༄༅། །STEAMསློབ་གསོའི་ཐབས་ལམ་དང་སློབ་ཆུང་གི་ཆ་འཕྲིན་ལག་རྩལ་སློབ་གསོའི་སྐོར་གླེང་བ།

དངོས་གྲུབ་མཚོ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 02-06



མཚོ་སྔོན་མི་རིགས་སློབ་ཆེན། དངོས་གྲུབ་མཚོ།


        སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་རིག་ཚན་མི་འདྲ་བ་ཁག་སློབ་ཁྲིད་ཀྱི་བྱེད་སྒོ་དངོས་ཀྱི་ཁྲོད་མཉམ་འདྲེས་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བའི་ལས་འགན་ཞིག་ཡིན་ལ།འདིས་རང་རྒྱལ་གྱི་སྤྱི་ཚོགས་སྟེང་ཕྱོགས་བསྡུས་རང་བཞིན་གྱི་ཤེས་ལྡན་མི་སྣའི་དགོས་མཁོ་ཆེ་བ་མཚོན་ཐུབ། མིག་སྔའི་སྤྱི་ཚོགས་སྟེང་ཕྱོགས་བསྡུས་ཀྱི་ནུས་པ་ཆེ་ཙམ་ཡོད་པའི་ཤེས་ལྡན་མི་སྣ་རྣམས་དེ་བས་ལེགས་པའི་སྒོ་ནས་འཚོ་གནས་བྱེད་ཐུབ་པ་དང་། གལ་ཏེ་སློབ་སྦྱོང་བྱས་པའི་ཤེས་ཡོན་གྱིས་རྒྱུགས་ལེན་ཁོ་ན་ལས་སྤྱི་ཚོགས་འཚོ་བའི་ལག་ལེན་ཁྲོད་ཀྱི་གནད་དོན་ཐག་གཅོད་དང་གདོང་གཏད་བྱེད་མ་ཐུབ་ཚེ། ཁོ་ཚོའི་མི་སྒེར་འཕེལ་རྒྱས་ཀྱི་ཆུ་ཚད་དེས་ད་ལྟའི་སྤྱི་ཚོགས་ཀྱིས་ཤེས་ལྡན་མི་སྣར་བཏོན་པའི་བླང་བྱ་དང་བར་ཐག་ཤིན་ཏུ་རིང་བ་མཚོན་ལ་ཁོ་ཚོས་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་མི་ཐུབ་པའང་རྟོགས་ཐུབ། དེར་བརྟེན། སློབ་གྲྭའི་དགེ་རྒན་རྣམས་ལ་མཚོན་ན་སྲོལ་རྒྱུན་གྱི་སློབ་གསོའི་རྣམ་པར་བསྒྱུར་བཅོས་དང་རང་ཉིད་ཀྱི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་བཏང་ནས་སློབ་མའི་ཕྱོགས་ཡོངས་ཀྱི་བྱང་ཚད་འཕེལ་རྒྱས་སུ་གཏོང་རྒྱུར་མཐོང་ཆེན་བྱས་ཏེ་སློབ་མའི་སྣ་འཛོམས་ཀྱི་དགའ་ཕྱོགས་དང་སྤྲོ་སྣང་གསོ་སྐྱོང་བྱ་དགོས།

        STEAMསློབ་གསོ་ནི་མིག་སྔར་རྒྱལ་སྤྱིའི་སྒང་ན་ཀུན་གྱིས་དོ་སྣང་བྱེད་བཞིན་པའི་སློབ་གསོའི་ཐབས་ལམ་ཞིག་ཡིན་ལ། རིག་ཚན་སྣ་མང་ཕྱོགས་བསྡུས་དང་རིག་ཚན་བརྒལ་བའི་རྣམ་པས་སློབ་མའི་ཕྱོགས་བསྡུས་བྱང་ཚད་གསོ་སྐྱོང་བྱེད་པའི་སློབ་གསོའི་རྣམ་པ་ཞིག་རེད།

        STEAMསློབ་གསོ་ནི་ཐོག་མར་ཨ་རི་ནས་བཏོན་པ་ཞིག་ཡིན་ཞིང་། གཙོ་བོ་ཚན་རིག(Science)དང་། ལག་རྩལ། (Technology)བཟོ་སྐྲུན། (Engineering)སྒྱུ་རྩལ།(Art) གྲངས་རིག(Mathematics)བཅས་ནང་དོན་ལྔ་ལས་གྲུབ་པའི་སློབ་གསོའི་ལྟ་དགོངས་ཤིག་ཡིན། དེའི་ནང་དོན་གཙོ་བོ་ནི་སློབ་སྦྱོང་དང་ང་ཚོ་འགྲོ་བ་མི་རྣམས་འཚོ་སྡོད་བྱེད་པའི་འཇིག་རྟེན་དབར་གྱི་འབྲེལ་བ་ཤེས་རྟོགས་བྱ་རྒྱུ་དེ་རེད།སློབ་མ་ཚོར་རང་ཉིད་ཀྱི་ལག་པ་འགུལ་དུ་བཅུག་ནས་རང་ཉིད་ཀྱིས་དོ་སྣང་བྱེད་ས་དང་སྤྲོ་སྣང་ཡོད་པའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་སློང་བྱས་པ་བརྒྱུད་རིག་ཚན་སྣ་མང་དང་རིག་ཚན་བརྒལ་བའི་ཤེས་བྱར་སློབ་སྦྱོང་བྱ་རྒྱུ་གཙིགས་ཆེན་བྱ་དགོས་པའི་སྐོར་ཤེས་སུ་འཇུག་དགོས། 2016ལོར། རང་རྒྱལ་གྱི་སློབ་གསོ་པུའུ་ཡིས《སློབ་གསོ་ཆ་འཕྲིན་ཅན་དུ་བསྒྱུར་བའི“ལྔ་བཅུ་གསུམ”འཆར་འགོད》ཁྲོད་ཆ་འཕྲིན་ལག་རྩལ་དེ་རིག་ཚན་བརྒལ་བའི་སློབ་ཁྲིད་ཁྲོད་གཙིགས་ཆེན་བྱ་དགོས་པ་དངོས་སུ་ཁྱབ་བསྒྲགས་བྱས་ཤིང་།སློབ་མ་ཚོའི་གསར་གཏོད་ཀྱི་སྙིང་སྟོབས་དང་གསར་གཏོད་ཀྱི་ནུས་པ། ཆ་འཕྲིན་ལག་རྩལ་གྱི་བྱང་ཚད་བཅས་མཐོ་རུ་གཏོང་བར་དམིགས་ནས་སློབ་མ་ཚོའི་བྱང་ཚད་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུ་དེ་སྐུལ་འདེད་བྱས་ཡོད་ལ། དེ་ནི་རང་རྒྱལ་གྱི་སློབ་གསོའི་མ་ལག་ཁྲོདSTEAMསློབ་གསོའི་དུས་རབས་དངོས་སུ་སླེབས་པ་མཚོན།

        STEAMསློབ་གསོ་ནི་སློབ་མའི་ཕྱོགས་བསྡུས་བྱང་ཚད་དང་ནུས་པ་སྐྱེད་སྲིང་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། སློབ་མའི་མི་སྒེར་གྱི་ནུས་པ་སྐྱེད་སྲིང་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས་ལ། དེའི་རྨང་གཞིའི་སྟེང་སློབ་ཁྲིད་ལག་ལེན་ཁྲོདSTEAMསློབ་གསོའི་ཐབས་ལམ་བེད་སྤྱོད་གང་ལེགས་བྱས་ཏེ་གསར་གཏོད་རང་བཞིན་གྱི་སློབ་གསོའི་བྱེད་སྒོའི་ཁྲོད་སློབ་མའི་གསར་གཏོད་ཀྱི་སྙིང་སྟོབས་དང་གསར་གཏོད་ཀྱི་ནུས་པ་སྐྱེད་སྲིང་ཏན་ཏིག་བྱ་དགོས།སློབ་ཆུང་སློབ་མའི་གསར་གཏོད་ནུས་པ་སྐྱེད་སྲིང་བྱ་རྒྱུ་དེ་རང་རྒྱལ་གྱི་དེང་རབས་སློབ་གསོའི་བཅོས་བསྒྱུར་གྱིས་བཏོན་པའི་རེ་འདུན་སྐོང་ཐུབ་པར་མ་ཟད། སློབ་མའི་མ་འོངས་པའི་འཕེལ་རྒྱས་ལའང་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་ངེས།

        STEAMསློབ་གསོའི་ཐབས་ལམ་ནི་སློབ་མའི་ལག་ལེན་དང་། སློབ་མའི་ལག་པ་འགུལ་བའི་ནུས་པ་གསོ་སྐྱོང་བྱེད་པ་གཙིགས་ཆེན་བྱེད་པའི་སློབ་གསོའི་ཐབས་ལམ་ཞིག་དང་།སློབ་གསོའི་ཐབས་ལམ་འདིས་སློབ་ཆུང་གི་ཆ་འཕྲིན་ལག་རྩལ་གྱི་སློབ་ཁྲིད་ལ་ཁྲིད་ཐབས་སྣ་མང་གི་གདམ་ཀ་གཞན་ཞིག་བསྩལ་ཡོད།

        STEAMསློབ་གསོའི་ཐབས་ལམ་ལྟར་དགེ་རྒན་གྱིས་ཆ་འཕྲིན་ལག་རྩལ་གྱི་ངོ་མཚར་རང་བཞིན་དང་སྤྲོ་སྣང་རང་བཞིན་སློབ་མར་ངོ་སྤྲོད་བྱ་དགོས་པར་མ་ཟད། སློབ་མས་ཆ་འཕྲིན་ལག་རྩལ་ཐད་བཅངས་པའི་མཚར་སྣང་དང་སྤྲོ་སྣང་སྔོག་འདོན་བྱ་དགོས། སློབ་ཁྲིད་ཀྱི་བྱེད་སྒོ་དངོས་ཀྱི་ཁྲོད་རིམ་པ་དམའ་བའི་འཛིན་གྲྭར་བཀོལ་སྤྱོད་བྱེད་སླ་བའི་མཉེན་ཆས་སོགས་ངོ་སྤྲོད་བྱས་ཏེ་སློབ་མ་ཚོར་གློག་ཀླད་སྟེང་རི་མོ་འབྲི་སྲོལ་དང་ཡི་གེ་གཏགས་ཐབས་སོགས་སློབ་ཁྲིད་བྱས་ཏེ་སློབ་མའི་ཆ་འཕྲིན་ལག་རྩལ་གྱི་སྤྲོ་སྣང་གསོ་སྐྱོང་བྱ་དགོས།དཔེར་ན་གློག་ཀླད་ཁྲོད་བཀོལ་སྤྱོད་སླ་བའི་རི་མོ་འབྲི་སྦྱོང་མཉེན་ཆས་ཅིན་ཧྲན་ཧྭ་ཝང(金山画王)བཀོལ་སྤྱོད་བྱས་ཏེ་སློབ་མར་རི་མོ་འབྲི་བའི་གོམས་སྲོལ་བཟང་པོ་རྒྱུད་ལ་གོམས་པར་བྱ་དགོས་པར་མ་ཟད། སྒྱུ་རྩལ་གསར་རྩོམ་གྱི་ནུས་པ་དང་སྙིང་སྟོབས་སྐྱེད་སྲིང་བྱ་དགོས། རིམ་པ་མཐོ་བའི་འཛིན་གྲྭར་ཆ་འཕྲིན་ལག་རྩལ་གྱིས་ང་ཚོའི་འཚོ་བར་ཐེབས་པའི་ཤུགས་རྐྱེན་དང་དེས་ང་ཚོར་བསྐྱལ་ཡོང་བའི་ཁེ་ཕན་སོགས་ཤེས་སུ་བཅུག་སྟེ།འཚོ་བའི་ཁྱབ་ཁོངས་སོ་སོར་ཆ་འཕྲིན་ལག་རྩལ་གྱིས་ཁྱབ་ཡོད་པ་ངོ་སྤྲོད་བྱ་དགོས། ཁོ་ཚོ་རྒྱུན་པར་རྩེད་རྒྱུར་དགའ་བའི་རོལ་རྩེད་ཀྱི་རྒྱབ་ལོགས་སུ་བྱ་རིམ་ཇུས་འགོད་དང་ཆ་འཕྲིན་ལག་རྩལ་གྱི་རོགས་འདེགས་ཡོད་པ་ཤེས་སུ་བཅུག་སྟེ། ཆ་འཕྲིན་ལག་རྩལ་གྱི་བྱང་ཚད་མཐོན་པོ་ཡོད་ན་མ་འོངས་པར་རང་ཉིད་ཀྱིས་ཀྱང་རོལ་རྩེད་སོགས་ཇུས་འགོད་བྱེད་ནུས་པར་མ་ཟད།ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་ང་ཚོའི་སྤྱི་ཚོགས་ལ་ཕན་བདེ་བསྐྲུན་ཐུབ་པ་སོགས་ཤེས་སུ་འཇུག་དགོས། སློབ་ཁྲིད་སོགས་བརྒྱུདScratchལྟ་བུ་ན་ཆུང་ཚོས་བཀོལ་བདེ་བའི་རྩིས་འཁོར་བྱ་རིམ་སྒྲིག་གཅོད་ཀྱི་མཉེན་ཆས་བཀོལ་སྤྱོད་བྱས་ཏེ་སློབ་མར་དངོས་སུ་ལག་འགུལ་དུ་བཅུག་ནས་རོལ་རྩེད་ཀྱི་བྱ་རིམ་ཆུང་བ་ཇུས་འགོད་བྱེད་དུ་བཅུག་ནས་སྔར་ལས་ལྷག་པའི་སྒོ་ནས་ཆ་འཕྲིན་ལག་རྩལ་གྱི་སྤྲོ་སྣང་དང་མཚར་སྣང་གསོ་སྐྱོང་བྱ་དགོས།

        STEAMསློབ་གསོའི་ཐབས་ལམ་འོག་སློབ་མས་རང་ཉིད་ཀྱི་ལག་པར་བརྟེན་ནས་སློབ་སྦྱོང་དང་འཚོ་བ་ལྷན་དུ་སྦྲེལ་ཏེ་སློབ་སྦྱོང་བྱས་པས་ཆ་འཕྲིན་ལག་རྩལ་གྱི་སློབ་ཁྲིད་ཀྱི་ནང་དོན་སྔར་བས་གསོན་ཉམས་ལྡན་པ་དང་སྤྲོ་སྣང་ལྡན་པར་འགྱུར་སྲིད་ལ། སློབ་མའི་སློབ་སྦྱོང་གི་ལས་ཆོད་སྔར་ལས་མཐོ་བར་འགྱུར་ངེས་རེད། རྩེད་མོ་རྩེ་བའི་གོ་རིམ་ཁྲོད་སློབ་སྦྱོང་བྱེད་པ་ནི་སློབ་མའི་རྒྱུད་ལ་ཤེས་བྱ་འཇགས་ཐབས་ཆེས་སླ་ཤོས་དེ་ཡིན་སྲིད་ལ་སློབ་མའི་སློབ་སྦྱོང་གི་སྤྲོ་བ་འཕེལ་བའི་གོ་སྐབས་ལེགས་ཤོས་ཤིག་ཀྱང་ཡིན་སྲིད།

        ཆ་འཕྲིན་ལག་རྩལ་གྱི་སློབ་ཁྲིད་ནིSTEAMསློབ་གསོའི་ཐབས་ལམ་མངོན་འགྱུར་བྱེད་སླ་བའི་གདམ་ཀ་ལེགས་ཤོས་དེ་ཡིན་ལ། སློབ་ཆུང་རིམ་པའི་ཆ་འཕྲིན་ལག་རྩལ་གྱི་བསླབ་ཚན་གཙིགས་ཆེན་བྱས་ན་སློབ་མའི་གསར་གཏོད་ཀྱི་སྙིང་སྟོབས་དང་། གསར་གཏོད་ཀྱི་ནུས་པ།གསར་གཏོད་ཀྱི་འདུ་ཤེས་བཅས་སྐྱེད་སྲིང་བྱེད་ཐུབ་པར་མ་ཟད། ཁོ་ཚོའི་མ་འོངས་པའི་སློབ་སྦྱོང་དང་། འཚོ་བ། ལས་ཀ་བཅས་ཀྱི་ཁྲོད་དུ་ཆ་འཕྲིན་ལག་རྩལ་གྱིས་ཁོ་ཚོའི་གམ་དུ་ལྷག་པའི་གནད་དོན་མང་པོ་ཞིག་སྟབས་བདེ་བོས་ཐག་གཅོད་བྱེད་ཐུབ་པར་མ་ཟད། ཆ་འཕྲིན་ལག་རྩལ་གྱིས་ཁྱེར་ཡོང་བའི་ཁེ་ཕན་ལོངས་སུ་སྤྱོད་ཐུབ་པ་རེད།

        མདོར་ན། STEAMསློབ་གསོའི་ཐབས་ལམ་དེ་སློབ་ཆུང་རིམ་པའི་ཆ་འཕྲིན་ལག་རྩལ་གྱི་སློབ་ཁྲིད་བྱ་བའི་ཁྲོད་དུ་བཀོལ་སྤྱོད་བྱས་ན། དགེ་རྒན་གྱི་བྱ་བར་སྔར་ལས་སྟབས་བདེ་དང་སློབ་ཁྲིད་བྱེད་ཐབས་སྣ་མང་འདོན་སྤྲོད་བྱེད་ཐུབ་ངེས། འོན་ཀྱངSTEAMསློབ་གསོའི་ཐབས་ལམ་འདི་བྱ་དངོས་གསར་པ་ཞིག་ཡིན་པའི་ཆ་ནས། དོན་དངོས་སུ་ཁྱབ་གདལ་དང་བེད་སྤྱོད་བྱེད་པའི་གོ་རིམ་ཁྲོད་དུ་གནད་དོན་མང་པོ་ཡོད་ངེས། STEAMསློབ་གསོའི་ཐབས་ལམ་དེ་སྤྱི་ཚོགས་སྟེང་ཁྱབ་གདལ་དུ་འགྲོ་ཕྱིར་སློབ་དེབ་ཀྱི་ཤེས་བྱ་ཁོ་ན་གཞིར་མི་འཛིན་པར་དོན་དངོས་ཀྱི་གནས་ཚུལ་དང་སློབ་མའི་ཁམས་དང་མོས་པར་བསྟུན་ནས་ཁྲིད་སྟོན་བྱ་དགོས།

        STEAMསློབ་གསོའི་ཐབས་ལམ་དེས་སློབ་ཆུང་རིམ་པའི་ཆ་འཕྲིན་ལག་རྩལ་གྱི་སློབ་ཁྲིད་ཁྲོད་ཁྲིད་སྟོན་དང་ལེགས་བཅོས་ཀྱི་ནུས་པ་ཐོན་ངེས་ལ་སློབ་མས་སློབ་ཚན་སློབ་སྦྱོང་བྱེད་པའི་སྤྲོ་སྣང་ཆེ་རུ་གཏོང་བ་དང་། སློབ་མའི་བསམ་གཞིགས་ཀྱི་ནུས་པ་སྦྱོང་བརྡར། རིག་ཚན་སྣ་མང་ཕྱོགས་བསྡུས་དང་རིག་ཚན་བརྒལ་བའི་སློབ་སྦྱོང་བྱེད་ཐབས་གསོ་སྐྱོང་། སློབ་མས་སྔར་ལས་ལྷག་པའི་སྒོ་ནས་གསར་གཏོད་དང་ཞིབ་འཇུག་གི་ཐབས་རྩལ་མཐོ་རུ་གཏོང་བར་རོགས་འདེགས་བྱས་ཡོད།

        STEAMསློབ་གསོའི་བྱང་ཚད་དེས་རྒྱལ་ཁབ་ཅིག་གི་རྒྱལ་སྤྱིའི་འགྲན་རྩོད་ནུས་ཤུགས་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད། རྒྱལ་ཁབ་ཀྱི་བྱང་ཚད་བཅས་མཐོར་འདེགས་འབྱུང་བར་དོན་སྙིང་གལ་ཆེན་ལྡན་པ་དང་། འདི་དག་ཚང་མSTEAMསློབ་གསོ་ཡང་དག་པའི་སྒོ་ནས་འཕེལ་རྒྱས་བྱུང་བའི་རྨང་གཞིའི་སྟེང་འགྲུབ་དགོས་པས།STEAMསློབ་གསོའི་ཉེར་སྤྱོད་དང་ཁྱབ་གདལ་གཏོང་རྒྱུ་ནི་ང་ཚོའི་མདུན་དུ་ལྷག་པའི་འགན་འཁྲི་ཞིག་ཡིན་ལ་འདིའི་འཕེལ་རྒྱས་ཀྱི་མདུན་ལམ་འོད་སྟོང་འབར་བ་ཞིག་ཡིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1