༄༅། །བུད་མེད་རྣམས་ཀྱིས་རྒྱུན་མཐོང་གི་བདེ་ཐང་ཤེས་བྱ་འདི་དག་ཤེས་པར་བྱེད་དགོས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 03-29


        བདེ་ཐང་ནི་རྒྱུ་ནོར་ཡོད་ཚད་ལས་ཆེས་རྩ་ཆེ་བ་དེ་ཡིན་ལ། དེ་ནི་ཁྱིམ་ཚང་སྐྱིད་པའི་གཞི་མ་དང་རྒྱལ་ཁབ་དར་བའི་རྨང་གཞི། སྤྱི་ཚོགས་འཆམ་མཐུན་ཡིན་པའི་མཚོན་རྟགས་བཅས་རེད།

        རང་རྒྱལ་གྱིས་ཕོ་མོ་འདྲ་མཉམ་དང་བུད་མེད་ཁྱོན་ཡོངས་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཚོགས་ཁོར་ཡུག་སྔར་ལས་ལེགས་པོར་བསྐྲུན་པ་དང་བསྟུན། བུད་མེད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད“གནམ་གྱི་ཕྱེད་ཀ”ལྟ་བུའི་ནུས་པ་འདོན་གང་ཐུབ་བྱས་ཡོད་པས། བུད་མེད་ཀྱི་བདེ་ཐང་ནི་སྤྱི་ཚོགས་ཡོངས་ཀྱི་དོ་ཁུར་བྱེད་ས་གལ་ཆེན་ཞིག་ཏུ་གྱུར་ཡོད།

རྒྱུན་མཐོང་མོ་ནད་ཐད་ཀྱི་ཤེས་བྱ་ཕྲན་བུ།

གཅིག ཀ་ར་ནག་པོ་འཐུང་བ་ལས་ཟླ་མཚན་འབབ་སྐབས་ཀྱི་ན་ཟུག་གཅོག་མི་ཐུབ།

        ཟླ་མཚན་འབབ་པའི་སྐབས་སུ་བུད་མེད་མང་པོ་ཞིག་གིས་ཆུ་ཁོལ་གྱི་ནང་དུ་ཀ་ར་ནག་པོ་བླུགས་ནས་འཐུང་བ་རེད། ཀ་ར་ནག་པོ་ཆུ་ཁོལ་དུ་སྦངས་ནས་འཐུང་ན་སེམས་ཁམས་བདེ་ལ་འབབ་པར་ཕན་མོད། འོན་ཀྱང་སེམས་ཁམས་བདེ་ལ་འབབ་པའི་བྱེད་ནུས་དེ་ནི་ཆུ་ཁོལ་ཚ་མོ་ལའང་ཡོད་པས་ཀ་ར་ནག་པོ་བླུགས་མ་བླུགས་ཀྱི་ཁྱད་པར་མིན། དོན་དངོས་སུ་ཀ་ར་ནག་པོ་ལ་དམིགས་བསལ་གྱི་བྱེད་ནུས་གང་ཡང་མེད། ཟླ་མཚན་འབབ་སྐབས་ཀྱི་ན་ཟུག་མང་ཆེ་བ་ནི་གདོད་འབྱུང་རང་བཞིན་གྱི་ན་ཟུག་ཡིན་པས། དེ་ལ་གཟེར་འཇོམས་སྨན་འཐུང་བ་ལས་འོས་མེད་དོ།།

གཉིས། ཟླ་མཚན་གཙང་ཤོག་དུས་ཐོག་ཏུ་བརྗེ་དགོས།

        དུས་རྒྱུན་དུ་སྤུས་ཀ་ཚད་ལྡན་ཡིན་པའི་ཟླ་མཚན་གཙང་ཤོག་ཉོ་དགོས་པར་མ་ཟད་དུས་ཐོག་ཏུ་བརྗེ་དགོས་ལ། འཕྲོད་བསྟེན་གཙང་ཤོག་བརྗེ་སྐབས་ལག་པ་བཀྲུ་བའི་གོམས་སྲོལ་ལོབས་སུ་འཇུག་དགོས། དེ་མིན་ན་ནད་སྲིན་མང་པོ་འཕྲོད་བསྟེན་གཙང་ཤོག་སྟེང་འགོས་ནས་མོ་ནད་སྣ་ཚོགས་སློང་སྲིད།

གསུམ། རྒས་ཚད་ཇེ་དལ་དུ་གཏོང་བར་གཙོ་བོ་ཉི་འགོག་ལེགས་པོ་བྱེད་དགོས།

        སྨུག་ཕྱིའི་འོད་ཐིག་ནི་མིའི་སྐྱི་པགས་ལ་རྒས་འགྱུར་གཏོང་བའི་རྒྱུ་རྐྱེན་གཙོ་བོ་ཡིན། རིན་གོང་སྒོར་སྟོང་འགའ་རེའི་བྱུགས་རྫས་ཉོ་བ་ལས་དུས་རྒྱུན་གྱི་འཚོ་བའི་ཉི་འགོག་ལེགས་པར་བྱས་པས་དགའ། དོ་སྣང་བྱེད་དགོས་པ་ཞིག་ནི། གནམ་ངོ་རུབ་པའི་སྐབས་སུའང་སྨུག་ཕྱིའི་འོད་ཐིག་དྲག་པོ་ལྡན་པ་དང་།སྐྱི་པགས་ལ་སྔར་བཞིན་གནོད་འཚེ་ཐེབས་སྲིད་པས་ཉི་འགོག་བྱེད་རྒྱུ་བརྗེད་མི་རུང་།

བཞི། ལོ20ལ་བུད་རྗེས་ལོ་རེར་མོ་ནད་བརྟག་བཤེར་བྱེད་དགོས།

        གལ་ཏེ་ཁྱོད་རང་ལོ20ལ་བུད་པར་མ་ཟད་བཟའ་ཟླའི་འཚོ་བ་རོལ་བཞིན་ཡོད་ན།ལོ་རེར་མོ་ནད་བརྟག་དཔྱད་ཐེངས་གཅིག་རེ་བྱེད་དགོས། གལ་ཏེ་ཟླ་མཚན་མི་སྙོམས་པ་དང་། གསང་གནས་ལ་ཟ་འཕྲུག་ལངས་པ་སོགས་ཀྱི་ནད་རྟགས་མངོན་ཚེ། འགོར་འགྱངས་མི་བྱེད་པར་མྱུར་དུ་སྨན་ཁང་ལ་སོང་ནས་གསོ་བཅོས་བྱེད་དགོས།

ལྔ། ལོ21གི་རྗེས་སུ་ལོ་རེར་མངལ་སྐེ་དང་ནུ་མར་བརྟག་དཔྱད་ཐེངས་རེར་བྱེད་དགོས།

        མངལ་སྐེ་འབྲས་སྐྲན་དང་ནུ་མའི་འབྲས་སྐྲན་ནི་འབྱུང་ཚད་ཆེས་མཐོ་བའི་མོ་ནད་ཀྱི་རིགས་ཡིན་པས། ལོ21ལ་བུད་པ་ནས་བཟུང་ལོ་རེར་བརྟག་དཔྱད་ཐེངས་རེར་བྱེད་དགོས།

        ལོ21ནས29བར་ལོ་གསུམ་རེའི་ནངTCTབརྟག་དཔྱད་ཐེངས་རེར་བྱེད་དགོས་པ་དང་། ལོ30ནས65བར་ལོ་ལྔ་རེའི་ནངTCTདངHPVམཉམ་འབྲེལ་བརྟག་དཔྱད་ཐེངས་གཅིག་རེར་བྱེད་པ་དང་ཡང་ན་ལོ་གསུམ་རེའི་ནངTCTཐེངས་རེར་བརྟག་དགོས།

        ལོ65ཡན་ལ་བུད་རྗེས། བསྟུད་མར་ལོ་གསུམ་ལ་བརྟག་དཔྱད་བྱས་ཏེ་གནད་དོན་གང་ཡང་མེད་ན་བརྟག་མཚམས་བཞག་ཀྱང་ཆོག

བུད་མེད་ཀྱི་ལུས་སེམས་བདེ་ཐང་ཡིན་པའི་རྟགས་ལ་འདི་དག་ཡོད་པ་སྟེ།

གཅིག སེམས་ཁམས་སྐྱིད་པ།

        སེམས་ཁམས་སྐྱིད་པོ་ཡོང་བ་ནི་ལུས་སེམས་བདེ་ཐང་ཡིན་པའི་རྟགས་གཙོ་བོ་ཡིན། དེས་མི་ཞིག་གི་དཀྱིལ་གཞུང་དབང་རྩའི་མ་ལག་དོ་སྙོམས་ཡིན་པ་དང་། ལུས་ཁམས་ཀྱི་བྱེད་ནུས་མཐུན་སྦྱོར་ཡོང་བཞིན་པ་མཚོན་ཡོད། ལུས་སེམས་བདེ་ཐང་ཡིན་པའི་མི་ལ་སེམས་ཁམས་སྐྱིད་པ་དང་སེམས་ལ་སྤྲོ་བ་རྒྱས་ཤིང་།རང་རྟོན་ཡོད་པ་དང་ཡིད་ཚིམ་པར་མ་ཟད།འཚོ་བའི་ཁྲོད་སྤྲོ་བ་བཙལ་མཁས་ཤིང་འཚོ་བར་ཡིད་ཆེས་འདྲོངས་པ་ཡིན།

གཉིས། བྱ་སྤྱོད་ལ་ཚོད་འཛིན་ཐུབ་པ།

        བྱ་སྤྱོད་གང་ཞིག་ཡིན་རུང་དེ་ལ་བསམ་བློ་ཡིས་བཀོད་འདོམས་བྱེད་ཀྱིན་ཡོད་པས།མིའི་སེམས་ཁམས་བདེ་ཐང་ཡིན་ན།བསམ་བློ་དང་བྱ་སྤྱོད་གཉིས་གཅིག་གྱུར་ཡོང་བར་མ་ཟད།རང་ཉིད་ལ་ཚོད་འཛིན་བྱེད་པའི་ནུས་པ་ལྡན་པ་རེད། གལ་ཏེ་མི་ཞིག་གི་བྱ་སྤྱོད་དང་བསམ་བློ་གཉིས་འགལ་ཟླ་རུ་གྱུར་པ་དང་། རིག་པ་གཅིག་ཏུ་སྒྲིམ་མི་ཐུབ་པ། བྱ་བ་སྒྲུབ་པར་གོ་རིམ་མེད་པ་སོགས་ནི་སེམས་ཁམས་བདེ་ཐང་མིན་པའི་རྟགས་རེད།

གསུམ། འཕྲོད་མཐུན་ནུས་པ་ལྡན་པ།

        རྙོག་འཛིང་ལྡན་ཞིང་འགྱུར་བ་ཆེ་བའི་འཇིག་རྟེན་འདིའི་སྟེང་དུ་འཚོ་བ་རོལ་དགོས་ན།ཁོར་ཡུག་མི་འདྲ་བ་སྣ་ཚོགས་དང་འཕྲད་སྲིད། དེ་བས་མི་ཞིག་ཡིན་ན་ངེས་པར་དུ་འཕྲོད་འཐུན་ནུས་པ་ངེས་ཅན་ཞིག་ལྡན་དགོས། ཁོར་ཡུག་ལ་འགྱུར་ལྡོག་ཅི་ཙམ་བྱུང་ནའང་། དེ་རེ་རེར་ཁ་གཏད་འཇལ་ཏེ་འཕྲོད་འཐུན་ཡོང་ཐུབ་པ་ནི་སེམས་ཁམས་བདེ་ཐང་ཡིན་པའི་རྟགས་རེད།

བཞི། མི་དང་མིའི་བར་གྱི་འབྲེལ་བ་འཆམ་མཐུན་ཡིན་པ།

        གཅིག་ནི་མི་གཞན་དང་འབྲེལ་འདྲིས་བྱེད་འདོད་པ་དང་། བརྟན་ཞིང་རྒྱ་ཆེ་བའི་སྤྱི་ཚོགས་འབྲེལ་འདྲིས་ཡོད་དགོས་ལ།བློས་ཐུབ་ཀྱི་གྲོགས་པོའང་ཡོད་པ། གཉིས་ནི་འབྲེལ་འདྲིས་ཁྲོད་རང་ཚུགས་ཡོད་པའི་མི་གཤིས་ལྡན་པ་དང་། རང་ཚོད་ཟིན་པར་མ་ཟད་བག་ཡོད་ཚུལ་ལྡན་ཡིན་པ། གསུམ་ནི་མི་གཞན་ལ་གདེང་འཇོག་ཡག་པོ་བྱེད་ཐུབ་པ་དང་།གཞན་གྱི་ཡོན་ཏན་བླངས་ནས་རང་ཉིད་ཀྱི་ཞན་ཆ་ཁ་གསབ་བྱེད་ཐུབ་པ། ཁོག་རྒྱ་ཡངས་པའི་སྒོ་ནས་གཞན་དང་འབྲེལ་འདྲིས་བྱེད་ཐུབ་པ། བཞི་ནི་འབྲེལ་འདྲིས་ཁྲོད་བརྩོན་སེམས་ཆེ་ཞིང་སྒྱིད་ལུག་གི་སེམས་ཁམས་མི་ལྡན་པ་བཅས་ནི་སེམས་ཁམས་བདེ་ཐང་ཡིན་པའི་རྟགས་ཡིན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1