༄༅། །གྲོང་ཁྱེར་གྱི་ཁྱིམ་མཚེས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 02-16


ཟི་ལིང་། རུ་བ་ཤར་ཐུབ། 

        ཁྱིམ་མཚེས་ནི་སྤྱིར་ན་རང་ཁྱིམ་དང་བར་ཐག་ཉེ་བའི་ཁྱིམ་ཚང་དག་གི་མིང་ལ་ཟེར།

        ང་སྡོད་སའི་གྲོང་ཁྱེར་འདི་རུ་ང་ལ་ཁྱིམ་མཚེས་ལོས་ཡོད། ཁྱིམ་མཚེས་གཞིས་ཁུལ་གང་ཡོད།

        གཞིས་ཁུལ་གང་བོ་མང་སོང་ཟེར་ན། ངེད་ཚང་གི་སྟེང་འོག་དང་གཡས་གཡོན་གྱི་ཁྱིམ་ཚང་དེ་ཚོ་ངེད་ཚང་གི་ཁྱིམ་མཚེས་ཡིན་ཞེས་བཤད་ན་ཨེ་ཆོག གལ་ཏེ་དེ་ཡང་མང་སོང་ཟེར་ན་ངེད་ཚང་གི་སྒོའི་ཁ་གཏད་ཀྱི་མི་ཁྱིམ་དེ་ནི་ངེད་ཚང་གི་ཁྱིམ་མཚེས་ཡིན་ཞེས་བརྗོད་ན་ལོས་ཆོག

        ཁྱིམ་མཚེས་ཞེས་འབོད་དུས་སྐྱིད་དུས་ཕན་ཚུན་མགྲོན་དུ་འབོད་མཁན་དང་སྡུག་དུས་ཕན་ཚུན་ལ་རོགས་རམ་བྱེད་མཁན་ཞིག་ཡིན་འོས།

        ཕ་ཡུལ་འབྲོག་ལ་མཚོན་ན། སྐམས་ཤིག་བཤས་ན་ཤ་སྐལ་སྟེར་ས་དང་། ལུག་ཅིག་བཤས་ན་ནང་སྐལ་སྟེར་ས་དེ་ནི་རང་ཚང་གི་ཁྱིམ་མཚེས་ཡིན།

        ངས་གྲོང་ཁྱེར་གྱི་ཁྱིམ་མཚེས་གཞིས་ཁུལ་གང་བོའི་ངོ་ག་ལ་ཤེས། ཐ་ན་ངེད་ཚང་གི་ཁ་གཏད་ཀྱི་ཁྱིམ་ཚང་དེའང་གནས་གང་ཞིག་གི་མི་དང་། རིགས་གང་ཞིག་གི་མི། དེ་ཚང་ལ་བཟའ་མི་ག་ཚོད་ཡོད་པ། རྒན་རྒོན་དང་བྱིས་པ་ཡོད་མེད་སོགས་ཅི་ཡང་མི་ཤེས། ཁོ་ཚོས་ཀྱང་ང་ནི་གང་ནས་ཡོང་བ།རིགས་གང་གི་ཡིན་པ། ཁྱིམ་ན་བྱིས་པ་དང་རྒན་རྒོན་ཡོད་མེད་སོགས་ཀྱང་ཤེས་མི་སྲིད་ལ། དེ་ལ་དོ་ཁུར་ཡང་མི་བྱེད། གང་འདོད་དུ་འཚམས་འདྲི་ཡང་བྱེད་མི་ཕོད་དེ། ཕ་རོལ་པོའི་སེམས་ལ་ཅི་ཞིག་འདོད་མིན་ལའང་བསམ་བློ་གཏོང་དགོས།

        གྲོང་ཁྱེར་གྱི་ཁྱིམ་མཚེས་ནི་གནས་ངེས་མེད་དང་དུས་ངེས་མེད་ལ་བརྗེས་འགྲོ་བ་ཞིག་ཀྱང་རེད་ལ། ངེད་ཚང་ཡང་དེ་ལྟར་མི་བརྗེ་བའི་ངེས་པ་ཅི་ཡང་མི་འདུག སྐབས་རེར་ངེད་ཚང་གི་ཁྱིམ་མཚེས་ནི་གླ་གཏོང་བྱེད་པའི་ཁང་སྟོང་ཞིག་ཡིན་པའི་སྐབས་ཀྱང་མཆིས།

        ངེད་ཚང་གི་བྱིས་པ་སུན་སྣང་སྐྱེ་དུས་ཁྱིམ་མཚེས་ཞེས་པའི་འགྲོ་ས་ཞིག་མེད་ལ། ཁྱིམ་མཚེས་ཚང་གི་བྱིས་པ་ཟེར་བའི་རྩེད་རོགས་ཤིག་ཀྱང་མེད།

        གལ་ཏེ། ངེད་ཚང་ལ་དཀའ་ལས་དང་ན་ཚ་རེ་བྱུང་ནའང་ཁྱིམ་མཚེས་ཞེས་འབོད་ས་ཞིག་མེད་ལ། ཐད་ཀར110དང་ཡང་ན120ལ་ཁ་པར་གཏོང་རྒྱུ་དེ་ཡིད་ལ་དྲན་འོང་།

        གཏམ་དཔེ་ཞིག་ཏུ། ཐག་རིང་གི་ཤ་ཉེ་ལས་ཐག་ཉེའི་ཁྱིམ་མཚེས་དགའ་ཞེས་འབོད་ཀྱང་། གྲོང་ཁྱེར་འདི་ནས་ངས་ཁྱིམ་མཚེས་ཚང་གི་སྒོ་གང་འདོད་དུ་བརྡུང་མི་ཕོད། ནུབ་མོ་ཕར་ཞོག ཐ་ན་ཉིན་དཀར་ཡང་བརྡུང་བའི་སྤོབས་པ་མེད། ངས་ཁོ་ཚོ་རིག་མྱོང་ཡང་ངོ་མི་ཤེས་ལ། ཡང་ན་མཚམས་རེར་ངེད་ཚང་གི་ཁ་གཏད་ཀྱི་སྒོ་ཆུང་གྲུ་བཞི་དེ་བརྡུངས་ཀྱང་ནང་དུ་འདུག་མི་ཡོད་མེད་ཐག་ཆོད་པའི་གདེང་ཚོད་ཀྱང་མི་འདུག

        གལ་ཏེ་ང་ལ་ཕ་ཡུལ་ནས་ཁ་པར་ཞིག་འབྱོར་ཏེ། ཁྱོད་ཀྱི་ཁྱིམ་མཚེས་སུ་ཡིན་ཞེས་དྲིས་ན། ངས་ལན་འདེབས་མི་ཐུབ། དེ་ནི་ད་གཟོད་གྲོང་ཁྱེར་གྱི་ཁྱིམ་མཚེས་རེད།

        ཕ་ཡུལ་ན་ཡོད་དུས། རྒྱལ་ཁའི་གཏམ་བཟང་ཞིག་ཡོད་ན། བཟའ་མི་གང་བོས་མཉམ་སྤྱོད་བྱས་རྗེས། ཁྱིམ་མཚེས་ཚང་ལ་མཉམ་སྤྱོད་བྱེད་དུ་སོང་ན་ཆོག་ལ།སྡུག་གཏམ་ཞིག་ཡོད་དུས། ནང་མིར་བཤད་པའི་སྤོབས་པ་མེད་ན། ཁྱིམ་མཚེས་ཚང་ལ་སོང་ནས་བཤད་ཀྱང་ཆོག

        ངེད་ཚང་གི་བྱིས་པ་ཁྱིམ་མཚེས་ཚང་ལ་སོང་ནས་ཞག་འདུག་བྱེད་ཆོག་ལ། ཁྱིམ་མཚེས་ཚང་གི་བྱིས་པ་ངེད་ཚང་ལ་ཡོང་ནས་ཞག་འདུག་བྱས་ཀྱང་ཆོག

        ཁྱིམ་མཚེས་ཚང་གི་བཟའ་མིའི་གྲངས་ཀ་བཤད་ག་ལ་དགོས། ཐ་ན་ཁྱིམ་དུ་བསྒྲིགས་པའི་ཅ་ལག་དག་ཀྱང་བཤད་ཐུབ་མཁན་མང་པོ་གདའ།

        དེ་ནི་ཕ་ཡུལ་འབྲོག་གི་ཁྱིམ་མཚེས་རེད།

        གྲོང་ཁྱེར་དུ་རང་ཚང་གི་སྒོའི་ཁ་གཏད་ཀྱི་ཁྱིམ་ཚང་དེ་གཅིག་པུ་ལ་ད་གཟོད་ཁྱིམ་མཚེས་ཟེར་བའི་དབང་དུ་བཏང་རུང་། ཁྱིམ་མཚེས་ཚང་ངོ་ཤེས་མཁན་དང་མི་ཤེས་མཁན་གཉིས་ལས་མི་ཤེས་མཁན་མང་པོ་རེད་ཅེས་བཤད་ན། ངའི་སྐད་ཆ་འདི་ལ་ཁྱེད་ཅག་གིས་བདེན་ཁ་སྟེར་ངེས།

        ཁྱིམ་མཚེས་ཡོད་པའི་ཁྱིམ་ཚང་ཚོའམ། ཁྱིམ་མཚེས་ངོ་ཤེས་པའི་ཁྱིམ་ཚང་ཚོས་ཁྱིམ་མཚེས་ཞེས་པའི་མཚེ་མ་ལྟ་བུའི་ཁྱིམ་ཚང་དེ་དང་འཆམ་མཐུན་མཉམ་གནས་ངང་འཚོ་བ་རོལ་བཞིན་པའི་ལས་དབང་དེ་ལ་གཅེས་སྤྲས་གནང་རོགས།

        དེ་མ་གཏོགས། ཐག་རིང་གི་ཤ་ཉེ་ལས་ཐག་ཉེའི་ཁྱིམ་མཚེས་བཟང་ཟེར་ཡང་། ཁྱེད་ལ་སྐྱིད་སྡུག་གང་གི་སྐབས་སུའང་ཨ་རོག་ཚང་ཟེར་སའི་ཕར་འབོད་ས་ཞིག་དང་། ཨ་རོག་ཚང་ཟེར་བའི་ཚུར་འབོད་མི་ཞིག་ཀྱང་མེད་དུས་ཇི་འདྲའི་ཁེར་རྐྱང་ཞིག་རེད་ཨང་།

        གྲོང་ཁྱེར་གྱི་ཁྱིམ་མཚེས་དང་འབྲོག་ནང་གི་ཁྱིམ་མཚེས་ཀྱི་ཁྱད་པར་དེ་འདྲ་ཞིག་གོ།

        དོན་དུ། ང་ལ་གྲོང་ཁྱེར་ན་ཁྱིམ་མཚེས་ཤིག་ཡོད་དམ། ཡོད་ཟེར་ན་སུ་ཚང་ཡིན། དེ་ཚང་གི་ཁྱིམ་བདག་གི་མིང་ལ་ཅི་ཟེར། མེད་ཟེར་ན་ཅིག་ཡོད་པ་འདྲ་སྟེ། ངེད་ཚང་གི་སྒོའི་ཁ་གཏད་ཀྱི་ཁང་མིག་གྲུ་བཞི་དེའི་ནང་དུའང་མཚམས་རེར་མི་ཁྱིམ་ཞིག་གི་སྐད་སྒྲ་ཐོས་རྒྱུ་འདུག་ཅིང་། ཁོ་ཚོ་ནི་རྒན་རྒོན་གཉིས་ཡིན་ཀྱང་སྲིད་ལ། ཡང་ན་གྲོང་ཁྱེར་ན་འཚོ་བ་རོལ་བཞིན་པའི་ན་གཞོན་ཕོ་མོ་ གཉིས་ཡིན་ཀྱང་སྲིད་དོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1