༄༅། །ཕྱིར་དྲན་ཀློང་གི་སྤོ་བོ།

གངས་ཆབ་སྔོན་མོ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-10



གངས་ཆབ་སྔོན་མོ། རྨ་ལྷོ།


        ལོ་དེའི་དགུན་གནང་གཏོང་བའི་ཆེས་མཐའ་མཇུག་གི་ནངས་མོ་དེར། ཁུ་བོ་བཀྲ་སྐར་ལགས་གློ་བུར་དུ་ང་ཚོའི་མལ་ཤག་ཏུ་སླེབས་བྱུང་། ཁོའི་གདོང་ལ་སྐྱོ་ཉམས་ཀྱིས་ཁེངས་ཤིང་། སྐམ་རིད་དུ་གྱུར་པའི་མཆུ་སྒྲོས་ལྷབ་ལྷུབ་ཏུ་འདར་བཞིན་སྐད་ཆ་ལ་མགོ་རྔ་ཅི་ཡང་མེད་པར“ང་ཆེད་དུ་ཁྱོད་ལེན་དུ་ཡོང་བ་ཡིན་པས། ཁྱོད་ཀྱིས་གང་མྱུར་ཅི་མྱུར་སྒོས་རང་ཉིད་ཀྱི་དངོས་པོ་དག་བསྡུ་གསོག་བརྒྱབ་ནས་ཕ་ཡུལ་དུ་ལོག་པར་གྲ་སྒྲིག་བྱོས་དང་། ང་ཁྱོད་ཀྱི་འཛིན་བདག་ཡོད་སར་སོང་ནས་གནང་བ་ཞུས་ནས་ཡོང”ཟེར་བཞིན་བྲེལ་བྲེལ་འཚུབ་འཚུབ་ངང་སྒོར་ཕྱིན་སོང་། སྐད་ཅིག་མ་དེའི་ཁུ་བོའི་གདོང་གི་རྣམ་འགྱུར་དང་སྐད་ཆའི་བབ་ལ་བརྟག་ན། ཕལ་ཆེར་རང་ཁྱིམ་ནས་བཀྲ་མི་ཤིས་པའི་དོན་དག་ཅིག་བྱུང་སོང་བ་འདྲ། མྱུར་མོར་མཁོ་ཆས་དག་བསྡུ་གསོག་ལེགས་པོ་བརྒྱབ་ནས་ཕ་ཡུལ་དུ་ལོག་པར་གྲ་སྒྲིག་བྱས། ཞོར་དུ་སྙིང་མགོ་རུ་ཙག་ཤེད་ཅིག་ཀྱང་བསྟུད་མར་རྒྱུག་འོང་གིན་འདུག དེ་དང་མཉམ་དུ་ང་རང་འདང་རྒྱག་དང་ཐེ་ཚོམ་གྱི་གཡང་ལ་ལྷུང་ནས་རང་ཉིད་ཀྱི་འཁྲིས་སུ་སློབ་གྲོགས་སུ་ཡོད་དང་སྐད་ཆ་ཅི་བཤད་གཅིག་ཀྱང་བློ་ངོ་རུ་ཤར་རྒྱུ་མི་འདུག

        ང་ཚོའི་སྡེ་བ་ནི་རྫོང་མཁར་གྱི་ལྷོ་ནུབ་མཚམས་སུ་ཆགས་ཡོད་ཅིང་། རི་ལམ་ཀྱག་ཀྱོག་ཡིན་ཁར་ལམ་ཐག་ཀྱང་རིང་པོ་ཞིག་ཡོད་པས་དེ་ལྟར་བསླེབ་སྲིད་པ་ཞིག་ཁྱོན་ནས་མིན། ཅུང་མ་འགོར་བར་ཁུ་བོས་ངའི་འཛིན་བདག་ལ་གནང་བ་ཞུས་ཏེ་ཕྱིར་ཐོན་བྱུང་། ངེད་གཉིས་ཀྱིས་ཁོའི་ལྕགས་རྟའི་སྟེང་དངོས་པོ་ཙག་ཙིག་དག་དམ་པོར་བསྡམས་རྗེས། རྒྱང་རིང་གི་ཕ་ཡུལ་ཕྱོགས་སུ་ཆས་པར་སྟ་གོན་བྱས། ང་ལ་མཚོན་ན་ཁུ་བོ་བཀྲ་སྐར་ལགས་ཆུང་དུས་ནས་རང་ལ་གཞན་ལས་ལྷག་པའི་བརྩེ་བ་ཞིག་ཡོད་པ་ཤ་རུས་པའི་གཏིང་དུ་སིམ་ཡོད་པས། དོགས་སྣང་དང་བག་ཚ་མེད་པར “ཨ་ཁུ། དོན་ངོ་མར་རང་ཁྱིམ་ནས་དོན་དག་ཅི་ཞིག་བྱུང་སོང” ཞེས་དྲིས་མ་ཐག ཁུ་བོས་ཤུགས་རིང་ཞིག་འཐེན་ཞོར་མིག་ཟུང་ངའི་གདོང་ལ་གཏད་ནས “དོན་དག་ཆེན་པོ་བྱུང་མེད་པས་ཁྱོད་ཀྱི་སེམས་བདེ་མོ་བྱོས། ངེད་གཉིས་ཇི་ལྟར་མགྱོགས་ན་དེ་ལྟར་བཟང” ཞེས་པའི་ཚིག་ལན་ལས་གཞན་ཅི་ཡང་ངག་སྒོ་ལས་ཐོན་མ་སོང་། ངས་ཀྱང་ཡང་བསྐྱར་ཚ་འདྲི་ནན་འདྲི་བྱེད་མ་ཕོད་པར་ཁ་རོག་གེར་ཁུ་བོའི་བཀོད་པ་ལྟར་ལམ་བདེ་ས་རུ་ལྕགས་རྟའི་འཕོངས་ལ་ཞོན་པ་དང་། ལ་གཟར་པོ་རུ་འགོ་དུས་ངེད་གཉིས་ཀྱིས་ལྕགས་རྟའི་མགོ་རྔར་འཇུས་ནས་འདེད་ཞོར་དང་འདྲུད་ཞོར་བྱས་ཏེ་དབུགས་ཧལ་ཧལ་ངང་མུ་མཐུད་དུ་ལམ་ལ་ཆས། དེ་ལྟར་ངལ་གསོ་ཏོག་ཙམ་ཡང་མ་བརྒྱབ་པར་དུས་ཚོད་གཉིས་ལྷག་ལ་སོང་རྗེས། ཕ་ཡུལ་མཐོང་སྲིད་པའི་ཉག་ཁ་ཞིག་ཡོད་པ་དེར་སླེབས་ཤིང་། ཁོས་ཇི་མི་སྙམ་པར་ལག་གཡས་པས་གདོང་གི་རྔུལ་ནག་འབྱིད་བཞིན། “སྟག་ཤ་ལོ། ཁྱོད་རང་དལ་མོར་ཤོག་དང་། ང་ངེས་པར་དུ་སྔོན་ལ་ཐོན་དགོས”ཟེར་བཞིན་ལྕགས་རྟར་ཞོན་ནས་སྡེ་དཀྱིལ་དུ་འཐེན་པའི་ཀྱོག་ལམ་ལ་ཁ་གཏད་ནས་འཁྱར་འཁྱོར་ཡ་ཡོ་ངང་བུད་སོང་། ང་རང་རེ་ཞིག་ཉག་ཁའི་སྒང་འབུར་སྟེང་ཙོག་སྟེ། རང་ཁྱིམ་གྱི་ཕྱོགས་སུ་གཟབ་ནན་ངང་ཡང་ཡང་བལྟས་པ་ན། ངེད་ཚང་གི་སྒོ་རའི་ཕྱི་ནང་ཡོངས་ན་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་ཞིང་། མི་ཚོགས་མང་པོ་ཕར་འགྲོ་ཚུར་འོང་བྱེད་ཀྱིན་འདུག་པ་དེ་གསལ་ལེར་མཐོང་མ་ཐག རང་དབང་མེད་པར་རང་ལུས་དར་ལྕོག་བཞིན་གཡུག་ཅིང་། མིག་ཟུང་མཆི་མས་ཁེངས་ནས་མཐོང་ལམ་ཧྲིལ་པོ་རབ་རིབ་མག་མོག་ཏུ་གྱུར་ཏེ་རེ་ཞིག་ཧད་དེ་ལུས།

        ང་རང་སྤོ་བོས་བསྐྱངས་ནས་ནར་སོན་པ་ཡིན། གལ་ཏེ་སྤོ་བོ་ལགས་ང་དང་གཏན་བྲལ་བྱུང་བ་ཡིན་ན། དྲིན་ལན་ཕར་ཞོག གཞུག་ཕྱོགས་རང་ཉིད་ལ་ཤ་ཚ་བའི་མི་ཞིག་ཀྱང་མེད་སོང་སྙམ་ནས་སེམས་པ་སྔར་ལས་བློང་བློང་པོར་གྱུར་ཅིང་རང་ཁྱིམ་ཕྱོགས་སུ་ཇི་ལྟར་ཐོན་པའང་གསལ་ཆ་མི་འདུག རང་ཁྱིམ་གྱི་སྒོ་ཁར་ཐོན་མ་ཐག་གཉེན་ཉེ་དག་འཕྲོ་རིམ་འཕྲོར་ངའི་གམ་དུ་ཐོན་ནས་ངུ་ངག་འདྲེས་མའི་ངང “སྟག་ཤ་ལོ། ཁྱོད་རང་ཐོན་བྱུང་ངམ” ཞེས་སྙིང་ཉེ་བའི་འཚམས་འདྲིའི་སྐད་གདངས་ཅི་རིགས་གཅིག་རྗེས་གཉིས་མཐུད་དུ་རྣ་ལམ་ལ་ལྷུང་འོང་། སྐབས་དེར་ངའི་ཡ་ཆུང་ནང་གྲི་ཡིས་གཙགས་པ་དང་འདྲ་ཞིང་། མིག་ཟུང་ལས་མཆི་མའི་རྡོག་པོ་ཆར་བ་བཞིན་ཐག་ཐག་ངང་སར་འཐོར། སྤོ་བོ་ལགས་ཀྱི་ཞལ་ངོ་ཡང་མ་མཐོང་བར་གློ་བུར་དུ་ང་དང་གཏན་གྱེས་བྱུང་བ་ནི་ཅི་འདྲའི་བཟོད་པར་དཀའ་བ་ཞིག་རེད་ཨང་། སྤྱིར་སྐྱེ་རྒ་ན་འཆི་ནི་སྲོག་ལྡན་སུ་ཞིག་ཡིན་རུང་གཟུར་དུ་མེད་པའི་ཆོས་ཉིད་ཅིག་ཡིན་ནའང་། མ་བསམ་ས་ནས་སྤོ་བོ་ལགས་གློ་བུར་ང་དང་དུས་གཏན་དུ་གྱེས་ཟིན། ངའི་སྤོ་བོ་ལགས་ནི། འཇིག་རྟེན་སྟེང་གི་སྤོ་བོ་གཞན་དག་ལས་ལྷག་སྟེ། ངོས་གཞན་ཞིག་ནས་གླེང་བའི་དབང་དུ་བྱས་ན། ངེད་གཉིས་བར་གྱི་འདང་བརྩེ་ནི་གཞན་སུ་དང་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པ་ལྟ་བུ་ཞིག་ཏུ་ཆགས་ཡོད། དེ་ལའང་རྒྱུ་མཚན་དང་རིན་ཐང་མེད་པ་ལྟ་བུ་ཞིག་ལར་ནས་མིན། དེ་ཡང་ལོ་རབས་བདུན་ཅུའི་སྨད་ཙམ་ལ་རྒྱུ་དང་རྐྱེན་གང་རུང་ཞིག་གི་དབང་གིས། ང་སྤོ་བོ་ལགས་ཀྱིས་སྙོར་དགོས་བྱུང་ཞིང་། དུས་དེ་ནས་བཟུང་ངེད་གཉིས་བར་ལ་ཐུན་མོང་མ་ཡིན་པའི་གཏམ་རྒྱུད་ཅིག་གི་དབུ་བསླངས་པ་རེད། ང་རང་ལོ་གཉིས་ཀྱི་སྟེང་ནས་བཟུང་། སྤོ་བོས་རང་གི་བུ་ཕྲུག་ལྟར་སྙོར་ནས་འོངས་ཤིང་། ལོ་དྲུག་གི་སྟེང་སྡེ་བའི་སློབ་ཆུང་འགྲིམས་མགོ་ཚུགས། སྐབས་དེ་ཤེད་དུ་དབྱར་གནང་དགུན་གནང་དང་གཟའ་ཉི་མའི་ངལ་གསོའི་ཉིན་མོར་སྤོ་བོ་དང་ལྷན་དུ་རི་ཆུ་ཐང་གསུམ་དུ་བསྐྱོད་ནས་གནག་ཕྱུགས་ཀྱི་རྫི་བོ་བྱས་མྱོང་ལ། རྣང་ཞིང་གི་བར་སྟོང་དུ་ཕྱིན་ནས་སྤོ་བོའི་ཚེགས་རྟེན་ཡང་བྱས་མྱོང་། སྤོ་བོ་གར་སོང་ས་རུ་ལུས་དང་གྲིབ་མ་ཇི་བཞིན་འགྲོགས་ནས་གཏན་ནས་ཁ་བྲལ་མྱོང་མེད། ངའི་སྤོ་བོ་ལགས་ནི་མི་གཤིས་དྲང་ལ་སྤྱོད་པ་བབ་ཆགས་ཤིང་། ལས་འབྲས་སྲུང་མཁན་ཤ་སྟག་ཅིག་ཡིན། ཐ་ན་ཁབ་སྐུད་པ་ཞིག་ཡིན་ཡང་གཞན་ལ་མ་གཡར་བར་འཁྱེར་འོང་བ་ཡིན་ན་སྡང་སྡིགས་སྟོན་ཞིང་སྐྱོན་བརྗོད་བྱེད་སྲིད། སྡེ་བའི་མདུན་རིའི་ནང་གི་ལྗོན་ཤིང་རྐང་གཅིག་བཅད་ནས་ཁྱིམ་དུ་ཐོན་པ་ཡིན་ནའང་རབ་ཏུ་ཁྲོས་ནས་འགྲམ་ལྕག་ཚ་བོ་གཞུ་མཁན་ཞིག་ཀྱང་ཡིན།ཁོ་རང་དུས་རྒྱུན་གླིང་སྒྲུང་དང་གནའ་གཏམ་འཆད་པར་སྤྲོ་ཞིང་། དམངས་གླུར་ཉན་པར་ཡང་ཤིན་ཏུ་དགའ། སྐབས་དེ་ཙ་ན་ངེད་ཚང་དུ་བོད་ཀྱི་དམངས་གླུའི་དཔེ་དེབ་ཅིག་དང་སྒྲ་སྡུད་འཕྲུལ་ཆས་ཤིག་ཡོད་དེ། མཚན་མོ་སླེབས་ཐེངས་རེར། ང་གཉིད་དུ་མ་ཡུར་བའི་སྔོན་ལ་དམངས་གླུ་ཚན་པ་རེ་ཚེག་བརྡར་བྱས་ཏེ་ངག་སྐྱོར་བྱ་དགོས། དེ་ཡང་མཚན་མོ་རེ་གཉིས་ཤིག་མ་ཡིན་པར་དཔྱིད་རྨོད་དང་སྟོན་སྡུད་ཀྱི་དུས་ཚིགས་མ་གཏོགས་མཚན་མོ་ཕལ་ཆེ་བ་རེ་རེ་དེ་ལྟར་རྒྱུན་མཐུད་ནས་འོང་བ་ཡིན། རིམ་གྱིས་ན་སོ་རྒྱས་པ་དང་བསྟུན་སློབ་རིམ་ཡང་ཇེ་མཐོར་སོང་ནས་དམངས་གླུ་དང་སྒྲུང་དཔེ་ཀློག་པར་དཀའ་ངལ་དེ་འདྲ་མི་འདུག སྒྲ་སྡུད་འཕྲུལ་ཆས་ལ་ཉན་ནས་གླུ་པ་གྲགས་ཅན་གུ་རུ་དང་ལུ་གུ་རྒྱལ། གླུ་པ་རིན་ཁོ་དང་རྡུང་ལེན་པ་བདུད་བྷེ། སྒྲུང་པ་སྐལ་བཟང་གྲགས་པ་སོགས་ལ་ལད་མོ་བྱས་ཏེ། མཚམས་རེར་དམངས་གླུ་བླངས་ཤིང་། ལན་རེར་གླིང་སྒྲུང་བཤད་ཁུལ་བྱས་པ་ཡིན། ལོ་ཟླ་དེ་དག་ནི་ང་ལ་མཚོན་ན་སྤྲོ་སྣང་དང་རེ་བས་ཁེངས་པ་ཞིག་ཡིན། རྒྱུ་མཚན་སྤོ་བོ་ལགས་དང་སློབ་གྲྭའི་དགེ་རྒན་ཚོའི་ལྷག་བསམ་དང་རྒྱབ་སྐྱོར་འོག་སྐབས་དེར་ང་རང་སྡེ་གྲོང་ཆུང་ཆུང་ཞིག་གི་གླུ་པ་ཆུང་ཆུང་ཞིག་ཏུ་ཡང་གྱུར་ཡོད་པ་འདྲ་སྟེ། རུ་སྡེ་བའི་ལོ་གསར་དང་རྟགས་སྟོན་མོ་སོགས་ཀྱི་སྟེང་དུ་སྤོ་བོས་ང་རང་ཁྲིད་ནས་འགྲོ་བར་དགའ་ཞིང་། སྤོ་བོའི་མཛུབ་སྟོན་འོག་རང་ཚོད་ཀྱིས་དམངས་གླུ་རེ་ཡང་ལེན་ཁུལ་བྱས། རྒན་པ་དག་གིས་ཚེ་རིང་ལོ་བརྒྱ་ཤོག་ཅེས་ཁ་གཡང་འབོད་ཞོར་ཀ་ར་དང་སིལ་ཏོག་སྟེར་ལ་གཞོན་པ་ཚོས་ཁ་ཞེ་གཉིས་མེད་སྒོས་བསྟོད་པའི་མཐེ་བོང་ཡང་ཡང་བསྒྲེངས་མྱོང་། དེ་ལྟར་རང་ལོ་བཅུ་གཅིག་ལ་སོན་དུས་སློབ་ཆུང་མཐར་ཕྱིན་ནས་རྫོང་མི་རིགས་སློབ་འབྲིང་དུ་འགྲོ་བའི་སྐལ་བ་བྱུང་། སྐབས་དེར་ང་ཚོའི་སློབ་ཆུང་ནང་མཐར་ཕྱིན་སློབ་མ་བཅུ་བདུན་ལྷག་ཡོད་མོད། ལོ་དེར་ང་ཚོ་སློབ་མ་བདུན་མ་གཏོགས་རྫོང་མི་རིགས་སློབ་འབྲིང་དུ་འགྲོ་མ་ཐུབ། དེའི་གྲས་ཀྱི་ལོ་ན་ཆེས་ཆུང་བའི་སློབ་མ་དེ་ང་རང་ཡིན། ལོ་དེའི་དགུན་གནང་མཇུག་རྫོགས་པའི་ཉིན་དེར་བསམ་ཡུལ་ལས་འདས་པ་ཞིག་ལ་སྤོ་བོ་ལགས་ང་དང་དུས་གཏན་དུ་ཁ་གྱེས་སོང་། ཉིན་དེ་ནས་བཟུང་སྤོ་བོ་ལགས་དུས་ནམ་ཡང་ངའི་དྲན་ཤིང་འབའ་ཞིག་ཏུ་གྱུར་ནའང་། ད་ལྟའི་བར་དུ་སྤོ་བོ་དང་འབྲེལ་བའི་གཏམ་རྒྱུད་གཅིག་ཀྱང་བྲིས་མ་མྱོང་། ཉིན་འདི་འགར་སྤོ་བོ་དང་འབྲེལ་བའི་མྱོང་སྣང་རགས་བསྡུས་ཤིག་གློ་བུར་དུ་འབྲི་དགོས་བྱུང་། འདིར་རྒྱུ་མཚན་དང་དམིགས་ཡུལ་གཞན་མེད་དེ། མཐར་གཏུགས་ན་ཡོད་ཀྱང་སྲིད་མོད། གང་ལྟར་ཉིན་འདི་འགར་རང་དབང་མེད་པར་སྤོ་བོ་ལགས་ཤུགས་ཆེར་དྲན་པས་ཡིན་ཡང་སྲིད། །

2023ལོའི་ཟླ1ཚེས1ཉིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1