༄༅།།ལྷ་སའི་ཀླུ་སྦུག

མི་གསལ།། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ་ལས་དྲངས། སྤེལ་དུས། 02-16


    འདི་ལྷ་སའི་ནུབ་རྒྱུད་ལྕགས་པོ་རི་དང་གཙུག་ལག་ཁང་གཉིས་བར་གྱི་ཐང་ཆེན་ཞིག་སྟེ། སྔོན་དུས་ཤིང་སྣ་མང་པོས་ཁེངས་པ་གླིང་ཁ་ཅུང་ཆེ་ཙམ་ཞིག་ཡིན། དེང་སང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། གཡུ་ཐོག་ཟམ་པ་ཡོད་སའི་ཁུལ་དེ་ཡིན། དམངས་ཁྲོད་ཀྱི་ཁ་རྒྱུན་ཤོད་སྲོལ་ལ་ལྷ་ས་གཙུག་ལག་ཁང་ཆེན་པོར་བཞུགས་པའི་ཇོ་བོ་ཤཱཀྱ་མུ་ནེ་འདི་སངས་རྒྱས་ཞལ་བཞུགས་དུས་སུ་བཞེངས་ནས་རྒྱ་གར་དུ་ལོ་མང་པོའི་བར་བཞུགས་ཤིང་། དེ་ནས་ཀླུ་ཡུལ་དུ་ལོ་མང་པོར་བཞུགས་པ་སླར་ཡང་རྒྱ་གར་རྡོ་རྗེ་གདན་གྱི་མཆོད་རྟེན་དུ་བཞུགས་ནས་ལོ་མང་སོང་རྗེས་རྒྱ་ནག་ཏུ་གདན་དྲངས། དེ་ནས་རྒྱལ་པོ་སྲོང་བཙན་སྒམ་པོས་བོད་ཀྱི་སྲིད་དབང་བསྐྱངས་སྐབས་རྒྱ་བཟའ་ཝུན་ཁྲེན་ཀོང་ཇོའི་རྟེན་སྐལ་དུ་བསྣམས་ཕེབས་པར་ཀླུས་མ་འོངས་པ་ན་ལྷ་ས་གྲོང་ཁྱེར་ཆུས་ཞིག་སྐབས་སླར་ཡང་ཀླུ་ཡུལ་དུ་གདན་འདྲེན་ཞུ་རྒྱུའི་སྨོན་ལམ་བཏབ་ཡོད་པས། ལྕགས་པོ་རིའི་བྲག་ཅིག་གི་ངོས་སུ་ཀླུའི་གཟུགས་བརྙན་ལག་པ་གཡས་པས་མགོ་ལ་སྦར་མོ་བཀབ་པ་ཞིག་གཙུག་ལག་ཁང་ལ་ཁ་གཏད་ནས་ཡོད་པ། བྲག་ལྷ་ཀླུ་སྦུག་གི་ཇོ་བོའི་སྐུ་བརྙན་དེ་སྔོན་དུས་ཐོག་མར་བཞེངས་སྐབས་བྲག་ངོས་སུ་འབུར་གཟུགས་དོད་ཙམ་ལས་མེད་ཀྱང་རིམ་པས་སྐུ་གཟུགས་ཆ་ཚང་མདུན་ངོས་སུ་ཐོན་ཆེ་རུ་འགྲོ་བ་དང་། སྐུ་གཟུགས་ཆ་ཚང་འབུར་དུ་དོན་མཚམས་ལྷ་ས་གྲོང་ཁྱེར་ཆུས་འཇིག་པའི་དུས་སྐབས་ཡིན་པ་དང་། གོང་གསལ་ཀླུའི་གཟུགས་བརྙན་ལག་པ་དཔྲལ་བ་ལ་བཀབ་ནས་ཇོ་བོ་ཤཱཀྱ་མུ་ནེ་ཀླུ་ཡུལ་དུ་ནམ་ཕེབས་ཀྱི་བྱ་ར་བྱེད་པ་ཞིག་ཡོད་པ་དེ་ལ་བརྟེན་ནས་མིང་ངོ་མ་ཀླུ་སྒུག་ཟེར་བ་ཡིན་ཀྱང་། རྗེས་སུ་སྒྲ་འགྱུར་ནས་ཀླུ་སྦུག་ཞེས་བརྗོད་སྲོལ་ཆགས་པ་ཡིན་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1