མཚོ་བྱང་གི་ཁྲོམ་རར་ལོ་སར་གྱི་ཅ་ལག་གང་མཁོ་དེ་འཛོམས་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་འཕྲིན་གསར། སྤེལ་དུས། 01-13


        ལོ་སར་སླེབས་ལ་ཉེ་བའི་སྐབས་འདིར་མི་ཚོགས་ཀྱི་གདོང་ལ་འཛུམ་གྱིས་ཁེངས་ཤིང་ལོ་སར་ལ་གྲ་སྒྲིག་བྱེད་པའི་རྣམ་པ་རིམ་བཞིན་འཁྲུག་ཆ་དོད་ཅིང་། མཚོ་བྱང་ཁུལ་གྱི་ཁྲོམ་ར་སོ་སོར་ཡང་སྔར་དང་མི་མཚུངས་པར་ལོ་སར་གྱི་མཁོ་ཆས་ཉོ་བའི་འདུ་འཛིའི་ཡོ་ལང་རྣམ་པར་རྒྱས་ཤིང་། མི་དམངས་མང་ཚོགས་ལ་མཁོ་བའི་འབྲས་དང་གྲོ་ཕྱེ། བཟའ་སྣུམ། ཅ་ལག སིལ་ཏོག ཤ་རིགས་སོགས་སྣ་ཁ་ཕུན་སུམ་ཚོགས་ཤིང་མཁོ་སྤྲོད་འདང་ངེས་དང་རིན་གོང་གཞི་རྩའི་ཆ་ནས་བརྟན་པོ་ཡིན་པས་མང་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་ཅིང་། འཆམ་མཐུན་བདེ་སྐྱིད་ཀྱི་ལོ་སར་ཞིག་རོལ་བར་འགན་ལེན་བྱས་ཡོད།

        མང་ཚོགས་ཀྱི་འཛད་སྤྱོད་དགོས་མཁོ་སྐོང་བ་དང་དཔྱིད་གསར་དུས་ཆེན་རིང་གི་དམངས་འཚོ་འགན་ལེན་བྱ་བ་ཏན་ཏིག་ངང་སྒྲུབ་ཆེད། མཚོ་བྱང་ཁུལ་གྱི་སྡེ་ཁག་མང་བོས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱ་བ་ལེགས་པོར་སྒྲུབ་ནས་འཚོ་བའི་མཁོ་ཆས་མཁོ་སྤྲོད་འགན་ལེན་བྱས་ཡོད།

        མཚོ་བྱང་ཁུལ་གྱི་ཞིང་ཞོར་ཉོ་ཚོང་ཁྲོམ་ར་དང་སྒོ་རྩིས་ཚོང་ཁང་། སྟབས་བདེ་ཚོང་ཁང་། དྲ་ཐོག་ཚོང་དོན་སོགས་ཚོང་དོན་ཁེ་ལས་ཀྱིས་དཔྱིད་གསར་དུས་ཆེན་སྐབས་ཀྱི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱ་བར་སྤྱི་འདོམས་ངང་དམ་འཛིན་བྱས་ནས། དུས་ཆེན་གྱི་སྐབས་སུ་ལས་སྒོ་མཚམས་མི་འཇོག་པར་ལས་གཉེར་དུས་ཚོད་འོས་འཚམ་གྱིས་རིང་དུ་གཏོང་གང་ཐུབ་བྱས་ཏེ་འཚོ་བའི་དངོས་ཟོག་འགན་ལེན་ལ་ཤུགས་བསྣན་ནས་འཚོ་བའི་མཁོ་ཆས་ཟམ་མི་ཆད་པར་གྲ་སྒྲིག་ཕྱིར་འཚོང་དང་གསོག་འཇོག་བྱེད་ཤུགས་ཆེ་རུ་བཏང་བས། མིག་སྔར་མཚོ་བྱང་ཁུལ་གྱི་བཟའ་སྣུམ་དང་གྲོ་ཕྱེ། ཤ སྒོ་ང་། སྔོ་ཚལ་སོགས་འཚོ་བའི་མཁོ་ཆས་གཙོ་བོ་མཁོ་སྤྲོད་འདང་ངེས་ཡིན་ཞིང་ཁྲོམ་རའི་རིན་གོང་ཡང་སྤྱིའི་ཆ་ནས་བརྟན་པོ་ཡིན་པ་རེད།

        འཇུ་ལག་རྫོང་གི་ཚོང་ཁང་སོ་སོར་ལོ་སར་གྱི་མཁོ་ཆས་ཉོ་བར་ཡོང་མཁན་གྱི་མང་ཚོགས་རྒྱུན་ཆད་མེད་ནའང་། སྣ་ཁ་ཕུན་སུམ་ཚོགས་པའི་དངོས་ཟོག་འདང་ངེས་དང་རིན་གོང་བརྟན་པོ་ཡིན་པ་རེད། “མིག་སྔར་ཚོང་ཟོག་ཁག་ཅིག་གི་རིན་གོང་འཕར་ཚད་ཅུང་ཆེ་ནའང་དེ་ནི་རྒྱུན་གཏན་གྱི་འཕར་ཆག་ཅིག་ཡིན་ལ། མང་ཚོགས་ལ་མཁོ་བའི་དངོས་ཟོག་འདང་ངེས་ཡོད་པས་ཚང་མའི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད”ཅེས་སྦྱིན་བདག་ཝང་ལགས་ཀྱིས་གསར་འགོད་པར་དེ་ལྟར་བཤད།

        ནུབ་མཚོ་ཕྱོགས་བསྡུས་གོང་སྙོམ་ཚོང་ཁང་དུ་གསར་འགོད་པས་ཚོང་ཁང་དུ་གསོག་འཇོག་བྱས་པའི་ལོ་སར་གྱི་མཁོ་ཆས་ཧ་ཅང་ཕུན་སུམ་ཚོགས་ཤིང་འཛད་སྤྱོད་པ་རྣམས་ཀྱིས་ཀྱང་དགའ་བསུ་ཐོབ་བཞིན་པ་ཚོར་བྱུང་ལ། ཚོང་ཁང་གི་ལས་སྒྲུབ་མི་སྣས་ག་དུས་ཡིན་ཡང་ཚོང་སྒྲོམ་ལ་ལྟ་ཞིབ་བྱེད་པ་དང་འབྲེལ་འཕྲལ་མར་དེ་མཚུངས་ཀྱི་ཚོང་ཟོག་ཁ་གསབ་བྱ་རྒྱུར་དོ་སྣང་བྱེད་བཞིན་ཡོད་པ་རེད།

        “དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བའི་སྐབས་དང་བསྟུན་ནས་ཉིན་འདི་དག་ནི་མང་ཚོགས་ཀྱིས་ལོ་སར་གྱི་མཁོ་ཆས་ཉོ་མང་ཤོས་ཀྱི་དུས་ཡིན་པས་ང་ཚོ་ནུབ་མཚོ་ཕྱོགས་བསྡུས་གོང་སྙོམ་ཚོང་ཁང་གིས་ཀྱང་དངོས་ཟོག་གྲ་སྒྲིག་གང་ལེགས་བྱས་ཡོད”ཅེས་ཚོང་ཁང་གི་ལས་སྒྲུབ་མི་སྣ་ཝང་ལེན་ཧྥང་གིས་དེ་ལྟར་བཤད།

        ནུབ་མཚོ་ཕྱོགས་བསྡུས་གོང་སྙོམ་ཚོང་ཁང་གི་འགན་འཁུར་བ་སུང་ཅུན་པའོ་ཡིས“ལོ་སྔོན་མ་དག་གི་ཉམས་མྱོང་ལ་གཞིགས་ནས་ད་ལོར་ང་ཚོས་རང་གི་ཕ་མ་སྤུན་མཆེད་དང་གྲོགས་པོ་སོགས་ལ་ལོ་སར་གྱི་ལེགས་སྐྱེས་སུ་སྟེར་རྒྱུའི་དངོས་ཟོག་གི་རིགས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་པས་རྒྱ་ཆེའི་མང་ཚོགས་ཀྱིས་རང་གི་དགོས་མཁོ་ལྟར་ཉོ་རྒྱུར་སྟབས་བདེ་བསྐྲུན་ཡོད་ལ། ང་ཚོས་ལུགས་མཐུན་གྱི་ཐབས་ལམ་ཐོག་ནས་ཚོང་ཟོག་ནང་འདྲེན་བྱེད་པ་དང་རིན་གོང་དམའ་མོ་བྱས་ཏེ་ཕྱིར་འཚོང་བྱེད་བཞིན་ཡོད་པས་ཚང་མས་བློ་བདེ་མོས་ཉོས་ནས་བེད་སྤྱོད་བྱས་ཆོག”ཅེས་གསར་འགོད་པར་དེ་ལྟར་བཤད།

        ལྕམ་ཀྲང་ལགས་ནི་སི་ཁྲོན་གྱི་མི་ཡིན་ཞིང་། ཉེ་བའི་ལོ་འདི་འགར་བཟའ་ཟླ་དང་མཉམ་དུ་རྐང་ཚ་རྫོང་དུ་ཡོང་ནས་ཞོར་ལས་རྒྱག་བཞིན་ཡོད། ལོ་རེའི་ལོ་སར་གྱི་སྐབས་སུ་ཁོ་ཚོ་ཕ་ཡུལ་སི་ཁྲོན་དུ་ལོག་ནས་ནང་མི་དང་མཉམ་འཛོམས་བྱེད་ཀྱི་ཡོད། ཡིན་ནའང་། ད་ལོར་རིམས་ནད་སོགས་ཀྱིས་ཤུགས་རྐྱེན་ཐེབས་ནས་ཕྱིར་ཕ་ཡུལ་དུ་ལོག་མ་ཐུབ་པར་རྐང་ཚ་རུ་ལོ་སར་ལ་རོལ་རྩིས་འདུག ལྕམ་ཀྲང་ལགས་ཀྱིས“ཁ་སང་ངེད་གཉིས་ཁྲོམ་ར་དང་སྒོ་རྩིས་ཚོང་ཁང་དུ་སོང་ནས་ལོ་སར་གྱི་མཁོ་ཆས་ཉོས་པ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ་ཁྲོམ་རའི་མཁོ་སྤྲོད་འདང་ངེས་ཡིན་ཞིང་། ཉ་སོགས་མཚོ་ཟས་དང་ཤ སྒོ་ང་། འོ་མ། དེ་བཞིན་སིལ་ཏོག་དང་སྔོ་ཚལ་སྣ་ཚོགས་ཆ་ཚང་ཡོད་པས་ངས་ཉོ་འདོད་པའི་ལོ་སར་གྱི་མཁོ་ཆས་ཚང་མ་ཉོ་ཐུབ་པར་མ་ཟད། རིན་གོང་ཡང་བདེ་མོས་ཉོ་ཐུབ། ངས་སང་ལོར་ནང་མི་ཚང་མ་བོད་མཁར་རྐང་ཚར་ཁྲིད་ཡོང་སྟེ་མཉམ་གཅིག་ཏུ་རྩྭ་ཐང་ནས་དཔྱིད་གསར་དུས་ཆེན་གྱི་དཔལ་ལ་རོལ་རྒྱུ་ཡིན”ཞེས་བཤད།

        ཁུལ་བཟོ་འཕྲིན་ཅུས་ཀྱི་ཅུས་ཀྲང་ཀྲང་ཆི་ཧྥིན་གྱིས2023ལོའི་དཔྱིད་གསར་དུས་ཆེན་གྱི་སྐབས་སུ་ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱ་བ་ཡག་པོར་སྒྲུབ་ནས་དཔྱིད་གསར་དུས་ཆེན་རིང་གི་འཚོ་བའི་མཁོ་ཆས་མཁོ་སྤྲོད་འདང་ངེས་དང་རིགས་མང་བ། སྤུས་ཚད་དང་རིན་གོང་བརྟན་པོ་བཅས་ཡོང་བའི་འགན་ལེན་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་འཛད་སྤྱོད་དགོས་མཁོ་སྐོང་ཆེད། ཁུལ་བཟོ་འཕྲིན་ཅུས་ཀྱི་འགན་འཁུར་བ་གཙོ་བོ་སྔ་རྗེས་སུ་ཡུལ་དངོས་སུ་འདྲི་རྩད་བྱེད་པར་སྐྱོད་པ་དང་ཡིག་ཆ་བརྒྱུད་སྒྲོག་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། རྫོང་སོ་སོའི་བཟོ་འཕྲིན་སྡེ་ཁག་ལ་དཔྱིད་གསར་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་གྱི་བྱ་བ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ནས་ཁུལ་ནང་ཁུལ་གྱི་གཙོ་གནད་མཁོ་སྤྲོད་འགན་ལེན་ཁེ་ལས་ལ་ཟོག་ཁུངས་སྒྲིག་འཛུགས་དང་གཏོང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། ཟོག་ཁུངས་མཁོ་སྤྲོད་ཐབས་ལམ་དང་བྱེད་སྟངས་ལེགས་སུ་གཏོང་བ། སྤུས་ཚད་ལ་བརྟེན་ནས་ཚོད་འཛིན་དང་སྣ་ཁ་གདམ་གསེས་བྱ་རྒྱུར་ཤུགས་སྣོན་པ་བཅས་བྱས་ནས་དཔྱིད་གསར་དུས་ཆེན་རིང་གི་འཚོ་བའི་མཁོ་ཆས་མཁོ་སྤྲོད་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པར་བཤད།

        མིག་སྔར། ཁུལ་ཡོངས་ཀྱི་ས་གནས་སོ་སོར་ལོ་སར་གྱི་དགའ་འབོད་དང་ཡོ་ལང་རྣམ་པར་རྫོགས་ཤིང་། འཛད་སྤྱོད་ཁྲོམ་རར་གསོན་ཤུགས་གསར་བ་འཕེལ་ཡོད་ལ། འཛད་སྤྱོད་ཁྲོམ་རའི་ཚོང་ཟོག་འདང་ངེས་དང་རིན་གོང་བརྟན་པོ་ཡིན་པས་མང་ཚོགས་ཀྱི་ལོ་སར་སྐྱིད་པོ་རོལ་བར་འགན་ལེན་གལ་ཆེན་བྱས་ཡོད། གསར་འགོད་པས་ཁུལ་བཟོ་འཕྲིན་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ1པོའི་ཚེས11ཉིན་གྱི་ཆུ་ཚོད12བར་ཁུལ་ཡོངས་སུ་འབྲས་ཏུན371.965དང་གྲོ་ཕྱེ་ཏུན769.431། བཟའ་སྣུམ་ཏུན193.809། ཕག་ཤ་ཏུན21.955། སྐམས་ཤ་ཏུན274.4། ལུག་ཤ་ཏུན127.4། སྔོ་ཚལ་ཏུན323.07། སྒོ་ང་སྤྱི་རྒྱ25.68། སྟབས་བདེ་ཐུག་པ་སྒམ5399། གཡོས་རྒྱུ་སྒམ3320། བཏུང་ཆུ་སྒམ9696། འོ་མ་ཏུན74.9བཅས་མཛོད་ཉར་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1