༄༅། །བརླན་སའི་རིགས་ཀྱི་རྒྱལ་ཁབ་སྤྱི་གླིང་ལ་འཕེལ་རྒྱས་གསར་པ་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 02-08


གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོབ་ལ་འཕེལ་རྒྱས་གསར་པ་བྱུང་བ།

        ཉེ་སྔོན་གྲོལ་མ་ཐག་པའི《བརླན་སའི་སྤྱི་ཆིངས》ཀྱི་སྐབས་བཅུ་བཞི་པའི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐོག་རང་རྒྱལ་གྱིས་བརླན་ས་སྤྱི་ཆིང་ཁྲི1100ལྷག་རྒྱལ་ཁབ་སྤྱི་གླིང་མ་ལག་ནང་བཅུག་ནས། གཙང་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོ་སོགས་བརླན་སའི་རིགས་ཀྱི་རྒྱལ་ཁབ་སྤྱི་གླིང་གཙོ་གནད་དུ་བཟུང་ནས་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས། མིག་སྔར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ཁག་ལ་འཕེལ་རྒྱས་གསར་པ་བྱུང་ཡོད།

        གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བཙུགས་རྗེས། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བྱེ་ས་འཁྱགས་ཀླུང་བཅས་ལ་མ་ལག་ལྡན་པའི་བཅོས་སྐྱོང་དང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བྱེད་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་བ་དང་། སྒྲིག་སྲོལ་གྱི་ཚོད་ལྟའི་ཁྱབ་ཁོངས་དང་ཡན་ལག་ཁུལ་ལེགས་སྒྲིག་དང་ཇེ་ལེགས་སུ་བཏང་ཞིང་།འཐུས་ཚང་རང་བཞིན་དང་གདོད་མའི་རང་བཞིན། སྐྱེ་དངོས་སྣ་མང་རང་བཞིན་བཅས་ལ་སྲུང་སྐྱོབ་ལེགས་པོ་ཐོབ་ཡོད་ཅིང་། རྒྱལ་ཁབ་སྤྱི་གླིང་དང་འཚམ་པའི་དོ་དམ་ནང་རྐྱེན་ཐོག་མར་བཙུགས་ཏེ། སྐྱེ་ཁམས་ཀྱི་རྒྱུ་རྐྱེན་གཙོ་བོར་སྲུང་སྐྱོབ་དང་གཞི་གཅིག་ཅན་གྱི་དོ་དམ་མངོན་འགྱུར་བྱུང་ཡོད།

        གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་སུན་ལི་ཅུན་གྱིས་བཤད་རྒྱུར། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་མ་ལག་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན་ནས། རྩྭ་སའི་སྔོ་ཁེབས་ཀྱི་ཚད67.31%ལ་སླེབས་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་སླར་གསོ་ཆེན་པོ་བྱུང་ཡོད་ལ། ལྷག་པར་དུ་སྲོག་ཆགས་གཙོ་གྲས་སུ་གཏོགས་པའི་རི་དྭགས་གཙོད་ཀྱི་གྲངས་འབོར་ཐོག་མའི་དུས་ཀྱི་ཁྲི2ནས་ད་ལྟའི་ཁྲི7ཙམ་བར་ཇེ་མང་དུ་ཕྱིན་ཡོད་པ་དང་།རྐྱང་ཡང་ཁྲི3.6ཡས་མས་མང་དུ་ཕྱིན་ཡོད། གཙང་པོའི་བཞུར་ཚད་དང་མཚེའུ་ཡི་རྒྱ་ཁྱོན་རྒྱུན་མཐུད་ངང་ཆེ་རུ་སོང་བ་དང་། བརླན་སའི་སྤྱིའི་རྒྱ་ཁྱོན་ནང་ཆུ་རྒྱུན་གྱི་ཆུ་འགྲམ་སྤྱིའི་ཆ་ནས་གཏན་འཇགས་རྒྱུན་སྲུང་བྱས་ཡོད།

        གཙང་གསུམ་འབྱུང་ཡུལ་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཡུལ་ཡིན་པས“ཀྲུང་ཧྭའི་ཆུ་ལྕོག”ཅེས་འབོད་ཀྱིན་ཡོད་པ་དང་།ཨ་ཤེ་ཡ་དང་ཐ་ན་འཛམ་གླིང་ཡོངས་ཀྱི་གཙང་པོ་དང་ཆུ་བོ་ཆེན་པོ་ཐོན་ཡུལ་ཆེས་གཅིག་བསྡུས་ཡིན་པའི་ས་ཁུལ་གྱི་གྲས་ཤིག་ཡིན་ལ། རང་རྒྱལ་གྱི་གལ་ཆེ་བའི་ཚྭ་མེད་ཆུ་མཁོ་འདོན་བྱ་ཡུལ་ཞིག་ཡིན་པས། ལོ་ལྟར་བཞུར་རྒྱུད་ཀྱི་ཞིང་ཆེན18དང་རྒྱལ་ཁབ5ལ་སྤུས་ལེགས་ཚྭ་མེད་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར600ཙམ་མཁོ་འདོན་བྱེད་ཀྱིན་ཡོད་ཅིང་། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་འགན་སྲུང་གལ་ཆེན་ཞིག་རེད།

        གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་སུན་ལི་ཅུན་གྱིས་བཤད་རྒྱུར།གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་འཛམ་གླིང་ཐོག་མཚོ་ངོས་ལས་ཆེས་མཐོ་བ་དང་། རྒྱ་ཁྱོན་ཆེས་ཆེ་བའི་མཐོ་སྒང་གི་བརླན་སའི་སྐྱེ་ཁམས་མ་ལག་ཅིག་ཡིན་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་རང་རྒྱལ་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཨ་ཆེན་གངས་རྒྱབ་ཡོད། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་གིས་ཆུ་ཁུངས་གསོག་སྐྱིལ་དང་། ས་ཆུ་སྲུང་འཛིན། རླུང་འགོག་བྱེ་འཇགས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པ་སོགས་སྐྱེ་ཁམས་འགན་ནུས་འདོན་སྤེལ་བྱེད་ཀྱིན་ཡོད་པས། དེ་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད།

མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པར་བརྟན་བརླིང་ངང་སྐུལ་འདེད་གཏོང་བཞིན་ཡོད་པ།

        མཚོ་སྔོན་པོ་ནི་འཛམ་གླིང་ཐོག་གི་མཚོ་ངོས་ལས་མཐོ་ཤོས་ཀྱི་དྲོད་ཚད་དམའ་བའི་ཆེས་ཆེ་བའི་མཚེའུ་ཡིན་ལ། ཀྲུང་གོའི་སྐམ་སའི་ཚྭ་མཚོ་ཆེ་ཤོས་དང་ཀྲུང་གོའི་མཚེའུ་ཆེ་ཤོས་ཀྱང་ཡིན། མིག་སྔར་རྒྱལ་ཁབ་ཀྱི་འཆར་འགོད་བཀོད་སྒྲིག་ལྟར་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པར་བརྟན་བརླིང་ངང་སྐུལ་འདེད་གཏོང་བཞིན་ཡོད།

        2022ལོའི་ཟླ4པར། རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་སྐྲུན་པའི་བྱ་བ་སྤེལ་བར་མོས་མཐུན་བྱུང་བས། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་སྐྲུན་བྱེད་པའི་དུས་མཚམས་སུ་སླེབས། མིག་སྔར།མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་།ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ།ཚན་རིག་ཞིབ་འཇུག་དང་ལྟ་ཞིབ་ཚད་ལེན་མ་ལག་སོགས་ཀྱི་ཆེད་དམིགས་འཆར་འགོད་བཟོས་ཟིན་པ་དང་། མཚེའུ་དང་མཚོ་འགྲམ། ཆུ་མགོ་དང་བཞུར་རྒྱུད་བཅས་གཅིག་གྱུར་འཆར་འགོད་བྱས་པ་དང་། བརྒྱུད་རིམ་ལྡན་པའི་སྒོ་ནས་སྲུང་སྐྱོབ་དང་ཕྱོགས་བསྡུས་ཀྱི་ཐབས་ཇུས་ལག་བསྟར་བྱས་ཤིང་། རྩྭ་ཐང་བཅོས་སྐྱོང་དང་། རང་བྱུང་ནགས་ཚལ་སྲུང་སྐྱོབ། བྱེ་འགོག་བྱེ་བཅོས་དང་།བརླན་ས་སྲུང་སྐྱོབ་དང་ཉམས་གསོ་སོགས་གཙོ་གནད་སྐྱེ་ཁམས་ལས་གཞི་དོན་ཚན16ལག་བསྟར་བྱས་ཏེ། མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་གཞི་གཅིག་ཅན་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཡོད།

        མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཧོ་ཡུས་པང་གིས་བཤད་རྒྱུར།ང་ཚོས་ད་དུང་མཚོ་སྔོན་པོའི་བཞུར་རྒྱུད་དུ་ས་ངོས་ཀྱི་གནས་ཐིག་གཏན་འཁེལ་ལྟ་ཞིབ་ས་ཚིགས300བཙུགས་ནས། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་ཚན་ཞིབ་ལྟ་ཞིབ་ཚད་ལེན་གྱི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་བཏང་ཡོད། དུས་མཚུངས་སུ། རྒྱུན་རྣམ་ཅན་གྱི་སྐོར་སྐྱོད་ལྟ་ཞིབ་ཚད་ལེན་བྱས་ནས། དུས་བཅད་ལྟར་མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་སྙན་ཞུ་ཁྱབ་བསྒྲགས་བྱས་པ་ཡིན།

        རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་མཚོ་སྔོན་པོའི་བཞུར་རྒྱུད་ནི་གོ་ལ་ཧྲིལ་པོའི་མཐོ་སྒང་གི་མཚེའུ་དང་རྩྭ་ཐང་སྐྱེ་ཁམས་མ་ལག་གི་དཔེ་མཚོན་ཞིག་རེད། དེ་ནི་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ཕུན་སུམ་ཚོགས་ཤོས་ཀྱི་གྲས་ཤིག་ཡིན་ཞིང་། དེ་ནི་དུས་བྱ་གནས་སྤོར་བྱེད་པའི་ལམ་བར་གྱི་ངལ་གསོ་བྱེད་ས་དང་བར་བརྒྱུད་ས་ཚིགས་གལ་ཆེན་ཞིག་ཡིན་ལ།མཐོ་སྒང་གི་དམིགས་བསལ་སྐྱེ་དངོས་ཏེ་མཚོ་སྔོན་པོའི་གསེར་ཉ་དང་རི་དྭགས་དགོ་བ་འཚོ་གནས་བྱེད་ས་གཅིག་པུའང་རེད།

        མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཧོ་ཡུས་པང་གིས་བཤད་རྒྱུར།2021ལོར་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་གསོག་འཇོག་བྱེད་ཚད2017ལོ་ལས33.6%འཕར་སྣོན་བྱུང་བ་དང་།དགོ་བའི་གྲངས་འབོར2017ལོ་ལས120.5%མང་དུ་འཕར་ཡོད་ལ། བརླན་སར་འབབ་སྡོད་བྱས་པའི་ཆུ་བྱའི་གྲངས་འབོར2012ལོ་ལས་ལྡབ1.2མང་དུ་ཕྱིན་ནས། ཀྲུང་གོའི་དུས་བྱའི་སྐྱེ་འཕེལ་གྲངས་འབོར་མང་ཤོས་དང་ཁྱུ་ཚོགས་གཅིག་བསྡུས་ཆེ་ཤོས་ཀྱི་རྒྱུད་སྤེལ་ས་ཁུལ་གྱི་གྲས་སུ་གྱུར་ཡོད་དོ། །


རྩོམ་ཡིག་སྔོན་མ།
༄༅།། ཡིན་ན་བསམས་བྱུང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1