ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་གྲོས་མོལ་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 04-10


ཟླ་4ཚེས་6ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་གྲོས་མོལ་གནང་བ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་6ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་གྲོས་མོལ་གནང་བ་རེད།

        ཞི་ཅིན་ཕིང་གིས་མ་ཁེ་ལུང་སླར་ཡང་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གིས་དེང་སྐབས་ཀྱི་འཛམ་གླིང་ནི་གཏིང་ཟབ་པའི་ལོ་རྒྱུས་ཀྱི་འགྱུར་ལྡོག་བརྒྱུད་བཞིན་ཡོད། ཀྲུང་ཧྥ་རྒྱལ་ཁབ་གཉིས་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་དང་རང་བཙན་རང་བདག་གི་སྲོལ་རྒྱུན་ལྡན་པའི་རྒྱལ་ཁབ་ཆེན་པོ་ཞིག་དང་། འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་མཁན་ཞིག་ཡིན་པའི་ངོས་ནས་མི་མཐུན་པའི་ཆ་དང་འཆིང་རྒྱ་ལས་སྒྲོལ་ནས་བརྟན་ལྷིང་དང་། གཉིས་ཕན། གསར་འབྱེད། ཡར་བརྩོན་བཅས་ཀྱི་ཀྲུང་ཧྥའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཁ་ཕྱོགས་ཆེན་པོ་མཐའ་འཁྱོངས་ཀྱིས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་དང་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་སྲུང་སྐྱོབ་བྱེད་པའི་འཇོན་ཐང་དང་འགན་འཁྲི་ཡོད་ཅེས་གསུངས་པ་རེད། ཀྲུང་གོ་དང་ཧྥ་རན་སེ་དབར་གྱི་འབྲེལ་བ་བརྟན་འཁྱོངས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་པར་དགེ་མཚན་ལྡན་པའི་གདེང་འཇོག་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། བརྟན་ལྷིང་རང་བཞིན་ནི་ཀྲུང་ཧྥ་འབྲེལ་བའི་མངོན་གསལ་དོད་པའི་ཁྱད་ཆོས་དང་རྩ་ཆེའི་རྒྱུ་ནོར་ཞིག་ཡིན་པས་ཕྱོགས་གཉིས་པོས་གཅེས་སྐྱོང་ཞིབ་ཚགས་བྱེད་རིན་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་དང་ཆུ་ཚད་མཐོ་བའི་འབྲེལ་གཏུག་ཐབས་ལམ་གང་ལེགས་སྤྱད་དེ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་འབྲེལ་གཏུག་དམ་ཟབ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་འདི་ལོའི་ནང་ཀྲུང་ཧྥའི་འཐབ་ཇུས་དང་། དཔལ་འབྱོར་ནོར་སྲིད་དངུལ་རྩ། མི་ཆོས་རིག་གནས་སྤེལ་རེས་བཅས་རིམ་པ་མཐོ་བའི་གླེང་མོལ་ལམ་སྲོལ་ཆེན་པོ་གསུམ་གྱི་ཚོགས་འདུ་ཐེངས་དང་པོ་འཚོག་རྒྱུ་རེད། ཕྱོགས་གཉིས་པོས་ཕན་ཚུན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་དང་། ཕ་རོལ་པོའི་ལྟེ་བའི་ཁེ་ཕན་ལ་བརྩི་འཇོག མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་དང་དོ་དམ་ཚོད་འཛིན་བྱེད་དགོས། གཉིས་ཁེ་གཉིས་ཕན་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད་པས་ཧྥ་རན་སེ་ཕྱོགས་ལ་དེ་བས་རྒྱ་ཆེ་བའི་ཁྲོམ་རའི་གོ་སྐབས་མཁོ་འདོན་བྱ་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་འབྲུ་རིགས་དང་། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད། དམངས་སྤྱོད་རྡུལ་ཕྲན་ནུས་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་ཞབས་ཞུའི་ཚོང་དོན་དང་། ལྗང་མདོག་འཕེལ་རྒྱས། ཚན་རྩལ་གསར་གཏོད་སོགས་མཉམ་ལས་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱས་ནས་ཕྱོགས་གཉིས་པོས་ཐཱན་སྙོམ་སྦྱོར་ལྟེ་གནས་མཉམ་སྐྲུན་དང་ཤེས་ལྡན་མི་སྣ་མཉམ་འབྲེལ་ཐོག་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད། ཧྥ་རན་སེས་2024ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་དང་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པའི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་འདྲ་མཉམ་དང་། དྲང་བདེན། མཐོང་ཆུང་མེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་སང་ལོ་ཀྲུང་ཧྥའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བ་དང་ཀྲུང་ཧྥའི་རིག་གནས་ཡུལ་སྐོར་ལོ་དང་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་གོ་སྐབས་སུ་བྱས་ནས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་སྒོ་དབྱེའི་རྣམ་འགྱུར་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པ། འཛམ་གླིང་ཚོང་དོན་རྩ་འཛུགས་སོགས་ཕྱོགས་མང་ལམ་སྲོལ་ཐད་ཧྥ་རན་སེ་ཕྱོགས་དང་འབྲེལ་གཏུག་དང་མཉམ་ལས་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་མང་རིང་ལུགས་ངོ་མ་ཐུན་མོང་ཐོག་ལག་ལེན་བསྟར་ནས་གནམ་གཤིས་འགྱུར་ལྡོག་དང་ནུས་རྒྱུའི་གནད་དོན་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་འདོད་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་2025ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་ཚོགས་ཆེན་ཡག་པོ་གཉེར་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང་ཧྥ་རན་སེ་ཕྱོགས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གོ་ལ་ཧྲིལ་པོའི་སྟོབས་ཤུགས་ཆེན་པོ་གཉིས་དང་། ཁྲོམ་ར་ཆེན་པོ་གཉིས། ཤེས་དཔལ་ཆེན་པོ་གཉིས་བཅས་ཡིན་པའི་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་དེ་ཕྱོགས་གཉིས་པོའི་བདེ་རྩ་དང་འབྲེལ་བ་ཡོད་པ་དང་གོ་ལ་ཧྲིལ་པོའི་བརྟན་ལྷིང་དར་རྒྱས་དང་འབྲེལ་བ་ཡོད། ཀྲུང་གོས་ཡོ་རོབ་ལ་འཛིན་པའི་སྲིད་ཇུས་ཡུན་རིང་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱ་རྒྱུ་དང་། ཐོག་མཐའ་བར་གསུམ་དུ་ཡོ་རོབ་སྣེ་མང་ཅན་གྱི་འཛམ་གླིང་ཁྲོད་ཀྱི་རང་བཙན་གྱི་ཕྱོགས་སུ་བརྩི་བ། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་དེ་ཕུང་གསུམ་པར་མི་དམིགས་པ་དང་། རྒྱབ་རྟེན་མི་བཅོལ་བ། ཚོད་འཛིན་མི་ཕོག་པ་བཅས་མཐའ་འཁྱོངས་བྱེད་ཀྱི་ཡིན།

        ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་འདི་ལོ་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་20འཁོར་བ་གོ་སྐབས་སུ་བྱས་ཏེ་ཁྱོན་ཡོངས་ནས་སྤེལ་རེས་གླེང་མོལ་དང་སྐད་ཆ་ཤོད་རེས་བསྐྱར་དུ་བྱེད་འགོ་ཚུགས་པ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་མཛའ་གྲོགས་མཉམ་ལས་ཀྱི་དགོངས་གཞི་གཙོ་བོ་བརྟན་དུ་གཏོང་བ། བརྟན་ཞིང་ཕན་ཚུན་ཡིད་ཆེས་ཡོད་པའི་མཁོ་སྤྲོད་འཁོར་འབྲེལ་གྱི་རོགས་ཟླའི་འབྲེལ་བ་འཛུགས་པར་གྲོས་བསྡུར་བཅས་བྱས་ཏེ་གཉིས་ཁེ་གཉིས་ཕན་བྱེད་འདོད་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་དགེ་མཚན་ལྡན་པའི་ཁྲིད་སྟོན་ནུས་པ་འདོན་རྒྱུའི་རེ་བ་ཡོད།

        མ་ཁེ་ལུང་གིས་གསུངས་དོན། ལོ་གསུམ་ལྷག་ཙམ་གོང་ཀྲུང་གོར་འཚམས་འདྲི་བྱས་པའི་གནས་ཚུལ་བློ་ལ་བརྟན་པོར་ངེས་ཡོད། ཀྲུང་གོར་སླར་ཡང་འཚམས་འདྲི་བྱ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་ཧྥ་ཀྲུང་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་རིམ་སྤོར་བྱ་རྒྱུའི་ཐད་ཐུན་མོང་ཐོག་གྲོས་བསྡུར་བྱེད་ཀྱི་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་ཀྲུང་འབྲེལ་བའི་ཐད་དགེ་མཚན་ལྡན་པའི་གདེང་འཇོག་གནང་བ་དང་དེ་བཞིན་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་བཏོན་པའི་གྲོས་འགོ་གལ་ཆེན་ལ་ངས་རྦད་དེ་མོས་མཐུན་ཡོད། སང་ལོར་ཧྥ་རན་སེ་དང་ཀྲུང་གོས་ཕྱི་འབྲེལ་བཙུགས་ནས་ལོ་ངོ་60འཁོར་བར་ཐུན་མོང་ཐོག་རྟེན་འབྲེལ་ཞུ་རྒྱུ་ཡིན་ཞིང་། ལོ་ངོ་60ཡི་རིང་ཧྥ་ཀྲུང་འབྲེལ་བ་བརྟན་ལྷིང་སྐྱོན་བྲལ་ངང་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་ཡོད། ཧྥ་རན་སེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་གཏོང་སྟངས་མི་འདྲ་ཡང་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་ལྷག་བསམ་རྣམ་དག་ངང་སྤེལ་རེས་བྱས་པས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཉིས་ཁེ་གཉིས་ཕན་བྱུང་བ་དང་དུས་མཚུངས་མཉམ་ལས་བྱས་ནས་དེང་གི་འཛམ་གླིང་ལ་འཕྲད་པའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པར་ཡར་རྒྱས་གལ་ཆེན་བྱུང་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་བརྩི་འཇོག་བྱེད་པ་དང་འབྲེལ་ལག་ལེན་བསྟར་ཡོད། ངས་ད་ཐེངས་འཐུས་མི་ཚོགས་པ་ཆེན་པོའི་སྣེ་ཁྲིད་དེ་ཀྲུང་གོར་འཚམས་འདྲི་བྱེད་དོན་ནི་ཀྲུང་གོ་ཕྱོགས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁུན་མིང་-མོང་ཐེ་ལིར《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པར་ཧྥ་རན་སེ་ཕྱོགས་ཀྱིས་རྟེན་འབྲེལ་ཞུ་རྒྱུ་དང་། གནམ་གཤིས་འགྱུར་ལྡོག་དང་འབྲུ་རིགས་བདེ་འཇགས་སོགས་ཀྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་དང་མུ་མཐུད་འབྲེལ་གཏུག་མཉམ་ལས་དམ་ཟབ་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་འཚོག་རྒྱུ་ཡིན་པས་ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་དེའི་ཐད་མཉམ་ལས་བྱེད་འདོད་ཡོད།

        རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་ཡུག་རེན་གྱི་ཉམས་ཉེན་ལ་དགོངས་འཆར་བརྗེ་རེས་གནང་བ་རེད།

        ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་ཡུག་རེན་གྱི་གནད་དོན་ཐད་འཛིན་པའི་ལངས་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་ཁ་གསལ་པོ་ཡོད་ཅིང་། དེའི་ལྟེ་བ་ནི་བར་འདུམ་དང་གྲོས་མོལ་ལ་སྐུལ་འདེད་དང་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱ་རྒྱུ་དེ་རེད། ཉམས་ཉེན་སེལ་བར་འཆི་མེད་རིལ་བུ་ཟེར་བ་མེད་པས་ཕྱོགས་ཁག་གིས་རང་ངོས་ནས་འགོ་བཙུགས་ཏེ་ཕན་ཚུན་ཡིད་ཆེས་ལ་བརྟེན་ནས་དམག་འཁྲུག་མཚམས་འཇོག་གི་ཞི་བའི་གྲོས་མོལ་གྱི་ཆ་རྐྱེན་བསྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1