༄༅།། སློབ་འབྲིང་སློབ་མའི་ཁྲིམས་ལུགས་སློབ་ཁྲིད་སྐོར་གླེང་བ།

གཡང་མོ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 03-29



གཡང་མོ་ཚེ་རིང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ།

གཅིག སློབ་འབྲིང་སློབ་མའི་བཅའ་ཁྲིམས་ཀྱི་འདུ་ཤེས་གསོ་སྐྱོང་བྱ་རྒྱུ་དེ་ཀུན་སྤྱོད་སློབ་གསོ་དང་ཟུང་འབྲེལ་བྱེད་དགོས།

        ཀུན་སྤྱོད་སློབ་གསོས་སློབ་འབྲིང་སློབ་མ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ནུས་པ་གལ་ཆེན་ཐོན་གྱིན་ཡོད། ཀུན་གྱིས་ཤེས་གསལ་ལྟར། མི་རྣམས་ཀྱིས་སྤྱི་ཚོགས་སུ་འཚོ་བ་རོལ་བཞིན་ཡོད་པས། དེའི་བྱ་སྤྱོད་ལ་བཅའ་ཁྲིམས་ཀྱི་ཚད་གཞིའི་ཚོད་འཛིན་ཐེབས་པར་མ་ཟད། ཀུན་སྤྱོད་ཚད་གཞིའི་ཁྲིད་སྟོན་དང་སྙོམས་སྒྲིག་ཀྱང་ཐེབས་ཀྱིན་ཡོད། གལ་ཏེ་སློབ་འབྲིང་སློབ་མར་ཀུན་སྤྱོད་ཀྱི་ལྟ་བ་ཡང་དག་ཆགས་སུ་བཅུག་ནས་བླ་ན་མེད་པའི་ཕུགས་བསམ་དང་བསམ་ཚུལ་ལྡན་པར་བྱས་ཚེ་སློབ་གྲྭའི་ཁྲིམས་ལུགས་སློབ་གསོར་སྔར་ལས་ལེགས་པའི་གྲུབ་འབྲས་འཐོབ་པ་དང་ནུས་ལྡན་ངང་སློབ་མའི་བཅའ་ཁྲིམས་ཀྱི་འདུ་ཤེས་གསོ་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་ཐུབ། དེར་བརྟེན་ཐབས་ལམ་དང་བྱེད་ཐབས་སྣ་ཚོགས་སྤྱོད་དགོས། སྤྱི་ཚོགས་ཀྱི་ལག་ལེན་ཐད་ནས། ཕ་མ་སྙོར་སྐྱོང་མི་བྱེད་མཁན་དང་གཅར་རྡུང་བྱེད་མཁན། རྒྱུ་ནོར་རྐུ་འཕྲོག་བྱེད་མཁན། ཚོང་རྫས་རྫུན་མ་བཟོ་མཁན། མི་གསོད་མཁན། ཁྲེལ་མེད་ལུགས་མེད། བསམ་ངན་སྤྱོད་རྩུབ་ཅན་སོགས་བསམ་བློ་ཀུན་སྤྱོད་ཀྱི་སྤུས་ཚད་ཤིན་ཏུ་ཞན་པ་ཡོད། དེ་བས་འཆད་ཁྲིད་དང་གཏམ་བཤད། རྩོམ་ཡིག་བསྡུ་བ་སོགས་ཀྱི་འགྲན་བསྡུར་བྱ་འགུལ་སྤེལ་བ་དང་འགྲེམས་སྟོན་ཚོགས་འདུ། སྙན་སྒྲོན་ཚོགས་འདུ། གཏམ་བཤད་ཚོགས་འདུ་སོགས་སྣ་མང་སློབ་གསོས་སློབ་མ་རྣམས་ལ་དགོས་ངེས་ཀྱི་བཅའ་ཁྲིམས་ཀྱི་གཞི་རྩའི་རྒྱུན་ཤེས་དང་རྨང་གཞིའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་སློབ་ཁྲིད་བྱས་ཐོག་རང་རྟོགས་ངང་སྒྲིག་ཁྲིམས་བརྩི་སྲུང་ཞུ་བའི་སྤྱོད་ཚུལ་བཟང་པོ་སེམས་ལ་འཇགས་པར་བྱས་ཏེ། སློབ་འབྲིང་སློབ་མའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ཉུང་དུ་བཏང་ནས་སྐྱོན་བྲལ་ངང་འཚར་ལོངས་འབྱུང་བར་སྐུལ་འདེད་གཏོང་དགོས། དུས་མཚུངས་སུ། སློབ་མར་རྒྱུན་ལྡན་གྱི་བྱ་སྤྱོད་ཐད་ཁྲིམས་ལྟར་བྱ་བ་སྒྲུབ་པའི་གོམས་སྦྱོང་བརྡར་གསུམ་གྱི་སློབ་གསོ་གཙོ་གནད་དུ་འཛིན་པ་དང་། སློབ་མའི“ཁྲིམས་སྐྱོང”འདུ་ཤེས་འཛུགས་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། ཁྲིམས་ཤེས་པ་དང་ཁྲིམས་ལ་དགའ་བ། ཁྲིམས་སྲུང་བ། ཁྲིམས་སྤྱོད་པ་བཅས་བྱས་ནས། སློབ་འབྲིང་སློབ་མའི་བཅའ་ཁྲིམས་འདུ་ཤེས་ཀྱི་སློབ་གསོ་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུག་གི་བྱ་གཞག་གལ་ཆེན་ཞིག་རེད།

གཉིས། སློབ་འབྲིང་སློབ་མའི་བཅའ་ཁྲིམས་ཀྱི་འདུ་ཤེས་གསོ་སྐྱོང་བྱ་རྒྱུ་དེ་ཁྲིམས་ལུགས་སློབ་གསོ་དང་ཟུང་འབྲེལ་དམ་ཚགས་བྱེད་དགོས།

        ཁྲིམས་ལུགས་སློབ་གསོ་ནི་སློབ་འབྲིང་སློབ་མའི་ཁྲིམས་ལུགས་ཀྱི་འདུ་ཤེས་གསོ་སྐྱོང་བྱེད་པའི་རྣམ་པ་གཙོ་བོ་ཞིག་ཡིན་ལ། སློབ་གྲྭ་ནི་སློབ་མར་ཁྲིམས་ལུགས་སློབ་གསོ་གཏོང་བའི་གནས་གལ་ཆེན་ཞིག་ཡིན། སློབ་འབྲིང་གི་ཁྲིམས་ལུགས་སློབ་གསོ་ནི་རྒྱལ་ཁབ་ཀྱི་དམངས་གཙོ་དང་ཁྲིམས་ལུགས་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་བཟོ་འགོད་ཅིག་ཡིན། སློབ་འབྲིང་སློབ་མ་ནི་སེམས་ཁམས་དང་ལུས་ཁམས་ཀྱི་འཚར་སྐྱེ་དང་འགྱུར་ལྡོག་གི་དུས་སྐབས་སུ་གནས་ཡོད་ཅིང་། མི་ཚེའི་ལྟ་བ་དང་འཇིག་རྟེན་ལྟ་བ་ད་དུང་ཆགས་མེད་པས། བྱ་དངོས་ལ་གོ་བ་ལེན་པ་དང་ཡིན་མིན་བརྡར་ཤ་གཅོད་པའི་ནུས་པ་ཡང་ཅུང་ཞན་པར་བརྟེན། སློབ་འབྲིང་སྐབས་སུ་བཅའ་ཁྲིམས་ཀྱི་ནུས་པ་དང་རང་རྒྱལ་གྱི་ཁྲིམས་ལུགས་ཀྱི་རྩ་དོན་ཤེས་སུ་འཇུག་པ་དང་། རྩ་ཁྲིམས་ཀྱི་དབང་གྲགས་འདུ་ཤེས་དང་། ཁྲིམས་ལྟར་སྤྱི་དམངས་ཀྱི་ཁེ་དབང་ལོངས་སུ་སྤྱོད་པ། སྤྱི་དམངས་ཀྱི་འོས་འགན་སྒྲུབ་པ་བཅས་ཀྱི་འདུ་ཤེས་ཆགས་སུ་འཇུག་དགོས། གཞན་ཡང་སྤྱི་དམངས་ཀྱིས་ཁྲིམས་ལྟར་བྱ་བ་བསྒྲུབ་དགོས་པ་དང་ཁྲིམས་དང་འགལ་ཚེ་ངེས་པར་དུ་ཆད་པ་གཅོད་དགོས་པས། སྒྲིག་བརྩི་ཁྲིམས་སྲུང་གི་རང་རྟོགས་རང་བཞིན་ཇེ་མཐོར་བཏང་སྟེ། སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། སློབ་འབྲིང་གི་ཁྲིམས་ལུགས་སློབ་གསོའི་ནང་དོན་ཐད་སྤྱི་དམངས་དང་བཅའ་ཁྲིམས། ཀུན་སྤྱོད་དང་ཁྲིམས་ལུགས། དམངས་གཙོ་དང་ཁྲིམས་ལུགས། རྒྱལ་ཁབ་ཀྱི་སྲིད་དབང་ལམ་ལུགས་དང་ཁྲིམས་ལུགས་དབར་གྱི་འབྲེལ་བ་སོགས་ཀྱི་ཐད་ནས་སློབ་མར་ཁྲིམས་ལྟར་རྒྱལ་སྐྱོང་དང་ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་དེ་བཞིན་མི་སྒེར་གྱི་འཚོ་བ་དང་བཅའ་ཁྲིམས་དབར་འབྲེལ་བ་དམ་ཟབ་ཡོད་པའི་ཐད་སློབ་གསོ་རྒྱག་རྒྱུར་དོ་སྣང་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དང་ཁྲིམས་ལུགས་འདུ་ཤེས་སྐོར་གྱི་སློབ་གསོ་རྒྱག་རྒྱུ་གཙོ་གནད་དུ་བཟུང་ནས་སློབ་མའི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། ཁེ་དབང་དང་འོས་འགན་གྱི་འདུ་ཤེས། ཁྲིམས་སྲུང་ཁྲིམས་སྤྱོད་ཀྱི་འདུ་ཤེས་བཅས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། ལོ་ན་མ་སོན་པའི་སྐྱེ་བོས་བྱས་ཉེས་གསོག་རིགས་སྔོན་འགོག་བྱེད་པའི་སློབ་གསོ་བཏང་ནས་སློབ་མས་ཡིན་མིན་གསལ་འབྱེད་དང་རང་གཅུན་ནུས་པ་ཆེ་རུ་གཏོང་བ། ཁྲིམས་འགལ་ཉེས་གསོག་གི་སྤྱོད་ངན་སྔོན་འགོག་དང་ཉུང་དུ་གཏོང་ཐབས་བཅས་བྱེད་དགོས།

གསུམ། སློབ་འབྲིང་སློབ་མའི་བཅའ་ཁྲིམས་ཀྱི་འདུ་ཤེས་གསོ་སྐྱོང་བྱ་རྒྱུ་དེ་ཁྱིམ་ཚང་སློབ་གསོ་དང་ཟུང་འབྲེལ་དམ་ཚགས་བྱེད་དགོས།

        ཁྱིམ་ཚང་ནི་སྤྱི་ཚོགས་ཀྱི་ཆེས་གཞི་རྩར་གྱུར་པའི་ཚན་པ་ཞིག་ཡིན་ཞིང་། ཁྱིམ་ཚང་གི་ཁོར་ཡུག་བཟང་པོ་ནི་བྱིས་པའི་རང་གཤིས་བཟང་པོ་དང་། སྒྲིག་བརྩི་ཁྲིམས་སྲུང་གི་འདུ་ཤེས་དང་གོམས་གཤིས་བཟང་པོ་ཆགས་པར་བྱེད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་རེད། ཁྱིམ་ཚང་སློབ་གསོ་ཕུན་སུམ་ཚོགས་པས་བྱིས་པའི་མི་གཤིས་ཕུན་སུམ་ཚོགས་པ་སྐྱེད་སྲིང་བྱེད་བཞིན་ཡོད་ལ། རྗེས་ལུས་ཀྱི་ཁྱིམ་ཚང་སློབ་གསོས་མི་གཤིས་ངན་པ་སྐྲུན་བཞིན་ཡོད། ཁྱིམ་ཚང་གིས་སྐྱོན་བྲལ་ཡར་བརྩོན་གྱི་འཚོ་བའི་ཁོར་ཡུག་ཅིག་བསྐྲུན་ཏེ་སློབ་འབྲིང་སློབ་མར་ཤུགས་རྐྱེན་བཟོས་ནས་བཅའ་ཁྲིམས་ཀྱི་སྤུས་ཚད་དང་བཅའ་ཁྲིམས་ཀྱི་འདུ་ཤེས་བཟང་པོ་ཆགས་པར་བྱེད་དགོས། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ངེས་པར་དུ་ཡང་དག་པའི་བྱ་སྤྱོད་དང་སྐད་ཆར་བརྟེན་ནས་སློབ་འབྲིང་སློབ་མར་ཤུགས་རྐྱེན་ཐེབས་པར་བྱེད་དགོས་ཤིང་། ཁྱིམ་བདག་གིས་སློབ་གྲྭ་ལ་གཞོགས་འདེགས་བྱས་ཏེ་སློབ་མར་དོ་དམ་ནན་མོ་བྱེད་དགོས། ཁྱིམ་ཚང་གིས་བྱིས་པ་ཚོར་བཅའ་ཁྲིམས་ཀྱི་འདུ་ཤེས་འཛུགས་པའི་ཁྲོད་དུ་དགོས་ངེས་ཀྱི་ནུས་པ་འདོན་སྤེལ་དང་། སློབ་འབྲིང་སློབ་མ་རྣམས་ཚད་དང་མཐུན་པའི་སྤྱི་དམངས་སུ་གསོ་སྐྱོང་བྱས་ཏེ། སློབ་འབྲིང་སློབ་མའི་བཅའ་ཁྲིམས་ཀྱི་འདུ་ཤེས་ཇེ་མཐོར་འགྲོ་བའི་རྨང་གཞིའི་ཐོག་བདེ་ཐང་ངང་འཚར་ལོངས་འབྱུང་བར་བྱེད་དགོས།

བཞི། སློབ་འབྲིང་སློབ་མའི་བཅའ་ཁྲིམས་ཀྱི་འདུ་ཤེས་གསོ་སྐྱོང་བྱ་རྒྱུ་དེ་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྱོང་དང་ཟུང་འབྲེལ་དམ་ཚགས་བྱེད་དགོས།

        འཆམ་མཐུན་སྤྱི་ཚོགས་ནི་མིའི་རིགས་ཡོངས་ཀྱི་ཕུགས་འདུན་ཡིན། སློབ་འབྲིང་སློབ་མ་ནི་འཆམ་མཐུན་སྤྱི་ཚོགས་སྐྲུན་པའི་གསར་སྐྱེས་སྟོབས་ཤུགས་ཡིན་པས་ཁོ་ཚོའི་བཅའ་ཁྲིམས་ཀྱི་འདུ་ཤེས་དེ་འཆམ་མཐུན་སྤྱི་ཚོགས་སྐྲུན་པའི་འཕེལ་རིམ་དང་ཐད་ཀར་འབྲེལ་ཡོད། སྤྱི་ཚོགས་ལས་རིགས་ཁག་གིས་བཅའ་ཁྲིམས་ལྟར་རང་ཉིད་ཀྱི་ཁྲིམས་བཀོད་འགན་འཁྲི་བསྒྲུབས་ཏེ། སློབ་འབྲིང་སློབ་མ་སྐྱོན་བྲལ་ངང་འཚར་ལོངས་འབྱུང་བར་བདེ་འཇགས་དང་དྭངས་གཙང་གི་ཁོར་ཡུག་དང་བར་སྟོང་འདོན་སྤྲོད་བྱེད་དགོས།

        སློབ་འབྲིང་སློབ་མས་རང་ཉིད་ནས་མགོ་བརྩམས་ཏེ། རང་ཉིད་ཀྱི་བཅའ་ཁྲིམས་འདུ་ཤེས་ལ་ཤུགས་བསྣན་ནས་སྒྲིག་བརྩི་ཁྲིམས་སྲུང་གི་གོམས་གཤིས་ཆགས་པར་བྱས་ཏེ། ཐོག་མར། དུས་རྒྱུན་གྱི་བྱ་སྤྱོད་ནས་མགོ་བཙུགས་ཏེ་སློབ་གྲྭའི་ལམ་ལུགས་ཁག་བརྩི་སྲུང་ནན་མོ་བྱེད་པ་དང་། ད་དུང་བཅའ་ཁྲིམས་དང་སྤྱི་ཚོགས་ཀྱི་སྤྱིའི་ཀུན་སྤྱོད་ཀྱི་ཚད་གཞི་བརྩི་སྲུང་དང་རང་བཀུར་རང་འབད་ཀྱི་འདུ་ཤེས་འཛིན་པ། ཡིན་མིན་དབྱེ་འབྱེད་དང་རང་གིས་རང་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ཇེ་ཆེར་གཏོང་བ། རང་རྟོགས་ཀྱིས་བྱ་སྤྱོད་ངན་པ་སྣ་ཚོགས་བཀག་འགོག་བཅས་བྱེད་དགོས།

ལྔ། སློབ་འབྲིང་སློབ་མའི་ཁྲིམས་ལུགས་ཀྱི་འདུ་ཤེས་གསོ་སྐྱོང་བྱ་རྒྱུ་དེ་སློབ་འབྲིང་སློབ་མའི་ཁྲིམས་ལུགས་སློབ་གསོ་དང་ཟུང་འབྲེལ་དམ་ཚགས་བྱེད་དགོས།

        རང་ཉིད་ལ་ཁྲིམས་ལུགས་ཀྱི་སློབ་གསོ་གཏོང་བ་ནི་རང་འགུལ་ངང་དེང་རབས་ཀྱི་དམངས་གཙོའི་འདུ་ཤེས་དང་དེང་རབས་ཀྱི་བཅའ་ཁྲིམས་འདུ་ཤེས་ཐོབ་ཐབས་བྱ་རྒྱུའི་ཁྲིམས་སྤྱོད་སློབ་གསོ་ཞིག་རེད། དེང་རབས་ཀྱི་ཁྲིམས་ལུགས་སློབ་གསོའི་ཁྲོད། སློབ་འབྲིང་སློབ་མ་རང་ཉིད་གཙོ་བོར་འཛིན་པ་དང་། སློབ་འབྲིང་སློབ་མའི་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་དེ་སློབ་ཚན་གསར་པའི་དམིགས་བྱའི་བླང་བྱ་དང་མཐུན་ཞིང་།སློབ་འབྲིང་སློབ་མས་བཅའ་ཁྲིམས་སློབ་སྦྱོང་བྱེད་སྐབས། དགེ་རྒན་དང་ཁྱིམ་བདག་གིས་ངེས་པར་དུ་ཐབས་བརྒྱ་ཇུས་སྟོང་གིས་ཁོ་ཚོར་བཅའ་ཁྲིམས་དང་བཅའ་ཁྲིམས་ཀྱི་འདུ་ཤེས་ཀྱི་གལ་ཆེའི་རང་བཞིན་ངོས་འཛིན་བྱེད་དུ་འཇུག་དགོས། ནང་དོན་དང་ཁྲིམས་སྦྱོང་ཐད་དུས་ཐོག་ཏུ་མཛུབ་ཁྲིད་བྱེད་དགོས་པར་མ་ཟད།རང་འགུལ་གྱིས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་བཅའ་ཁྲིམས་ཀྱི་ཤེས་བྱ་དང་བསམ་བློ་ཀུན་སྤྱོད་ཀྱི་ཤེས་བྱ་ཤེས་རྟོགས་ཐུབ་རྒྱུར་སྐུལ་འདེད་བཏང་ནས་རང་ཉིད་ཀྱི་བཅའ་ཁྲིམས་འདུ་ཤེས་དང་བཅའ་ཁྲིམས་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་ཀྱིས་དེང་རབས་སློབ་འབྲིང་སློབ་མར་བཏོན་པའི་བླང་བྱ་གང་མགྱོགས་ཀྱིས་མངོན་འགྱུར་ཐུབ་པ་བྱེད་དགོས།

        དེར་བརྟེན། སློབ་མའི་བཅའ་ཁྲིམས་ཀྱི་འདུ་ཤེས་གསོ་སྐྱོང་བྱེད་རྒྱུ་ནི་སློབ་གྲྭའི་བཅའ་ཁྲིམས་ཀྱི་རྨང་གཞིའི་ཤེས་བྱའི་སློབ་གསོ་ཁོ་ནར་བརྟེན་ནས་མངོན་འགྱུར་བྱེད་ཐུབ་པ་ཞིག་གཏན་ནས་མིན་པས། སྤྱི་ཚོགས་ཀྱི་ཕྱོགས་སོ་སོས་ཕན་ཚུན་ལ་གཞོགས་འདེགས་དང་ཐུན་མོང་གིས་འབད་བརྩོན་བྱས་ན་ད་གཟོད་ལེགས་འགྲུབ་བྱེད་ཐུབ། སློབ་འབྲིང་སློབ་མ་ནི་རྒྱལ་ཁབ་ཀྱི་མ་འོངས་པའི་རེ་བ་ཡིན་པས། སློབ་འབྲིང་སློབ་མའི་ཁྲིམས་ལུགས་སློབ་གསོར་ཤུགས་སྣོན་དང་བཅའ་ཁྲིམས་འདུ་ཤེས་གསོ་སྐྱོང་བྱས་ན། སློབ་འབྲིང་སློབ་མ་བདེ་ཐང་ངང་འཚར་ལོངས་དང་རང་རྒྱལ་གྱི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ངེས་ཡིན་པས་ན། ང་ཚོས་ནན་ཏན་དང་འབད་བརྩོན་གྱིས་སློབ་འབྲིང་སློབ་མར་བཅའ་ཁྲིམས་ཀྱི་གལ་ཆེའི་རང་བཞིན་ཤེས་སུ་འཇུག་དགོས། །

དཔྱད་གཞི་ཡིག་ཆ།

[1]གཅན་རོང་བསྟན་འཛིན། 《སློབ་གསོའི་ལག་ལེན་རྣམ་བཤད།》ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། 2003.12

[2]ཝང་ཡོན་ཝུའུ་དང་ཝང་ཅེ། 《2012ལོའི་ཀྲུང་གོའི་མི་རིགས་ཁྲིམས་ལུགས་རིག་པའི་ཞིབ་འཇུག་སྐོར་གྱི་དཔྱད་གཏམ། 》[J] མི་རིགས་རིག་པའི་དུས་དེབ། 2013


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1