༄༅། །ཁྲག་ཤེད་མཐོ་བའི་ནད་པས་དགུན་ཁར་ལྷག་ཏུ་མཉམ་འཇོག་བྱེད་དགོས།

ཚེ་རིང་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 02-06



ཚེ་རིང་སྒྲོལ་མ། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་སྙིང་ཁམས་ཁྲག་རྩའི་ཚན་ཁག་གི་སྨན་པ་དཀའ་བཅུ་པ།


        ལོ་རེའི་དགུན་ཁར་ཐོན་དུས། སྨན་ཁང་སོ་སོའི་སྙིང་ཁམས་ཁྲག་རྩའི་ཚན་ཁག་གི་སྒོ་བསྟེན་སྨན་ཁང་དུ་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད།རྒྱུ་མཚན་ནི་དགུན་ཁར་ཁྲག་ཤེད་ཇེ་མཐོར་འགྲོ་སླ་བའི་རྐྱེན་གྱིས་ཡིན་ལ། ལྷག་པར་དུ་གྲང་ངར་ཆེ་བའི་དགུན་དུས་ཀྱི་ཞོགས་པར། ཁྲག་ཤེད་མཐོ་བའི་ནད་པ་ལ་ཀླད་སྙིང་ཁྲག་རྩའི་ནད་འབྱུང་བའི་ཉེན་ཁ་དུས་ཚོད་གཞན་དག་ལས50%ཡིས་མཐོ་བ་རེད།

        ཀྲུང་གོའི་མི་ཚོགས་ལ་དམིགས་ནས་སྤེལ་བའི་ནད་ཡམས་རིག་པའི་ཞིབ་འཇུག་ལས་མངོན་པ་ལྟར་ན། ཕྱི་རོལ་གྱི་དྲོད་ཚད་ཏུའུ5ལས་མཐོ་བའི་སྐབས་སུ། དྲོད་ཚད་ཏུའུ10རེ་ཇེ་དམའ་རུ་སོང་ན། སྐུམ་འཐེན་གནོན་ཤུགས་ཆ་སྙོམས་ཀྱིས6.2mm Hgརེ་ཇེ་མཐོར་འགྲོ་བཞིན་ཡོད། དུས་ཚིགས་ཀྱི་འགྱུར་ལྡོག་དབང་གིས་ཁྲག་ཤེད་ལ་ཤུགས་རྐྱེན་ཐེབས་པར་མ་ཟད། ཁྲག་ཤེད་ཀྱི་ཉིན་མཚན་ཚིགས་འགྲོས་ལའང་ཤུགས་རྐྱེན་མངོན་གསལ་ཐེབས་ཀྱིན་ཡོད་པས། དབྱར་དུས་དང་བསྡུར་ན།དགུན་དུས་ཀྱི་མཚན་མོར་ཁྲག་ཤེད་མར་འབབ་པའི་ཚད་ཧ་ཅང་མཐོ། ཞིབ་འཇུག་ལས་མངོན་པ་ལྟར་ན། ཁྲག་ཤེད་ཀྱི་ཉིན་མཚན་ཚིགས་འགྲོས་རྒྱུན་ལྡན་མིན་ན་སྙིང་དང་མཁལ་མ་སོགས་ཀྱི་དབང་པོར་གནོད་འཚེ་ཚབས་ཆེན་ཐེབས་ཀྱིན་ཡོད་པས། ཁྲག་ཤེད་ཀྱི་ཉིན་མཚན་ཚིགས་འགྲོས་ལའང་དོ་སྣང་ཆེན་པོ་བྱེད་དགོས།

        གནམ་གཤིས་ཇེ་དྲོར་འགྲོ་བའི་སྐབས་སུ་མིའི་ལུས་པོའི་ཕྱི་ངོས་ཀྱི་ཁྲག་རྩ་རྒྱས་པ་དང་ཁྲག་རྩའི་འགོག་ཤུགས་ཇེ་དམའ་རུ་འགྲོ་ལ།འཕར་རྩ་ཆུང་བའི་ཁྲག་རྩ་རྐྱོང་འབྱེད་བྱེད་པ་དང་ཁྲག་ཤེད་ཀྱང་དེ་དང་བསྟུན་ནས་ཇེ་དམའ་རུ་འགྲོ་བ་རེད། དྲོད་ཚད་ཇེ་དམའ་རུ་སོང་ཚེ་ཚོར་སྡུད་དབང་རྩའི་མ་ལག་གྲུང་སྐུལ་བྱེད་པ་དང་། མཁལ་མའི་རྒྱུ-ཁྲག་རྩའི་གྲིམ་འཁུམ་རྒྱུ-ཆོན་ཀུའུ་ཐོན(醛固酮)མ་ལག་གི་གསོན་ཤུགས་ཇེ་ཆེར་འགྲོ་བ་དང་། མིའི་ལུས་ཁམས་ཀྱིས་གནམ་གཤིས་ཀྱི་འགྱུར་བར་བསྟུན་ནས། སྙིང་དང་ཀླད་པ་དང་མཁལ་མ་སོགས་དོན་སྣོད་གཙོ་བོ་རྣམས་ལ་ཁྲག་མཁོ་སྤྲོད་བྱེད་ཆེད། ངེས་པར་དུ་ཁྲག་རྩ་རྐྱོང་སྐུམ་བྱས་པ་བརྒྱུད་དེ་ལུས་ཁམས་ཀྱི་དགོས་མཁོ་དེ་སྐོང་དགོས། དེའི་ཁར་ཁྲག་ཤེད་མཐོ་བའི་ནད་པ་རང་ཉིད་ཀྱི་ཁྲག་རྩ་ཆུང་ངུའི་འགོག་ཤུགས་དང་དབྱང་དབུགས་མཁོ་ཚད་མཐོ་བ་དང་།རྒན་རྒོན་གྱི་རང་བརྟེན་དབང་རྩའི་མ་ལག་གི་ནུས་པ་ཆུང་བ་དང་ཡང་ན་དོ་མི་སྙོམས་པའི་དབང་གིས། ཁྲག་ཤེད་ཇེ་མཐོར་འགྲོ་བ་དང་ཁྲག་ཤེད་ཀྱི་གཞན་འགྱུར་རང་བཞིན་ཇེ་མཐོར་འགྲོ་བཞིན་ཡོད།

        འོ་ན་གྲང་ངར་ཆེ་བའི་དགུན་དུས་སུ་ཁྲག་ཤེད་མཐོ་བའི་ནད་པས་སྨན་བཅོས་བྱེད་སྐབས་གང་དག་ལ་མཉམ་འཇོག་བྱེད་དགོས་ཤེ་ན།

        གཅིག ཁྱིམ་ནས་ཁྲག་ཤེད་འཇལ་གྲངས་ཇེ་མང་དུ་བཏང་སྟེ། དུས་དང་རྣམ་པ་ཀུན་ཏུ་ཁྲག་ཤེད་ཀྱི་དུས་ཚིགས་རང་བཞིན་གྱི་འགྱུར་ལྡོག་ཤེས་རྟོགས་བྱེད་དགོས། དུས་ཐོག་ཏུ་རང་ཉིད་ཀྱི་ཁྲག་ཤེད་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་ཏེ་ཟིན་ཐོར་འགོད་པ་དང་། དགུན་ཁ་ཐོན་ལ་ཉེ་བའི་སྐབས་སུ་རང་འགུལ་གྱིས་ཆེད་ལས་ཚན་ཁག་ཏུ་སོང་ནས་ནད་ལ་བརྟག་དཔྱད་བྱེད་པ་དང་། ཆེད་ལས་སྨན་པའི་ངག་བཀོད་བཞིན་ཁྲག་ཤེད་གཅོག་སྨན་ལ་ལེགས་སྒྲིག་འོས་འཚམ་བྱེད་དགོས།

        གཉིས། བྱང་ཕྱོགས་ཀྱི་སྡོད་དམངས་དགུན་ཁར་ལྷོ་ཕྱོགས་སུ་གྲང་ངར་ལ་གཡོལ་དུ་འགྲོ་བ་དང་དང་། ལྷོ་ཕྱོགས་ཀྱི་སྡོད་དམངས་དབྱར་ཁར་བྱང་ཕྱོགས་སུ་ཚ་བར་གཡོལ་དུ་ཡོང་ན། དུས་ཡུན་ཐུང་ངུའི་ནང་དུ་ཁོར་ཡུག་གི་དྲོད་ཚད་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི་དབང་གིས་ཁྲག་ཤེད་ལ་ཡང་འགྱུར་ལྡོག་མངོན་གསལ་འབྱུང་སྲིད་པ་དང་། ཐ་ན་སྙིང་གི་ཁྲག་རྩའི་ནད་བྱུང་སྟེ་ཤི་བའི་གནས་ཚུལ་ཡང་འབྱུང་སྲིད། མི་དེ་དག་ལ་མཚོན་ན། མ་སོང་བའི་སྔོན་གྱི་གཟའ་འཁོར་འགའི་ནང་དུ་ཁྲག་ཤེད་གཞལ་ཏེ། ཁྲག་ཤེད་ཀྱི་འགྱུར་ལྡོག་ལ་རྒྱུས་ལོན་གསལ་པོ་བྱེད་དགོས་པར་མ་ཟད། དུས་ཐོག་ཏུ་ཁྲག་ཤེད་གཅོག་པའི་སྨན་བཅོས་བྱས་ཏེ། ཁོར་ཡུག་གི་དྲོད་ཚད་དང་བརླན་གཤེར་གྱི་འགྱུར་ལྡོག་ལས་སྙིང་དང་ཁྲག་རྩའི་ཉེན་ཁ་འབྱུང་བ་སྔོན་འགོག་བྱེད་དགོས།

        གསུམ། ཞོགས་པར་ཕྱི་རོལ་དུ་འགྲོ་ན་ལྭ་བ་དྲོན་པོ་གྱོན་དགོས། གྲང་ངར་གྱིས་ཁྲག་རྩ་འཁུམ་པར་བྱེད་ལ། ཀླད་སྙིང་ཁྲག་རྩའི་ནད་ཀྱི་འབྱུང་ཚད་ཇེ་མང་དུ་གཏོང་སྲིད། ཁྲག་ཤེད་མཐོ་བའི་ནད་པ་སྔ་དྲོའི་དུས་ཚོད10པའི་རྗེས་སུ་དྲོད་ཚད་རིམ་གྱིས་ཇེ་མཐོར་སོང་རྗེས་ད་གཟོད་ཕྱི་རུ་སྦྱོང་བརྡར་བྱེད་དུ་འགྲོ་བ་དང་། ཞྭ་མོ་གོན་པ་དང་སྐེ་དཀྲིས་བརྒྱབ་ནས་དྲོན་པོ་བྱས་རྗེས་ཕྱི་རོལ་ཏུ་རྐང་ཐང་ལ་འགྲོ་བ་དང་ཐའེ་ཅི་ཆོན་རྒྱག་པ་སོགས་ཀྱི་ལུས་སྦྱོང་ཡང་མོ་བྱེད་པ་ལས་ལུས་སྦྱོང་དྲག་པོ་བྱེད་མི་རུང་།

        བཞི། དགུན་ཁར་ཁང་པའི་ནང་དུ་དྲོད་རླངས་ཡོད་པ་དང་གནམ་གཤིས་སྐམ་ཤས་ཆེ་བས། ལུས་སྟེང་གི་ཆུ་ཤོར་ཚད་མཐོ་བ་དང་ཁྲག་ལེབ་ཆགས་སླ་བ་རེད། ཉིན་མོར་ཆུ་མང་དུ་འཐུང་དགོས་པར་མ་ཟད། ཉལ་ཁར་ཆུ་ཕོར་བ་གང་སྔས་མགོར་བཞག་ནས་ནམ་གུང་དང་ཡང་ན་ཞོགས་པར་གཉིད་ལས་སད་དུས་འཐུང་དགོས། ཞོགས་པར་གཉིད་ལས་སད་མ་ཐག་མྱུར་མོར་ཡར་ལངས་མི་རུང་། ཐོག་མར་མལ་ཁྲིའི་སྟེང་དུ་གན་རྐྱལ་དུ་ཉལ་བ་དང་། རྐང་ལག་དང་མགོ་སྐེ་འགུལ་སྐྱོད་བྱས་ཏེ། རྐང་ལག་གི་ཤ་གནད་དང་ཁྲག་རྩ་སོགས་རྐྱོང་སྐུམ་བྱེད་དགོས། དེ་མིན་ན་མགོ་ཡོམ་འཁོར་བ་རེད། ཞོགས་པ་མལ་ལས་ལངས་སྐབས་ནི་ཁྲག་ཤེད་མཐོ་བའི་ནད་པ་མང་པོ་ཞིག་གི་ཁྲག་ཤེད་ཆེས་མཐོ་བའི་དུས་ཡིན་པས་མཉམ་འཇོག་ལེགས་པོ་བྱེད་དགོས།

        ལྔ། དགུན་ཁར་གྲང་རླུང་གཡུགས་ནས་དྲོད་ཚད་མར་བབས་པའི་དབང་གིས། མི་མང་པོ་ཞིག་ལུས་པོའི་དྲོད་ཚད་དང་འཚོ་བཅུད་ཁ་གསབ་བྱེད་རྒྱུར་དགའ། ཁྲག་ཤེད་མཐོ་བའི་ནད་པར་མཚོན་ན་བཟའ་བཏུང་སྤྱོད་པར་ཆོས་ཉིད་ཡོད་དགོས་པས། དྲོད་ཚད་མཐོ་བའི་ཟས་རིགས་དང་ལུས་ཟུངས་གསོ་བའི་སྨན་ཆང་།ཡང་ན་མཁྲིས་རྒྱུ་གཤེར་རྩི་འདུས་ཚད་མཐོ་བའི་སྲོག་ཆགས་ཀྱི་ནང་ཁྲོལ་དང་ཤ་ཚོན་པོ་སོགས་བཟའ་མི་རུང་ལ། ཚྭ་ཁུ་དང་ཞག་ཁུ་ཡང་མང་པོ་བསྟེན་མི་རུང་། ཞོག་ཁོག་དང་ངང་ལག་སོགས་མང་དུ་ཟོས་ན་ཀླད་པའི་ཁྲག་རྩར་སྲུང་སྐྱོབ་བྱེད་ཐུབ་པ་དང་། སྲན་བཟོས་ཟས་རིགས་དང་སིལ་ཏོག སྔོ་ཚོད་སོགས་མང་དུ་ཟོས་ན་ཀླད་པའི་ཁྲག་རྩའི་ནད་འབྱུང་བ་སྔོན་འགོག་བྱེད་ཐུབ།

        དྲུག དགུན་ཁར་ཁྲུས་བྱེད་སྐབས་མཉམ་འཇོག་དགོས། ཆུའི་དྲོད་ཚད42℃ལས་མི་བརྒལ་བ་བྱེད་དགོས། ཆུའི་དྲོད་ཚད་མཐོ་དྲགས་ན་ཁྲག་ཤེད་ཇེ་མཐོ་རུ་འགྲོ་བ་དང་། ལྷག་པར་དུ་ཁྲག་ཤེད་མཐོ་བའི་ནད་པར་ཀླད་ཁྲག་ཐོན་སླ་བ་རེད། ལུས་འཁྲུ་ཁང་ནས་ཕྱིར་འབུད་སྐབས་གློ་བུར་མཁའ་དབུགས་གྲང་མོ་དང་འཕྲད་པས་ཁྲག་རྩ་འཁུམ་སླ་བ་དང་ཁྲག་ཤེད་ཇེ་མཐོར་འགྲོ་སླ། དེ་བས་དར་མ་དང་རྒན་པས་ལུས་པོ་བཀྲུ་སྐབས་ཆུའི་དྲོད་ཚད་ཏུའུ37ནས38བར་ཡིན་དགོས་པར་མ་ཟད། ཁྲུས་ཁང་གི་དྲོད་ཚད་ཏུའུ20ཡས་མས་ཙམ་སྲུང་འཛིན་བྱེད་པ་དང་།ཁྲུས་ཁང་དུ་རླུང་རྒྱུ་རུ་བཅུག་ནས་ཁྲག་རྩའི་ནད་ཀྱི་དོན་རྐྱེན་ངན་པ་འབྱུང་བ་སྔོན་འགོག་བྱེད་དགོས།

        ཆེད་ལས་ཚན་ཁག་གི་སྨན་པའི་མཛུབ་སྟོན་འོག་སྨན་འཐུང་བ་དང་ཆབས་ཅིག རང་སྟེང་ནས་མཉམ་འཇོག་ལེགས་པོ་བྱས་ན་ཁྲག་ཤེད་མཐོ་བའི་ནད་ནི་འགོག་ཐུབ་པ་ཞིག་གོ །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1