ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་གཏོང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 02-24


སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆ་འཕྲིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་དང་། ཆ་འཕྲིན་ཐོན་ཁུངས་ཟླ་སྒྲིལ་གཏིང་ཟབ་གཏོང་རྒྱུར་ཤུགས་སྣོན། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ཆ་འཕྲིན་འཕར་རྩ་ཆེན་པོ་ཤར་གཏོང་བཅས་བྱ་དགོས་ཞེས་ནན་སྟོན་གནང་ཡོད། ད་ལོ་རང་རྒྱལ་གྱིས་ཆ་འཕྲིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྔར་བས་མགྱོགས་སུ་གཏོང་བ་དང་། གྲངས་འཛིན་དཔལ་འབྱོར་གོང་འཕེལ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་བརྒྱུད། གོང་འཕེལ་གྱི་སྒུལ་ནུས་གསར་པ་དང་བཟང་ཆ་གསར་པ་ཟམ་མི་ཆད་པར་སྐྱེད་སྲིང་བྱ་རྒྱུ་ཡིན་པ་རེད།

ཉེ་ཆར། བཟོ་འཕྲིན་པུས་ཁག་གཉིས་པའི་ཀྲའོ་སྟོང་གི་གྲོང་ཁྱེར་༨༡ལ་སྒོ་བྱང་བཀལ་བ་ནས་བཟུང་རང་རྒྱལ་གྱི་གྲོང་ཁྱེར་༡༡༠ཀྲའོ་སྟོང་གི་གྲོང་ཁྱེར་འཛུགས་སྐྲུན་གྱི་ཚད་གཞིར་སླེབས་ཡོད། ཀྲའོ་སྟོང་གི་གྲོང་ཁྱེར་ནང་། ༥Gདང་ཀྲའོ་སྟོང་གི་འོད་སྐུད་དྲ་བ་ལས་གྲུབ་པའི་ཀྲའོ་སྟོང་གཉིས་ལྡན་དྲ་རྒྱ་དེར་ཚད་བརྒལ་གྱི་དྲ་ཆེན་དང་དུས་ཚོད་ནར་འགྱངས་ཤིན་ཏུ་ཐུང་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་པས། བཟོ་ལས་དྲ་སྦྲེལ་དང་། རིག་ནུས་བཟོ་སྐྲུན། རིག་ལྡན་གྲོང་ཁྱེར། གྲོང་གསེབ་དར་རྒྱས། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཁག་གི་གསར་གཏོད་གོང་འཕེལ་ལ་སྐུལ་ཁྲིད་ཐུབ་ཀྱི་ཡོད།

ཀྲུང་གོ་ཆ་འཕྲིན་འཕྲིན་གཏོང་ཞིབ་འཇུག་ཁང་གི་ལག་རྩལ་དང་ཚད་གཞི་ཞིབ་འཇུག་ཁང་གི་འགོ་འཛིན་ཀྲང་ཧའེ་དབྱི་ཡིས། ཀྲའོ་སྟོང་གཉིས་ལྡན་དྲ་རྒྱས་གྲངས་འཛིན་དཔལ་འབྱོར་ལ་ཐོན་པའི་ནུས་པ་ཡང་ཧ་ཅང་མངོན་གསལ་དོད་པོ་ཡོད་པས། བཀོལ་སྤྱོད་ཀྱི་རྣམ་པ་མང་པོ་ཞིག་ཆགས་པ་དང་། རྒྱལ་དམངས་དཔལ་འབྱོར་གྱི་རིགས་ཆེན་པོ་༩༧ཁྲོད་ཀྱི་༤༠ལ་ཁྱབ་ཡོད། གྲངས་འཛིན་ཐོན་ལས་ཅན་གྱི་རིམ་སྤོར་ཧྲིལ་པོར་སྔར་བས་སྣེ་ཁྲིད་བྱེད་ཐུབ་ཡོད་ལ་འབྱུང་འགྱུར་ཐོན་ལས་གྲངས་འཛིན་ཅན་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་རྒྱུར་རྨང་གཞི་བཏིང་ཡོད་ཅེས་གསུངས་ཡོད།

ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ནི་གྲངས་འཛིན་དཔལ་འབྱོར་མགྱོགས་མྱུར་གོང་འཕེལ་འགྲོ་བའི་འདེགས་སྐྱོར་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་གནང་ནས། རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། འཐབ་ཇུས་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ། མྱུར་ཚད་མགྱོགས་པ་དང་། གནམ་ས་གཅིག་གྱུར། སྤྲིན་དྲ་མཉམ་འདྲེས། རིག་ནུས་བདེ་མྱུར། གནོད་མེད་ཐཱན་ཉུང་། བདེ་འཇགས་ཚོད་འཛིན་ཐུབ་པ་བཅས་ཀྱི་རིག་ནུས་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་གྲངས་འཛིན་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་བསྐྲུན་ནས། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཀྱི་ཆ་འཕྲིན་འཕར་རྩ་ཆེ་མོ་ཤར་གཏོང་ཐུབ་པ་བྱེད་དགོས་ཞེས་གསུངས་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་དབྱང་ནས་ས་གནས་བར་སྲིད་ཇུས་དང་འཆར་འགོད་རབ་དང་རིམ་པ་བཏོན་པ་དང་། ༥Gདང་། འོད་སྐུད་ཐགས་ཡངས་དྲ་བ། བཟོ་ལས་དྲ་སྦྲེལ། གྲངས་གཞིའི་ལྟེ་གནས་སོགས་མཚོན་བྱེད་དུ་བྱས་པའི་གྲངས་འཛིན་གཞི་རྩའི་འཛུགས་སྐྲུན་གསར་པ་གོང་འཕེལ་མྱུར་པོ་བྱུང་ཡོད། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་དང་ལག་རྩལ་སྔོན་ཐོན་གྱི་དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་བསྐྲུན་ཟིན་ཡོད། སྤྱི་ལོ་༢༠༢༢ལོའི་ལོ་མཇུག་བར། ༥Gཡི་སྦྲེལ་ཚུགས་གྲངས་འབོར་ས་ཡ་གཉིས་དང་སུམ་འབུམ་ཆིག་ཁྲི་ལས་བརྒལ་བ་དང་། ཤར་གྲངས་ནུབ་རྩིས་ཀྱི་རྒྱལ་ཁབ་རྩིས་རྒྱག་འགག་གནད་༨ལ་སྐུལ་འདེད་མགྱོགས་པོ་བཏང་ཡོད། སྤྱི་ལོ་༢༠༢༢ལོར། གྲངས་འཛིན་ལྟེ་གནས་ཀྱི་གཞི་ཁྱོན་འཕར་ཚད་༢༥%ལས་བརྒལ་བ་དང་། རྩིས་རྒྱག་གི་གཞི་ཁྱོན་གོ་ལ་ཧྲིལ་པོའི་ཨང་གཉིས་པར་སླེབས་པ། རྩིས་རྒྱག་ལྟེ་བའི་ཐོན་ལས་གཞི་ཁྱོན་སྒོར་དུང་ཕྱུར་ཆིག་ཁྲི་བརྒྱད་སྟོང་ཡན་ཟིན་ཡོད།

ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་འགོ་ཚུགས་པའི་ལོ་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་“གྲངས་འཛིན་དཔལ་འབྱོར་གོང་འཕེལ་མགྱོགས་སུ་གཏོང་བ་དང་། གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་འགྲན་ནུས་ལྡན་པའི་གྲངས་འཛིན་ཐོན་ལས་ཁྱུ་ཚོགས་བསྐྲུན་དགོས”ཞེས་བཏོན་ཡོད་པ་དང་། གྲངས་འཛིན་དང་དངོས་གཟུགས་མཉམ་འདྲེས་བྱ་རྒྱུ་གཙོ་ཐིག་ཏུ་བཟུང་ནས། ད་ལོ་རང་རྒྱལ་གྱིས་གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ་ཡིན་པ་རེད།

བཟོ་ལས་དང་ཆ་འཕྲིན་ཅན་པུའི་ཆ་འཕྲིན་ལག་རྩལ་གོང་འཕེལ་སེའི་སེ་ཀྲང་གཞོན་པ་ཝང་ཅན་ཝུའེ་ཡིས། ཀྲའོ་སྟོང་གཉིས་ལྡན་གྱི་དྲ་རྒྱ་ཁྱབ་པའི་གཏིང་ཚད་དང་རྒྱ་ཆེ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད། གནོད་མེད་རྨང་གཞིའི་སྒྲིག་བཀོད་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ། ས་གནས་ཁག་གི་གྲངས་གཞིའི་ལྟེ་གནས་དེ་ལག་རྩལ་མཐོ་གྲས་དང་། ཕན་ནུས་ཆེ་བ། བཙོག་འབུད་ཉུང་བ་བཅས་ཀྱི་ཕྱོགས་སུ་གོང་འཕེལ་གཏོང་བར་ཁྲིད་སྟོན་བྱེད་བཞིན་ཡོད། རྒྱལ་ཡོངས་གཞི་གཅིག་ཅན་དུ་འགྱུར་བའི་གྲངས་གཞི་ཆེན་པོའི་ལྟེ་བའི་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་འགག་རྩའི་ལྷུ་ཚིགས་དང་ས་ཁོངས་ཀྱི་གྲངས་གཞི་ཆེན་པོའི་ལྟེ་གནས་ཁྱུ་ཚོགས་འགའ་ཤས་བསྐྲུན་ནས། རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་གསུངས་ཡོད།

གྲངས་འཛིན་དཔལ་འབྱོར་གོང་འཕེལ་གྱི་སྒྲོམ་གཞི་བརྟན་དུ་བཏང་ཞིང་། ལོ་གསར་པ་ཤར་བ་ནས་བཟུང་། ས་གནས་ཁག་ཚང་མས་གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་བཀོད་སྒྲིག་བྱེད་མགྱོགས་སུ་བཏང་ཡོད། ཧྲེན་ཀྲེན་དུ། སྲིད་གཞུང་གིས་དུས་ཐེངས་གསར་པའི་རིག་ནུས་རྩིས་རྒྱག་ལྟེ་གནས་དང་རིམ་འདས་རྩིས་རྒྱག་ལྟེ་གནས་བསྐྲུན་འགོ་ཚུགས་ཡོད། ཚོད་ལྟའི་ངང་སྤྱོད་བཞིན་པའི་རིག་ལྡན་རྩིས་རྒྱག་ལྟེ་གནས་དེ་ལོ་མཇུག་ཏུ་དངོས་སུ་སྤྱོད་འགོ་འཛུགས་རྒྱུ་ཡིན་པ་དང་། སྐབས་དེ་དུས་ཡུའེ་ཀང་ཨའོ་ཁུག་པ་ཆེ་མོའི་ཁུལ་གྱི་དྲ་རྒྱ་གསར་པ་དང་མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་ལྟེ་བའི་ཁེ་ལས་༤༠༠ལྷག་ཙམ་ལ་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།

ཕེང་ཁྲེང་ཚོད་ལྟ་ཁང་ཚན་ཞིབ་པུའི་ཚན་ཞིབ་ཁྲུའུ་དང་པོའི་ཁྲུའུ་ཀྲང་ཝང་ཤའོ་གོ་ཡིས། ཁེ་ལས་དེ་དག་གི་རྩིས་རྒྱག་ནུས་པའི་མ་གནས་ཆ་སྙོམས་༢༠%དམའ་རུ་གཏོང་ཐུབ་ཀྱི་ཡོད། མ་འཇོག་བྱས་རྗེས་ད་དུང་རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་རྒྱག་དྲ་བ་དང་སྦྲེལ་མཐུད་བྱས་ཏེ་རྒྱལ་ཡོངས་ས་གནས་ཁག་གི་རྩིས་རྒྱག་ནུས་པ་དང་། གྲངས་གཞི། འབྱུང་ཁམས་བཅས་མཉམ་སྤྱོད་ཐུབ་པ་བྱས་ནས། རྒྱལ་ཁབ་ཀྱི་གྲངས་འཛིན་དཔལ་འབྱོར་དང་ཤར་གྲངས་ནུབ་རྩིས་ཀྱི་འཐབ་ཇུས་ལ་ཐུན་མོང་ཐོག་ཞབས་འདེགས་ཞུ་རྒྱུ་རེད་ཅེས་གསུངས་ཡོད།

གྲངས་འཛིན་འཁོར་རྒྱུག་ཤར་བགྲོད་དང་། ཆ་འཕྲིན་གྱི་འཕར་རྩ་ཆེན་པོ་ཤར་བགྲོད་ཐུབ་པར་བྱེད་པ་དང་། གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་ཀྱི་འདེགས་སྐྱོར་འོག་ཏུ་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བའི་གྲངས་འཛིན་དཔལ་འབྱོར་གྱིས་ས་གནས་ཁག་གི་དཔལ་འབྱོར་གོང་འཕེལ་གཏོང་བའི་སྤུས་ཚད་འཕོ་འགྱུར་དང་། ལས་ཆོད་འཕོ་འགྱུར། སྒུལ་ཤུགས་འཕོ་འགྱུར་བཅས་ལ་སྐུལ་འདེད་གཏོང་བཞིན་ཡོད། འབྲི་ཆུའི་ཟུར་གསུམ་བཟོ་སྐྲུན་ལས་རིགས་ཀྱི་གྲངས་འཛིན་ཅན་ནུས་པའི་ལྟེ་གནས་བཙུགས་ནས་ལོ་གཅིག་རིང་དེ་གར་རིམ་རྩིས་བྱས་ན་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་༡༣༠༠ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད། ལོ་གསར་པ་ཤར་བ་ནས་ད་བར་གྱི་ཟླ་བ་གཉིས་ནང་བཟོ་བཀོད་པ་ཝང་ཧྲེང་གིས་ཁེ་ལས་༦༠ལྷག་ཙམ་ལ་འཚམས་འདྲི་ཞུ་བར་བསྐྱོད་ཡོད།

འབྲི་ཆུའི་ཟུར་གསུམ་བཟོ་སྐྲུན་ལས་རིགས་གྲངས་འཛིན་ཅན་ནུས་པའི་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་ཝང་ཧྲེང་གིས། ང་ཚོས་གྲངས་གཞི་ཅན་གྱི་སྒྱུར་བཀོད་བྱས་པ་བརྒྱུད། ཁེ་ལས་དེ་དག་གི་ཆ་སྙོམས་ངལ་རྩོལ་ཐོན་སྐྱེད་བྱེད་ཚད་༡༦%མཐོ་རུ་ཕྱིན་པ་དང་། མངགས་ཐོ་རྩིས་སྤྲོད་ཀྱི་དུས་ཚོད་༡༣%ཐུང་དུ་ཕྱིན་ནས། ཁེ་ལས་ཀྱི་དཔལ་འབྱོར་ཕན་འབྲས་ཆེ་རུ་ཤུགས་ཆེན་ཕྱིན་ཡོད་ཅེས་ངོ་སྤྲོད་གནང་ཡོད།

འདི་ལོ་རྒྱལ་ཁབ་ཀྱིས་ད་དུང་གྲངས་འཛིན་ཐོན་ལས་གསར་གཏོད་གོང་འཕེལ་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། ༥Gགསར་གཏོད་བཀོལ་སྤྱོད་དང་ཐོན་ལས་འབྱུང་ཁམས་སྐྱེད་སྲིང་འདུ་འགོད་ལག་ལེན་བསྟར་རྒྱུ། འཛམ་གླིང་རིམ་པའི་གྲངས་འཛིན་ཐོན་ལས་ཁྱུ་ཚོགས་གཏོད་རྒྱུ། དེ་དང་ཆབས་ཅིག་བཟོ་སྐྲུན་ལས་རིགས་ཀྱི་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ་དང་། གྲངས་གཞིའི་རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་འཛུགས་སྐྱོང་བྱས་ཏེ། གྲངས་འཛིན་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་གཏོང་བ་བརྒྱུད་རྒྱལ་ཁབ་ཀྱི་འགྲན་རྩོད་བཟང་ཆ་གསར་པ་སྐྱེད་སྲིང་བྱ་རྒྱུ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1