ཀརྨ་རྒྱལ་མཚན་གྱིས་བསྒྲིགས། ཡིའུ་ཅན་ཀྲུང་གིས་པར་བླངས།
གནས་མཆོག་རིགས་གསུམ་མགོན་པོ་ནི་དར་མདོ་གྲོང་ཁྱེར་ལྷ་སྒང་གྲོང་རྡལ་དུ་ཆགས་ཡོད། མཚོ་འཕགས་ལ་སྨི་3738ཡོད་ཅིང་། དར་མདོ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་120ཡོད་པ་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཆོས་རྒྱུད་ས་སྐྱ་པའི་དགོན་པ་སྟེ་དཔལ་ལྷ་སྒང་དགོན་པ་ཆགས་ཡོད། དགོན་འདི་རི་ཁུད་དགོན་པའི་དགོན་མ་ལག་བཅུ་གསུམ་གྲགས་པའི་ཡ་གྱལ་ཡིན་ཞེས་གྲགས། དགོན་གནས་དེའི་ཕྱོགས་བཞིར་རིན་ཆེན་རི་རྒྱལ་ལྷུན་པོ་བཞི་ཡོད་པ་ནི་ནུབ་ཕྱོགས་ཀྱི་རི་ལ་འཇམ་དབྱངས་ཀྱི་གནས་དང་། ནུབ་བྱང་མཚམས་ན་འཕགས་པ་སྤྱན་རས་གཟིགས་ཀྱི་གནས། བྱང་ཕྱོགས་ཕྱག་ན་རྡོ་རྗེའི་གནས། ཤར་ཕྱོགས་རྒྱ་བཟའི་བླ་རི་སྒྲོལ་མའི་གནས། ཞེས་སོགས་གནས་རི་རྩ་ཆེན་བཞི། ཕྱི་ལྟར་ལྷ་ལུང་པདྨ་དགྱེས་པའི་གླིང་། ནང་ལྟར་བལྟས་ན་རྔ་ཡབ་པདྨ་བཀོད། གསང་བ་འོག་མིན་གསང་ཆེན་བཀོད་པ། ཞེས་པའི་ཕྱི་ནང་གསང་བའི་གནས་མཆོག་ཁྱད་འཕགས་ཏེ། ད་ལྟ་ཞིང་ཆེན་རིམ་པའི་ཡུལ་སྡེའི་ཡུལ་སྐོར་གཙོ་གནད་གྲོང་སྡེ་རུ་བདམས་ཐོན་བྱུང་ཡོད་པ་རེད།
གནས་བསྟོད་གཡས་འཁྱིལ་སྐྱེ་ལྔའི་རང་སྒྲ་ངོམས། ཞེས་པ་ལས། གངས་ཆེན་བཞི་ཡི་ཅིག་ཤོས་འབོས་དཀར་ཕྱོགས༔ སྐུ་གསུང་ཐུགས་ཀྱི་གནས་མཆོག་བྱིན་གྱིས་རློབས༔ སྐུ་ཡི་གནས་རི་བཞག་བྲག་ལྷ་རི་རྩེ༔ གསུང་གི་གནས་རི་རིགས་གསུམ་ཉེ་སྲས་བརྒྱད༔ ཐུགས་ཀྱི་གནས་རི་ཕོ་བྲང་འཁོར་ལོ་ལྔ༔ ཡོན་ཏན་ཕྲིན་ལས་ལ་སོགས་གནས་རྣམས་ལ༔ ཨོ་རྒྱན་ཆེན་པོ་སྤྲུལ་པ་འཁོར་བཅས་ཀྱི༔ ཕྱག་གིས་མེ་ཏོག་འཐོར་ཞིང་ཞབས་ཀྱིས་བཅགས༔ ཞལ་གྱིས་བཀྲ་ཤིས་ཚིགས་སུ་བཅད་པ་བླངས༔ ཐུགས་ཀྱི་དགོངས་པས་བྱིན་རླབས་རྫུ་འཕྲུལ་བསྟན༔ ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ཀུན༔ སྐུ་ཡིག་ཕྱག་མཚན་བཀྲ་བའི་རྟེན་དུ་བསྒྱུར༔ དེ་རྗེས་རྒྱ་གར་གྲུབ་པའི་སྤྲུལ་བསྒྱུར་ལས༔ གྲུབ་ཐོབ་བྲམ་ཟེ་མགོན་དང་ས་ར་ཧ༔ མི་ཕམ་ཉི་མ་རྒྱལ་མཚན་ལ་སོགས་པས༔ ཤར་ཕྱོགས་ཀེ་ལ་ཤ་ཡི་ཐུགས་ཀྱི་རྟེན༔ མར་མེའི་གཟུངས་ལྡན་རྒྱ་མཚོ་སྟེང་འགེབ་པ༔ ཙནྡན་སྦྲུལ་སྙིང་སྲོག་ཤིང་མཆོད་རྟེན་སོགས༔ སྐུ་གསུང་ཐུགས་རྟེན་འགྲོ་ལ་སྨན་སླད་གྲུབ༔ རྟེན་རྙིང་ཐམས་ཅད་ཞིག་གསོ་རབ་གནས་མཛད༔ གྲུབ་རྟགས་ཡ་མ་ཟུང་གི་ཆོ་འཕྲུལ་འགྱེད༔ ཕ་ཅིག་གྲུབ་དབང་ཞིག་པོའི་བླ་མ་དང༔ ཆོས་རྒྱལ་འཕགས་པ་མི་ཉག་མཁས་པ་བཞི༔ ས་དགེ་རྙིང་གསུམ་མཁས་ཤིང་གྲུབ་པ་བརྙེས༔ དུ་མ་རིམ་བྱོན་ས་འདིར་དགེ་ལེགས་མཛད༔ ཁྱད་པ་མི་ཉག་རིགས་གསུམ་གནས་རི་ལ༔ འཇམ་དབྱངས་གནས་འདི་རི་བོ་རྩེ་ལྔར་འགྲན༔ ནང་ན་འཇམ་དབྱངས་རིགས་ལྔའི་ལྷ་ཚོགས་བཞུགས༔ རི་བའི་ཕུག་ཏུ་ཕྱག་མཚན་རལ་གྲི་ནི༔ རྣམ་སྣང་ལོ་ཙཱས་གཏེར་དུ་སྦས་པ་ཡོད༔ རྒྱབ་ངོས་གཤིན་རྗེའི་གདོང་ལ་ཡ་ཡིག་བཀྲ༔ ནང་དུ་ཀི་ཀང་དམར་ནག་རྒྱུད་སྡེ་ཡོད༔ རི་བོའི་རྩེ་རུ་ཇོ་དར་དམར་སེར་ཚུགས༔ ཨ་ར་པ་ཙ་ཝཀྐི་ཤྭ་རི་དང༔ འཇམ་དབྱངས་འབྲུ་དྲུག་སྔགས་ཀྱི་ཛབ་དབྱངས་སྒྲོགས༔ གཏི་མུག་སྡིག་པའི་ལས་བྱང་མཁྱེན་གཉིས་ཐོབ༔ ཆོས་དབྱིངས་ཡེ་ཤེས་མངོན་འགྱུར་ཨ་ལ་ལ༔ འཕགས་པའི་གནས་འདི་རི་བོ་ཏ་ལར་མཚུངས༔ ནང་ན་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་བཞུགས༔ རི་ཡི་ངོས་ལ་ཞལ་ཕྱག་མཚན་མ་མངོན༔ བྲག་དམར་གདོང་ལ་བཅུ་གཅིག་ཞལ་གྱི་སྐུ༔ མཐོ་གང་དཔལ་གྱི་རྡོ་རྗེའི་སྦས་པ་ཡོད༔ སྒྲུབ་ཕུག་ངོས་ལ་སྐུ་ཡིག་ཕྱག་མཚན་བཀྲ༔ སྐལ་པ་ལྡན་པས་སྔགས་སྒྲ་རོལ་མོ་ཐོས༔ ལོ་གསུམ་མཚམས་སྒྲུབ་ཕྱིར་མི་ལྡོག་པ་ཐོབ༔ རི་བོ་རྩེ་རུ་ཇོ་དར་དཀར་པོ་ཚུགས༔ ཡི་གེ་དྲུག་པའི་སྒྲ་དབྱངས་དར་དིར་སྒྲོགས༔ མི་ཕྱུགས་ནད་ཞི་འདོད་ཆགས་ལས་སྒྲིབ་བྱང༔ བྱམས་དང་སྙིང་རྗེའི་རང་རྒྱུད་འགེངས་པ་དང༔ སོར་རྟོག་ཡེ་ཤེས་མངོན་འགྱུར་ཨ་ལ་ལ༔ གསང་བདག་གནས་འདི་ལྕང་ལོ་ཅན་གྱི་ཟླ༔ ནང་ན་འབྱུང་པོ་འདུལ་བའི་ལྷ་ཚོགས་བཞུགས༔ མདུན་ངོས་གསང་བའི་བྱང་སེམས་གཉེན་ནད་སེལ༔ ཆུ་མིག་ཕུག་ཏུ་རྡོ་བ་སྲོག་ཆགས་གཟུགས༔ དེ་ཡ་ཁོང་ནས་ཀླུ་ཡི་ནོར་བུ་དང༔ བཻཌཱུརྱ་མཐིང་གའི་སྒྲོམ་བུ་བདུན་ལྡན་ཡོད༔ རི་ཡི་རྩེ་ལ་དར་མཐིང་ཇོ་གུར་ཕུབ༔ བཛྲ་པ་ཎྀ་འབྱུང་པོ་འདུལ་བའི་སྔགས༔ ཛབ་ཀྱི་སྒྲ་སྒྲོགས་མི་མཐུན་འཁྲུགས་རྩོད་ཞི༔ མི་བདེ་སྣ་འདྲེན་དམ་འགོང་རིང་མཐར་བསྐྲད༔ ཞེ་སྡང་ལས་གྱུར་སྡིག་སྒྲིབ་བག་ཆགས་བྱང༔ བརྟུལ་ཞུགས་ལམ་ལོངས་དུས་མིན་ཚེ་འཕྲང་གྲོལ༔ མེ་ལོང་ཡེ་ཤེས་མངོན་འགྱུར་ཨ་ལ་ལ༔ རྒྱ་བཟའི་བླ་རི་སྒྲོལ་མའི་གནས་མཆོག་འདི༔ སེང་ལྡེང་ནགས་རི་གཡུ་ལོ་བཀོད་དང་མཉམ༔ ནང་ན་ཏཱ་རེ་ཉེར་གཅིག་འཁོར་བཅས་བཞུགས༔ རྡོ་དང་བྲག་ལ་ཏཱ་རེའི་སྐུ་ཡི་གཟུགས༔ གླང་པོ་རིན་ཆེན་གྲུབ་ཐོབ་བཞུགས་ཁྲིའི་ཕུག༔ རང་བྱུང་རང་ཤར་ཡ་མཚན་རྨད་དུ་བྱུང༔ རི་ཡི་ཐོག་ཏུ་དར་ལྗང་ཡི་གེ་ཚུགས༔ བསྟོད་པ་ཉེར་གཅིག་ཏཱ་རེའི་སྔགས་སྒྲ་འུར༔ འཇིགས་པ་བརྒྱད་དང་བཅུ་དྲུག་གདོན་ལས་གྲོལ༔ འདོད་པའི་དོན་ཀུན་མྱུར་མ་དཔའ་མོས་སྟེར༔ རང་རང་མཐའ་ལ་ཉེ་སྲས་སེམས་དཔས་བསྐོར༔ མཁའ་ལྡིང་རི་ལ་ཁྱུང་སྒོང་འཕུར་ཤེས་གདའ༔ ས་བདག་ཀླུ་གཉན་གདོན་གྱི་ཁ་གནོན་ཡིན༔ བཞག་བྲག་དགེ་གཉེན་བསྒྲུབ་པའི་གསས་མཁར་སྟེང༔ གཞི་བདག་འདུ་རྫོངས་ཆོ་ལོའི་རྟགས་བསྒྲིལ་ངོམས༔ དེ་རུ་ལྷ་གསོལ་ལབ་རྩེ་སྐུ་མཁར་དང༔ ཤིང་རིས་རླུང་རྟ་སྣ་ཚོགས་དར་ཕྲུ་ཕྱོར༔ འཁོར་འདས་མཆོད་པ་ཞི་བརྔན་གསང་གསུམ་རེམ༔ རླུང་རྟའི་རྐྱེན་སེལ་དགྲ་བླས་ངོ་སོ་འདོན༔ དཀར་ཕྱོགས་མཐོ་ལ་ནག་ཕྱོགས་ཕམ་པར་འགྱུར༔ གཡུ་ཡི་མཎྜལ་གནམ་གྱི་ཀ་བ་དང༔ ཆོས་སྐྱོང་མགོན་པོའི་བླ་རྡོ་བྱིན་འོད་ཅན༔ ཨར་མོ་ལི་ཀིའི་རྡོ་ལེབ་ཡན་ཆད་དུ༔ ཕྱིར་བསྐོར་བསྡུས་པའི་གནས་ཡིག་མདོ་ཙམ་མོ༔ འཕགས་ཡུལ་ཐུབ་དབང་དགྲ་བཅོམ་བཞུགས་གནས་བརྒྱ༔ མངོན་སངས་རྒྱ་བའི་བྱང་ཆུབ་ཤིང་གི་ལྷ༔ མངའ་རིས་སྐོར་གསུམ་བསྟན་མ་བཅུ་གཉིས་གནས༔ དབུས་གཙང་རུ་བཞི་གནས་གསུམ་རྟེན་གསུམ་སོགས༔ པདྨ་སྒྲུབ་གནས་མཐའ་འདུལ་ཡང་འདུལ་གྱི༔ གནས་བདག་ཡེ་ཤེས་སྤྱན་ལྡན་འདི་རུ་འདུས༔ རོང་ཆེན་བཞི་དང་མདོ་ཁམས་སྒང་དྲུག་དང༔ རི་བོ་ཏེ་ཤན་ཡན་ཆད་གནས་ཆེན་དང༔ གནས་ཕྲན་སྟོང་རྩའི་བྱིན་རླབས་འདི་རུ་འཕོས༔ རིགས་ལྔའི་ཞིང་ཁམས་རབ་འབྱམས་ཕྱོགས་དུས་ཀྱི༔ རྒྱལ་དང་རྒྱལ་སྲས་སློབ་མར་བཅས་ཀུན་གྱིས༔ ཡེ་ཤེས་ཡོན་ཏན་དགོངས་པ་གནས་འདིར་འཕོས༔ བྱིན་རླབས་ཡེ་ཤེས་དྲི་བསུང་ཐུལ་ལེ་བ༔ མ་ཚོགས་མཁའ་འགྲོའི་ཁ་རླངས་ངེར་རེ་བ༔ མཆོག་ཐུན་དངོས་གྲུབ་ཆར་རྒྱུན་སིལ་ལེ་བ༔ རྩ་གསུམ་རྒྱ་མཚོའི་མཐུ་བྱིན་ཤིག་གེ་བ༔ ཆོས་སྐྱོང་སྡེ་བརྒྱད་ལས་བྱེད་ཁྱུག་གེ་བ༔ དཀར་ཕྱོགས་ལྷ་ཀླུ་གཞི་བདག་ཉི་ལེ་བ༔ མི་དང་མི་མིན་འདུ་ཚོགས་དཔུང་ངེ་བ༔ མཆོད་འོས་དཀོན་མཆོག་གཟུགས་བརྙན་བཀྲ་ལེ་བ༔ ཞིང་ཁམས་འདི་ནི་བསྐལ་བཟང་སངས་རྒྱས་ཀྱི༔ བཞུགས་པའི་གནས་མཆོག་རྡོ་རྗེ་གདན་དང་མཚུངས༔ ཞེས་པ་འབྱུང་བ་ལས་གསལ་ལོ། །
དེ་ལྟར་གོང་དུ་བཀོད་པའི་ས་མིང་འགའ་སྒྲ་ཟུར་ཆག་ཏུ་བཀོད་ཡོད་ཅིང་ལོ་རྒྱུས་ལ་ཆ་རྒྱུས་མེད་པ་རྣམས་ཀྱིས་མཐོང་མ་ཐག་ཡིག་ནོར་དུ་འཁྲུལ་སྲིད་པས་ཚིག་སྔ་ཕྱི་ལས་ས་མིང་དང་མི་མིང་གང་ཡིན་ཤེས་དགོས། དེ་མ་ཚད་གོང་དུ་བཀོད་པའི་བརྗོད་བྱའི་ཐད་ཆོས་ལུགས་ལྟ་བ་དྲིལ་བསྒྲགས་བྱས་པ་མཐོང་ཡང་། འདིར་ལོ་རྒྱུས་རྒྱུ་མཚན་སོགས་མདོར་བསྡུས་པའི་སྙིང་པོ་ཙམ་ཞིག་ཡིག་ཆ་དེ་ཉིད་ཁུངས་སུ་དྲངས་པའི་སྒོ་ནས་དཔྱད་གཞིའི་ས་བོན་གྱི་ཆེད་དུ་དམིགས་ཏེ་ཅུང་ཟད་གླེང་བ་ཡིན། ཞིབ་ཏུ་བརྟགས་ན་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པ་དང་། རིག་དངོས་དང་རང་བྱུང་ཤུལ་བཞག་རྒྱུན་འཛིན་བྱེད་པ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་དར་རྒྱས་གཏོང་བའི་བརྒྱུད་རིམ་ནང་མི་དང་རང་བྱུང་ཁམས་ཀྱི་ཞི་མཐུན་མཉམ་གནས་དང་། མི་དང་མིའི་བར་ཞི་མཐུན་མཉམ་གནས་ཡོང་བ་བྱེད་པ་དང་མི་འགལ་བས་ཞར་བྱུང་འཕྲོས་གཏམ་གྱི་ཚུལ་དུ་ཐལ་ལོ། །