ལོ་སར་ཐེངས་རེར།
ཨ་ཕ་ལྷག་ཏུ་དྲན་འོངས།
ཨ་མ་ཡོད་པས་ཐབ་ཀ་དྲོ་ནའང་།
གོམས་པའི་དབང་གིས།
ཚ་ཐབ་སྟེང་གི་ཨ་ཕའི་ཆང་སྐད་ཐན་ཐུན་དེར་ཡུལ་གྱིས་བསྐལ་པས།
རླུང་གྲང་མོ་ཞིག་གིས་མཆིན་སྙིང་སིལ་བར་བཟོས་འགྲོ།
ལྷག་ཏུ་འགྱོད་ཚ་བ་ནི།
ང་དང་ཨ་ཕའི་བོད་ཡུལ་གནས་སྐོར་གྱི་ཁ་དན།
མི་རྟག་པའི་དབྱིངས་སུ་བཏབ་སོང་བ་དེ་ཡིན་འདུག
ལོ་སར་ཐེངས་རེར།
ཨ་ཕ་ཞེ་ནས་དྲན་འོངས།
ཨ་མ་ཡོད་པས་ཕ་ཡུལ་རྟག་ནའང་།
གོམས་པའི་དབང་གིས།
ཁྱམས་སུ་ཉི་མར་ལྡེ་བཞིན་བུ་ལ་སྒུག་པའི་མིག་ཟུང་དེར་ལས་ཀྱིས་བསྐལ་པས།
ངག་མི་འཁྲོལ་བའི་སྨྲེང་བ་ཞིག་གིས་མིག་ཆུའི་ཟིལ་བ་གཏོར་འགྲོ།
ལྷག་ཏུ་རེ་ཆད་པ་ནི།
ཁོ་ལ་ཧུའུ་ཀྲུའུ་རྟགས་ཅན་གྱི་ཆང་དཀར་དམ་བེ་གང་།
ལོ་སར་གྱི་ལེགས་སྐྱེས་སུ་གདེག་མ་ནུས་པ་དེ་ཡིན་འདུག
ལོ་སར་ཐེངས་རེར།
ཨ་ཕ་ངང་གིས་དྲན་འོངས།
ཨ་མ་ཡོད་པས་གཞིས་དྲི་ཞིམ་ནའང་།
གོམས་པའི་དབང་གིས།
གསུང་རབ་ལ་རྡུལ་སྤྲུགས་གཏོང་བའི་རྒྱབ་གཟུགས་དེར་གཏན་དུ་བསྐལ་པས།
དོན་ལྔ་སྣོད་དྲུག་ལ་གཉན་ཚད་རྒྱས་ནས་ཉིན་ཞག་ཁ་ཤས་འདས།
ལྷག་ཏུ་རེ་ཕངས་པ་ནི།
གསོན་ཐོག་ཏུ་སྐེ་འཇུ་ཐེངས་ཤིག་མ་བྱས།
བཞུད་ཁ་མར་ཁ་ཆེམས་ཚིག་གཅིག་ཀྱང་མ་ཐོས་པ་དེ་ཡིན་འདུག
ལོ་སར་ཐེངས་རེར།
ཨ་ཕའི་ནམ་མཁའ་རླུང་གིས་ཁུར་ཤུལ་དུ།
འཇག་རྩྭ་སྐམ་པོ་ཞིག་གིས་ངུ་ངག་འབྱིན་བཞིན་པ་དེ་རང་ཉིད་ཡིན་འདུག
གདུང་བ་ལྕི་མོ་ཞིག་གི་རྡོག་ཁྲེས་འདེགས་མཁན་དེ་རང་ཉིད་ཡིན་འདུག
ལོ་སར་ཐེངས་རེར།
བུ་ཡི་མིག་ཟུང་ལས་རང་ཉིད་མཐོང་ཐེངས་རེར།
བུ་ལ་འོ་ཞིག་བྱས་ནས་མིག་ཆུ་ཁོག་ཏུ་མིད།