༄༅།། རྒྱུན་མཐོང་གི་འགྲིམ་འགྲུལ་དོན་རྐྱེན་གྱི་འགན་འཁྲིའི་ངོས་འཛིན་ལ་གང་དག་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར། སྤེལ་དུས། 02-07



བཅའ་ཁྲིམས་རྒྱུན་ཤེས།

        སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་དོ་བདག་པའི་བྱ་སྤྱོད་ཀྱིས་འགྲིམ་འགྲུལ་དོན་རྐྱེན་བཟོས་པའི་ནུས་པ་དང་ནོར་འཁྲུལ་ཚབས་ཆེན་བྱུང་བའི་ཚད་གཞི་གཞིར་བཟུང་སྟེ། དོ་བདག་པའི་འགན་འཁྲི་གཏན་འཁེལ་བྱ་དགོས།

        (1) དོ་བདག་པ་ཕྱོགས་གཅིག་གི་ནོར་འཁྲུལ་གྱིས་འགྲིམ་འགྲུལ་དོན་རྐྱེན་བྱུང་ན་དེའི་འགན་འཁྲི་ཡོད་ཚད་འཁུར་དགོས། དེར་དབྱེ་ན།

1. རྗེས་འདེད་སྒོས་རླངས་འཁོར་སྔོན་མའི་གཞུག་ལ་བརྒྱབ་པ།

2. འཁོར་ལམ་བརྗེས་ཏེ་དོན་རྐྱེན་བྱུང་བ།

3. རླངས་འཁོར་ཕྱིར་ནུར་བ་དང་འཁོར་བགག་ལས་ཤོར་ཏེ་འགྲིམ་འགྲུལ་དོན་རྐྱེན་བྱུང་བ།

4. རླངས་འཁོར་བགྲོད་ས་མིན་པ་ནས་རླངས་འཁོར་ལམ་དུ་ཞུགས་ནས་དོན་རྐྱེན་བྱུང་བ།

5. གློག་ལྗང་བཀར་བའམ་ཚོད་འཛིན་བརྡ་རྟགས་མེད་པའི་བཞི་མདོའི་དཀྱོགས་མཚམས་སུ་དྲང་མོར་སྐྱོད་པའི་རླངས་འཁོར་ལ་ལམ་མ་ཕྱེས་པ།

6. སྐོར་བསྐྱོད་ལམ་མདོ་རུ་སྐྱོད་པའི་རླངས་འཁོར་གྱི་ལམ་བཀག་པ།

7. གཞུང་ལམ་གྱི་ལྟེ་བའི་ཐིག་དངོས་ལས་བརྒལ་བའམ་ཟུར་བཀར་ཐིག་རྟགས་ལས་བརྒལ་ཏེ་དོན་རྐྱེན་བྱུང་བ།

8. གཞུང་ལམ་དུ་ལྡོག་སྐྱོད་བྱས་པ།

9. རླངས་འཁོར་གཡས་འགྲམ་ལས་སྔོན་དུ་བརྒལ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་བ།

10. སྔོན་གྱི་རླངས་འཁོར་ལས་བརྒལ་ཏེ་ཕྱིར་འཁོར་བའམ་གཡོན་དུ་དཀྱོགས་པ་དང་རླངས་འཁོར་ལས་སྔོན་དུ་བརྒལ་དུས་དོན་རྐྱེན་བྱུང་བ།

11. གློག་དམར་ལས་བརྒལ་ཏེ་འགྲིམ་འགྲུལ་དོན་རྐྱེན་བྱུང་བ།

12. རླངས་འཁོར་ཕྱིར་འཁོར་མི་ཆོག་པའི་མཚོན་རྟགས་ཡོད་པའམ་ཐིག་རྟགས་ཡོད་པའི་ས་གནས་དང་དེ་བཞིན་མི་བགྲོད་འཕྲེད་ལམ། ཟམ་པ། ངོས་གཟར་པོ། ཕུག་ལམ་བཅས་སུ་ཕྱིར་འཁོར་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་བ།

13. ཁྲིམས་ལྟར་འཕྲལ་སྡོད་དམ་གནས་གང་རུང་དུ་བཞག་ཆོག་པའི་རླངས་འཁོར་དང་གདོང་ཐུག་བརྒྱབ་པ།

14. རླངས་འཁོར་གྱི་སྒོ་རྒྱག་པ་དང་འབྱེད་པའི་སྐབས་སུ་འགྲིམ་འགྲུལ་དོན་རྐྱེན་བྱུང་བ།

15. རླངས་འཁོར་འཇོག་གནས་སུ་འགྲོ་འོང་བྱེད་དུས་རྒྱུན་ལྡན་ངང་བགྲོད་པའི་རླངས་འཁོར་དང་འགྲིམ་འགྲུལ་དོན་རྐྱེན་བྱུང་བ།

16. ཕྱོགས་གཅིག་ལ་འགྲིམ་འགྲུལ་དོན་རྐྱེན་བྱུང་བ།

        (2) ཕྱོགས་གཉིས་སམ་ཕྱོགས་གཉིས་ཡན་གྱི་དོ་བདག་པའི་ནོར་འཁྲུལ་རྐྱེན་བྱས་ཏེ་འགྲིམ་འགྲུལ་དོན་རྐྱེན་བྱུང་ཚེ། དེའི་བྱ་སྤྱོད་ཀྱིས་དོན་རྐྱེན་བྱུང་བའི་ནུས་པ་དང་དེ་བཞིན་ནོར་འཁྲུལ་ཚབས་ཆེན་བྱུང་བའི་ཚད་གཞི་གཞིར་བཟུང་སྟེ། འགན་འཁྲི་གཙོ་བོ་དང་འགན་འཁྲི་འདྲ་མཉམ། འགན་འཁྲི་ཕལ་བ་བཅས་འཁུར་དགོས།

        (3) ཕྱོགས་གང་ལའང་འགྲིམ་འགྲུལ་དོན་རྐྱེན་བྱུང་བར་ནོར་འཁྲུལ་ཅི་ཡང་མེད་ན། དེ་ནི་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཁོངས་སུ་གཏོགས་ཚེ་འགན་འཁྲི་ཅི་ཡང་འཁུར་མི་དགོས།

དོ་བདག་པ་ཕྱོགས་གཅིག་གིས་བསམ་གཟས་ཏེ་འགྲིམ་འགྲུལ་དོན་རྐྱེན་བསླངས་ཚེ་ཕྱོགས་དེས་འགན་འཁྲི་འཁུར་མི་དགོས།

1. ཕྱོགས་གཅིག་ཁོ་ནར་ནོར་འཁྲུལ་ཡོད་ཚེ་ནོར་འཁྲུལ་བཟོ་མཁན་གྱིས་འགན་ཡོད་ཚད་འཁུར་དགོས།

2. ཕྱོགས་གཉིས་སམ་ཕྱོགས་གཉིས་ཡན་གྱི་ནོར་འཁྲུལ་ཡིན་ཚེ། ནོར་འཁྲུལ་གྱི་ཚད་གཞི་དང་དོན་རྐྱེན་བྱུང་བའི་གལ་ཆེན་རང་བཞིན་ལ་གཞིགས་ནས་མཉམ་དུ་འགན་འཁུར་དགོས།

3. ཕྱོགས་གང་ལའང་ནོར་འཁྲུལ་མེད་ན་སུས་ཀྱང་འགན་འཁུར་མི་དགོས།

4. དོ་བདག་པ་ཕྱོགས་གཅིག་གིས་དོན་རྐྱེན་བསླངས་པར་བསམ་བཞིན་དུ་ཡིན་ན་ཕྱོགས་གཞན་དེས་འགན་འཁུར་མི་དགོས།

འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འཁེལ།

        རང་རྒྱལ་གྱི《འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན76པའི་གཏན་འཁེལ་ལྟར་ན། རླངས་འཁོར་ལ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་ལུས་ལ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་བཟོས་ཚེ། ཉེན་སྲུང་འགན་ལེན་ཀུང་སིས་རླངས་འཁོར་གྱི་ཕུང་གསུམ་པའི་འགན་འཁྲིའི་བཙན་ཤུགས་ཉེན་སྲུང་གི་ཁྱབ་ཁོངས་སུ་སྐྱིན་ཚབ་གཞལ་དགོས། སྐྱིན་ཚབ་མི་འདང་བའི་ཆ་དེ་གཤམ་གྱི་གཏན་འཁེལ་ལྟར་སྐྱིན་ཚབ་གཞལ་འགན་འཁུར་དགོས།

        (1) རླངས་འཁོར་ཕན་ཚུན་བར་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་ཚེ། ནོར་འཁྲུལ་བཟོ་མཁན་ཕྱོགས་ཀྱིས་སྐྱིན་ཚབ་གཞལ་འགན་འཁུར་དགོས། ཕྱོགས་གཉིས་ཀར་ནོར་འཁྲུལ་ཡོད་ཚེ། ཕྱོགས་སོ་སོའི་ནོར་འཁྲུལ་བསྡུར་ཏེ་འགན་འཁུར་དགོས།

        (2) རླངས་འཁོར་དང་རླངས་འཁོར་མིན་པའི་ཁ་ལོ་བ། ལམ་འགྲོ་བ་ཕན་ཚུན་བར་དུ་འགྲིམ་འགྲུལ་དོན་རྐྱེུན་བྱུང་ཚེ།རླངས་འཁོར་མིན་པའི་ཁ་ལོ་བ་དང་ལམ་འགྲོ་བར་ནོར་འཁྲུལ་མེད་ན། རླངས་འཁོར་ཕྱོགས་ཀྱིས་སྐྱིན་ཚབ་གཞལ་འགན་འཁུར་དགོས། རླངས་འཁོར་མིན་པའི་ཁ་ལོ་བ་དང་ལམ་འགྲོ་བར་ནོར་འཁྲུལ་ཡོད་པ་དཔང་རྟགས་བཏོན་ཏེ་བདེན་དཔང་བྱེད་ཐུབ་ན། དེའི་ནོར་འཁྲུལ་གྱི་ཚད་གཞི་གཞིར་བཟུང་སྟེ་རླངས་འཁོར་ཕྱོགས་ཀྱི་སྐྱིན་ཚབ་གཞལ་འགན་ཇེ་ཡང་དུ་བཏང་ཆོག རླངས་འཁོར་ཕྱོགས་ལའང་ནོར་འཁྲུལ་མེད་ཚེ། དེའི་སྐྱིན་ཚབ་གཞལ་འགན་བརྒྱ་ཆའི་བཅུ་ལས་བརྒལ་མི་ཆོག

འགྲིམ་འགྲུལ་དོན་རྐྱེན་དེ་ནི་རླངས་འཁོར་མིན་པའི་ཁ་ལོ་བ་དང་ལམ་འགྲོ་བས་བསམ་གཟས་ཏེ་རླངས་འཁོར་དང་གདོང་ཐུག་བརྒྱབ་ནས་བཟོས་ཚེ། རླངས་འཁོར་ཕྱོགས་ཀྱིས་སྐྱིན་ཚབ་གཞལ་འགན་འཁུར་མི་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1