ཀརྨ་རྒྱལ་མཚན་གྱིས་སྡེ་དགེ་རྫོང་ལ་ཡིག་ཚགས་རྩ་ཆེན་55ཕུལ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-07



ཀརྨ་རྒྱལ་མཚན་གྱིས་སྡེ་དགེ་རྫོང་ཡིག་ཚགས་ཁང་ལ་སྡེ་དགེ་རྒྱལ་པོའི་གཞུང་ཡིག་རྩ་ཆེན་སྣ་ཁ་ང་ལྔ་རིན་མེད་ངང་ཕུལ།

སྡེ་དགེ་རྒྱལ་པོའི་གཞུང་ཡིག་སྐོར་གྱི་ཡིག་ཚགས་གལ་ཆེན།

        ཉེར་ཆར། གསར་འགོད་པས་སྡེ་དགེ་རྫོང་ཡིག་ཚགས་ཁང་ནས་ལོ་གཉིས་ཀྱི་སྔོན་དུ་སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཀརྨ་རྒྱལ་མཚན་ལགས་ཀྱིས་ལོ་ངོ་30ལྷག་གི་རིང་ལ་བསྡུ་གསོག་དང་ཉར་ཚགས་གནང་བའི་སྡེ་དགེ་རྒྱལ་པོའི་གཞུང་ཡིག་སྐོར་གྱི་ཡིག་ཚགས་མི་འདྲ་བ་སྣ་ཁ་ལྔ་བཅུ་ང་ལྔ་སྡེ་དགེ་རྫོང་ཡིག་ཚགས་ཁང་དུ་སྐྱེས་འབུལ་གནང་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་ཡིན།

སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཀརྨ་རྒྱལ་མཚན་ལགས་ཀྱིས་ལོ་ངོ་30ལྷག་གི་རིང་ལ་བསྡུས་བསགས་བྱས་པའི་སྡེ་དགེ་རྒྱལ་པོའི་གཞུང་ཡིག་སྐོར་གྱི་ཡིག་ཚགས་སྡེ་དགེ་རྫོང་ལ་སྐྱེས་འབུལ་གནང་བཞིན་པ།

        སྤྱི་ལོ་2021ལོའི་ཟླ་7ཚེས་8ཉིན། སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། དཀར་མཛེས་ཁུལ་སྲིད་གྲོས་ཀྱི་སྔོན་གྱི་ཀྲུའུ་ཞི་གཞོན་པ་ཀརྨ་རྒྱལ་མཚན་ལགས་ཀྱིས་ལོ་ངོ་30ལྷག་གི་རིང་ལ་བསྡུ་གསོག་བྱས་པའི་སྡེ་དགེ་རྒྱལ་པོའི་གཞུང་ཡིག་སྐོར་གྱི་ཡིག་ཚགས་མི་འདྲ་བ་སྣ་ལྔ་བཅུ་ང་ལྔ་དེ་དག་སྡེ་དགེ་རྫོང་ཡིག་ཚགས་ཁང་ལ་སྐྱེས་འབུལ་བྱས། སྐབས་དེའི་རྫོང་ཨུ་ཧྲུའུ་ཅི་སྐལ་བཟང་གཡུང་དྲུང་གིས་ཡིག་ཚགས་རྩ་ཆེན་དེ་དག་ཉར་ཚགས་ཡག་པོ་བྱས་ཏེ། མགྱོགས་མྱུར་དུ་ཡིག་ཚགས་ཐོ་དེབ་ཏུ་བཀོད་རྒྱུ་དང་། འབྲེལ་ཡོད་ཡིག་ཚགས་སྡེ་ཁག་གི་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་ཐུའུ་སིའི་གཞུང་ཡིག་གི་ཡིག་ཚགས་འདི་དག་རིམ་ཚད་གསལ་འབྱེད་ཀྱི་བྱ་བ་བསྒྲུབ་དགོས་གསུངས། རྫོང་ཡིག་ཚགས་ཁང་གི་འགན་འཁུར་བ་ཟླ་བ་དབྱངས་སྐྱིད་ཀྱིས་ཀྱང་ཡིག་ཚགས་དེ་དག་ཉར་ཚགས་ཡག་པོ་བྱ་རྒྱུ་དང་། ལྷག་པར་དུ་ཡིག་ཚགས་ལེགས་སྐྱེས་སུ་འབུལ་མཁན་གྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་ཆོད་སེམས་བཏོན་པ་རེད།

སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཀརྨ་རྒྱལ་མཚན་ལགས་ཀྱིས་སྡེ་དགེ་རྫོང་ལ་སྡེ་དགེ་རྒྱལ་པོའི་གཞུང་ཡིག་སྐོར་གྱི་ཡིག་ཚགས་སྐྱེས་འབུལ་གནང་བའི་དྲན་རྟེན་མཉམ་པར།

        དེ་ནས་ངེད་གསར་འགོད་པས་དར་མདོར་བཞུགས་ཡོད་པའི་ཐུའུ་སིའི་གཞུང་ཡིག་གི་ཡིག་ཚགས་སྐྱེས་འབུལ་གནང་མཁན་དགེ་རྒན་ཆེན་མོ་ཀརྨ་རྒྱལ་མཚན་ལ། ཐོག་མའི་བསམ་པའི་ཀུན་སློང་དང་། ཐུའུ་སིའི་གཞུང་ཡིག་གི་ཡིག་ཚགས་དེ་དག་བསྡུས་བསགས་བྱས་ཚུལ་དང་། དེ་ལ་ཁྱད་ཆོས་དང་རིན་ཐང་གང་ཡོད་བཅར་འདྲི་བྱས་པ་ཡིན།

        ཁོང་གིས་ཚིག་ཉུང་དོན་དྲིལ་བའི་སྒོ་ནས་འདྲི་ལན་འདེབས་པ་ནི། ཁོ་བོ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་ཐོན་བྱུང་རྗེས་བོད་ཀྱི་ས་ཁུལ་ཁག་ཏུ་ཕྱིན་ཏེ། གནའ་དཔེ་དང་འབྲེལ་ཡོད་ཡིག་ཚགས་འཚོལ་བསྡུ་བྱེད་པའི་ལས་ལ་ཞུགས་པ་ཡིན། དེ་དག་ལས་སྔོན་རྗེས་སུ་ཡིག་བསྐུར་རྣམ་ཞག་ཕྱོགས་བསྒྲིགས་དང་། གནས་ཡིག་ཕྱོགས་བསྒྲིགས། སྡེ་དགེ་རྒྱལ་པོའི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་ཕྱོགས་བསྒྲིགས་དང་ཞིབ་འཇུག །བོད་ཀྱི་ལོ་ཁྲིའི་དོན་ཆེན་ཟིན་ཐོ(རྒྱ་ཡིག)ཞེས་པ་སོགས་རིམ་ཁག་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ནས་བཀྲམ་ཡོད། དེ་དག་གི་རྒྱུ་ཆ་གཙོ་བོའང་དཔེ་རྙིང་ནས་བྱུང་བ་ཤ་སྟག་ཡིན་པས། རྒྱ་ཆེ་བའི་ཀློག་པ་པོ་དང་དོན་གཉེར་ཅན་རྣམས་ཀྱི་དཔྱད་གཞིའི་རིན་ཐང་རང་བཞིན་ལྡན་པའི་གདེང་འཇོག་ཆེན་པོ་ཐོབ་མྱོང་། ངས་སྡེ་དགེ་རྒྱལ་པོའི་གཞུང་ཡིག་གི་ཡིག་ཚགས་འདི་དག་སྡེ་དགེ་རྫོང་ཡིག་ཚགས་ཁང་དུ་འཇོག་པའི་ཐོག་མའི་བསམ་ཚུལ་ནི། ཡིག་ཚགས་འདི་དག་གི་འབྱུང་ཁུངས་ནི་སྡེ་དགེ་ས་ཁུལ་ཡིན་ལ། ནང་དོན་ཡང་སྔོན་སྡེ་དགེ་རྒྱལ་པོའི་མངའ་འོག་ཏུ་བྱུང་བའི་སྤྱི་ཚོགས་རིག་པའི་ཁོངས་གཏོགས་ཀྱི་ལོ་རྒྱུས་ཀྱི་རྒྱུ་ཆ་གལ་ཆེན་ཞིག་ཡིན་པས། གལ་སྲིད་ཡིག་ཚགས་འདི་དག་སྲོག་ལྡན་ཞིག་ཡིན་ན། བྱ་རྒས་ན་ཚང་དྲན། མི་རྒས་ན་ཡུལ་དྲན། ཞེས་པའི་དཔེ་ལྟར་ཕ་ཡུལ་དྲན་གྱི་རེད། དེར་བརྟེན་ངས་ལོ་མ་ཤིང་རྩར་བསྐྱལ་བ་ཡིན་ཞེས་གསུངས།

སྡེ་དགེ་རྒྱལ་པོའི་ཕོ་བྲང་།

        གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། སྡེ་དགེ་རྒྱལ་པོ་ནི་ཁམས་ཕྱོགས་ཀྱི་སྟོབས་ཆེ་ཞིང་ལོ་རྒྱུས་ཅུང་རིང་བའི་ས་གནས་ཀྱི་རྒྱལ་པོ་གྲགས་ཅན་ཞིག་ཡིན་ཞིང་དེའི་རྒྱལ་རབས་བྱུང་དུས་ནི་དུས་རབས་བཅུ་གསུམ་པའི་ཡོན་རྒྱལ་རབས་བར་ཁུངས་འདེད་བྱ་ཆོག་པར་མ་ཟད། མིང་རྒྱལ་རབས་དང་། ཆིང་། མི་སེར་རྒྱལ་ཁབ་བཅས་དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པའི་བར་དུས་ཡུན་རིང་ཤོས་ལོ་700ལྷག་ཙམ་ཟིན་གྱི་ཡོད། དེ་བས་སྡེ་དགེ་རྒྱལ་པོའི་གཞུང་ཡིག་གི་ཡིག་ཚགས་འདི་དག་མ་མཐའ་མི་སེར་རྒྱལ་ཁབ་ཀྱི་སྔོན་ལ་བྱུང་བ་ཡིན་ཞེས་ཟེར་ཆོག །ཡིག་ཚགས་སྣ་55ཡི་ཆེ་ཆུང་མི་འདྲ་བ་སྟེ་ཆེ་ཤོས་ལ་མཐོ་ཚད་ལི་སྨི་75དང་ཞེང་ཚད་ལ་ལི་སྨི་50གཡས་གཡོན་དང་། ཆུང་ཤོས་ལའང་མཐོ་ཚད་ལི་སྨི་30དང་ཞེང་ཚད་ལ་ལི་སྨི་18ཡན་ཡོད། ཤོག་བུའི་ཁ་དོག་དང་། སྲབ་མཐུག །འཇམ་ཤའི་ཚད་མི་འདྲ་བ་མ་ཟད། ཤོག་བུའི་ངོས་ཅུང་རྩུབ་ཅིང་། འཁོད་སྟངས་ཆ་མི་སྙོམས་པའི་རྩི་ཤིང་གི་ཚི་སྣ་མང་པོ་འདུས་ཡོད་པའི་བོད་ཤོག་ཡིན་པ་དང་།  ཡིག་ཚགས་མང་ཤོས་དེ་སྤྱི་ཚོགས་ཐོག་ཡོངས་ཁྱབ་ཏུ་འགྲེམས་སྤེལ་བྱས་མེད་པ་ཤ་སྟག་ཡིན།

སྡེ་དགེ་རྒྱལ་པོས་གནང་བའི་གནམ་ལ་འཇའ་ཚོན་སྣ་ལྔ་དང་ས་ལ་སྡིག་པ་ར་ཙའི་ཐམ་ག་ཡོད་པའི་སྡེ་བྲིས་བཀའ་ཤོག །འདི་ནི་དགེ་རྒན་ཆེན་མོ་ཀརྨ་རྒྱལ་མཚན་ལགས་ཀྱིས་སྐྱེས་འབུལ་གནང་བའི་གྲས་ཤིག་ཡིན།

        ཡིག་ཚགས་ཀྱི་ནང་དོན་གཙོ་བོ་ནི། དེ་སྔོན་སྡེ་དགེ་རྒྱལ་པོས་དབུ་བླ་ཁག་ལྔ་དང་། ཧོར་འདྲ། མདུན་སྐོར། རྫོང་སྒོ། འབྲོག་སྡེ། ཤོད་ཆེན་བཅས་ག་གེ་མོ་ལ་བཏང་བའི་བཀའ་རྒྱ་དང་། དཔྱ་ཁྲ། རྫོང་སྒོ་ཁག་ནས་ཕན་ཚུན་བཏང་བའི་འཕྲིན་ཡིག །མངའ་འོག་མི་སེར་དང་འཇོག་པའི་གན་རྒྱ། ཡུལ་འབྲོག་སྡེ་དུད་ལ་ཡོད་པའི་ཞིང་ཕྱུགས་ཀྱི་གྲངས་ཐོ། མི་སེར་གྱི་བདེ་སྡུག་སྙན་ཞུ། དགོན་པའི་གྲྭ་རྩ་དང་། ཡུལ་འབྲོག་གི་རྩྭ་ས་འཁྲུགས་རྩོད་ཀྱི་གྱོད་གཞི་ཐག་གཅོད་བྱས་པ་སོགས་འདུས་ཡོད། ཁྱད་ཆོས་ཡིག་ཚགས་གཞན་དང་མི་འདྲ་བ་ནི། འདི་ཡི་བྲི་གཞིའི་ཤོག་བུ་དང་། འབྲི་བྱེད་ཀྱི་སྣག་ཚ་ནི་སྡེ་དགེ་རང་ནས་ཐོན་པའི་སྡེ་ཤོག་དང་སྡེ་སྣག་ཁོ་ན་ཡིན། བྲིས་ཡང་སྡེ་བྲིས་འཁྱུགས་མེད་ཡིན་ལ། སྡེ་དགེའི་དྲུང་ཡིག་དང་མངའ་འོག་གི་བྲིས་པའི་མིང་འཛིན་པ་དག་གིས་བྲིས་པ་མང་། ཚིག་སྦྱོར་ལ་བཅད་ལྷུག་སྤེལ་མ་སོགས་སྡེ་དགེའི་ཁ་སྐད་གང་བདེར་ཤར་མ་བྲིས་པ། ཡི་གེའི་བཀོད་རྣམ་ལ། སྟོད་ཀྱི་ས་སྟོང་དང་འབེབས་ནི་མི་ས། སྨད་ཀྱི་ས་སྟོང་དང་ཡི་གེ་ནི་རང་ས། ཞེས་པ་ལྟ་བུ་དང་། སྡེ་དགེའི་གཞུང་ཡིག་གནད་ཆེན་ལ་སྟེང་ན་མཇལ་ཚོན་སྣ་ལྔ་དང་། འོག་ན་སྡིག་པ་ར་ཛ་ཞེས་པའི་ཐེལ་རྩི་བརྒྱག་སྲོལ་ཡོད་ཅིང་། མི་སེར་གྱིས་གཞུང་ནས་འབྲུ་དངུལ་གཡར་སྐྱི་ཀྱི་བུ་ལོན་འཕྲོད་ཡོད་མེད་ལ་ཐེལ་རྩི་གསོན་པོ་དང་ཕྱེད་ཀ་བརྒྱག་སྲོལ་གྱི་ཐུན་མིན་ཁྱད་ཆོས་ཡོད། དེ་དག་ལ་སྡེ་དགེའི་ས་སྐྱོང་ལམ་ལུགས་དང་། གཞུང་ཡིག་འབྲི་ཚུལ་སོགས་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པ་ལ་དགོས་མཁོ་ཤིན་ཏུ་ཆེ་བར་མ་ཟད། ཡོན་དང་མིང་། ཆིང་། ཀྲུང་ཧྭ་མི་སེར་རྒྱལ་རབས་ཀྱིས་ལྷོ་ནུབ་གྲངས་ཉུང་མི་རིགས་ས་ཁུལ་ལ་དོ་དམ་བྱེད་པའི་ས་གནས་སྲིད་འཛིན་ཐུའུ་སིའི་ལམ་ལུགས་ཞིབ་འཇུག་བྱེད་པ་ལའང་རྙེད་དཀའ་བའི་རྒྱུ་ཆ་ཡིན་པ་རེད།

དགེ་རྒན་ཆེན་མོ་ཀརྨ་རྒྱལ་མཚན་ལགས་ཀྱིས་སྐྱེས་འབུལ་གནང་བའི་ཁྲོད་ཀྱི་གཞུང་ཡིག་གི་གྲས་ཤིག །

        2022ལོའི་ཟླ་7ཚེས་27ཉིན་ནས་ཚེས་28ཉིན་གྱི་བར། ཀྲུང་གོ་མི་དམངས་སློབ་གྲྭ་ཆེན་མོའི་ཡིག་ཚགས་སློབ་གླིང་གི་དགེ་རྒན་ཆེན་མོ། འབུམ་རམས་པའི་སློབ་དཔོན། རྒྱལ་ཡོངས་ཀྱི་ཡིག་ཚགས་རིགས་གཅིག་མཁས་ཅན་དང་། རྒྱལ་ཡོངས་ཀྱི་ཡིག་ཚགས་སྣེ་ཁྲིད་ཤེས་ལྡན་མི་སྣ་ཀྲང་མེ་ཧྥང་(张美芳)བཅས་ཡིག་ཚགས་དང་། དཔེ་རྙིང་ཉམས་གསོའི་མཁས་དབང་བཞི། སྡེ་དགེ་རྫོང་ཡིག་ཚགས་ཁང་དུ་ཕེབས་ནས་ཀརྨ་རྒྱལ་མཚན་གྱིས་ཕུལ་བའི་རྩ་ཆེན་ཡིག་ཚགས་ལ་རིམ་ཚད་གསལ་འབྱེད་གནང་བར་མ་ཟད། སྡེ་དགེ་རྫོང་ཡིག་ཚགས་ཁང་གིས་ཡིག་ཚགས་རིག་པ་དང་རང་རྒྱལ་གྱི་ཡིག་ཚགས་བདག་གཉེར་སྐོར་གྱི་རྩ་དོན་ལྟར་ཡིག་ཚགས་འཚོལ་བསྡུད་དང་། སྲུང་སྐྱོབ། རྒྱུན་འཛིན། བེད་སྤྱོད་བྱས་པ་བཅས་ལ་གདེང་འཇོག་མཐོན་པོ་གནང་ནས། སླད་ཕྱིན་སྡེ་དགེ་རྫོང་ཡིག་ཚགས་ཁང་གི་ལས་དོན་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་དང་། སྔ་ལས་ལྷག་པའི་སྒོ་ནས་རྩ་ཆེན་ཡིག་ཚགས་དེ་བས་མང་བ་འཚོལ་སྡུད་དང་ཉར་ཚགས་གང་ལེགས་བྱ་བའི་ཐད། ཆེད་ལས་རང་བཞིན་གྱི་མཛུབ་སྟོན་བླང་བྱ་བཏོན་པ་རེད།

དགེ་རྒན་ཆེན་མོ་ཀྲང་མེ་ཧྥང་གིས་ཡིག་ཚགས་ལ་ཞིབ་དཔྱད་ཚད་ལེན་གནང་བཞིན་པ།

        ཀྲང་མེ་ཧྥང་དང་བཅས་པའི་མཁས་དབང་རྣམ་པས་གསུང་རྒྱུར། སྡེ་དགེ་རྫོང་ཡིག་ཚགས་ཁང་གིས་གཞུང་ཡིག་གི་ཡིག་ཚགས་གྲངས་སྤུས་གཉིས་ཀའི་སྒོ་ནས་དེ་འདྲའི་ཚད་ལྡན་འཚོལ་བསྡུས་བྱས་པ་དེ་ནི་ལས་སླ་པོ་ཞིག་མིན་ཞིང་། སླད་ཕྱིན་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཐུའུ་སིའི་ལམ་ལུགས་ལ་ཞིབ་འཇུག་གི་རིན་ཐང་དང་ལོ་རྒྱུས་ཀྱི་དོན་སྙིང་ཡུན་རིང་ལྡན་ཞིང་། རྫོང་ཡིག་ཚགས་ཁང་གིས་སྤྱི་ཚོགས་ལས་རིགས་ཁག་ནས་ས་གནས་ཡིག་ཚགས་བསྡུ་རུབ་བྱས་པའི་བྱེད་སྒོའི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་རེད། ད་ཐེངས་ཀྱི་ཐུའུ་སིའི་གཞུང་ཡིག་གི་ཡིག་ཚགས་འདི་དག་གི་པར་གཞིའི་རྣམ་གཞག་དང་། བྲིས་ཀྱི་མཛེས་ཆ། ཐེལ་ཙེ། ཤོག་བུ། སྣག་ཚ་བཅས་གང་གི་ཐད་ལ་ཡང་། ས་གནས་ཡིག་ཚགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་མ་ཟད་ཡིག་ཚགས་ཀྱི་རིམ་ཚད་མཐོན་པོ་འདུག་པས། མུ་མཐུད་ནས་པེ་ཅིང་དུ་ཡིག་ཚགས་སྡེ་ཁག་གི་ཆེས་མཁས་མི་སྣ་སྒྲིག་འཛུགས་བྱེད་ནས་རིམ་ཚད་གཏན་འཁེལ་བྱ་རྒྱུ་ཡིན་ཞེས་གསུངས་པ་དང་། སླད་ཕྱིན་སྡེ་དགེ་རྫོང་ཡིག་ཚགས་ཁང་དང་མུ་མཐུད་འབྲེལ་བ་བྱ་རྒྱུར་ཤུགས་སྣོན་བྱས་ཏེ། ཡིག་ཚགས་ལས་དོན་གྱི་ཁྲོད་དུ་བྱུང་བའི་དཀའ་ངལ་དང་། གནད་དོན་ཐག་གཅོད་བྱ་བར་མཛུབ་ཁྲིད་དང་། རོགས་རམ་གང་ནུས་བྱ་རྒྱུ་ཡིན་པ་མ་ཟད། སྡེ་དགེ་རྫོང་པར་ཁང་གི་ཤེར་ཕྱིན་བརྒྱད་སྟོང་སུམ་འབིད་འཛམ་གླིང་གི་དྲན་ཐོའི(རྒྱལ་སྤྱིའི)མིང་ཐོ་འགོད་པའི་ལས་དོན་ལ་ཧུར་ཐག་གིས་རོགས་རམ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། །


ཀྲུང་གོ་མི་དམངས་སློབ་གྲྭ་ཆེན་མོའི་ཡིག་ཚགས་སློབ་གླིང་གི་ཆེས་མཁས་པས་སྡེ་དགེ་རྫོང་དུ་རྩ་ཆེན་ཡིག་ཚགས་ལ་ཞིབ་དཔྱད་ཚད་ལེན་གནང་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1