས་ཀྱི་ལམ་སྲོལ་དོན་འཁྱོལ་བྱས་ཏེ་སྤྱི་ཚོགས་རྒྱུན་གཏན་ལྟར་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།

        རིམས་ནད་མཆེད་རིང་ཛ་དྲག་གི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་སྤྱོད་དགོས། རིམས་ནད་མཆེད་རིང་། ནད་དུག་ངོ་འགྱུར་གྱི་གནས་ཚུལ་དང་། རིམས་ནད་མཆེད་ཤུགས་ཆེ་ཆུང་། སྨན་བཅོས་ཐོན་ཁུངས་ཀྱི་ཁུར་པོ། སྤྱི་ཚོགས་འཁོར་སྐྱོད་ཀྱི་གནས་ཚུལ་བཅས་ལ་ཕྱོགས་བསྡུས་དཔྱད་དཔོག་དང་ཟུང་འབྲེལ་བྱས་ཏེ། དུས་ཐོག་ཏུ་ཁྲིམས་ལྟར་སྟབས་བསྟུན་གྱི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་སྤྱད་ནས། མི་འདུ་འཛོམས་བྱེད་ཚད་དང་མི་འགྲོ་འོང་བྱེད་ཚད་ཉུང་དུ་བཏང་སྟེ། ནད་གཞི་ཕོག་མཁན་དུས་ཐུང་ནང་མང་པོ་འཕར་ནས་སྤྱི་ཚོགས་ཀྱི་འཁོར་སྐྱོད་དང་སྨན་བཅོས་ཐོན་ཁུངས་སོགས་ལ་འཕྲད་པའི་དཀའ་ངལ་ཞི་ལྷོད་དུ་གཏོང་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1