ཞི་ཅིན་ཕིང་གིས་ཀོང་ཀྲོའུ་རུ་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་དངོས་གཞི་མིན་པའི་ཞལ་འཛོམས་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 04-11


        ཟླ་4ཚེས་7ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་གྱི་སུང་ཡོན་སྐྱེད་ཚལ་དུ་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་དངོས་གཞི་མིན་པའི་ཞལ་འཛོམས་གནང་ཞིང་། འདི་ནི་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཆུ་འགྲམ་དུ་བཞུགས་ནས་གསོལ་ཇ་མཆོད་བཞིན་གནའ་དེང་གི་ལོ་རྒྱུས་གླེང་གནང་བཞིན་པ།

        ཤིན་ཧྭ་གསར་འགྱུར་ཁང་ཀོང་ཀྲོའུ་ནས་ཟླ་4ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་7ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་གྱི་སུང་ཡོན་སྐྱེད་ཚལ་དུ་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་དངོས་གཞི་མིན་པའི་ཞལ་འཛོམས་གནང་བ་རེད།

        དཔྱིད་དུས་ཀྱི་ཀོང་ཀྲོའུ་ནི་དཔྱིད་དཔལ་རབ་ཏུ་བཞད་ཅིང་མེ་ཏོག་རྣམ་པར་བཀྲ། པའེ་ཡུན་ཧྲན་རི་བོའི་འདབས་སུ་ཆགས་པའི་སུང་ཡོན་སྐྱེད་ཚལ་ནི་རི་ཆུས་མཐའ་ནས་བསྐོར་ཞིང་། ཡིད་འོང་གི་བསིལ་ཁང་དང་ལྷུང་ལྷུང་དུ་འབབ་པའི་རྦབ་ཆུས་དེ་བས་མཛེས་པར་བརྒྱན་པས་ངོ་མ་ལྟ་བས་མི་ངོམ་པའི་གནས་ཁྱད་པར་ཅན་ཞིག་ཏུ་སྣང་།

        ཞི་ཅིན་ཕིང་གིས་མ་ཁེ་ལུང་ཀོང་ཀྲོའུ་རུ་འཚམས་འདྲི་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་། ཁོང་གིས། སླར་ཡང་ཙུང་ཐུང་མ་ཁེ་ལུང་དང་ལྷན་དུ་འཛོམས་ནས་གང་བསམ་ལྷུག་པོར་གླེང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་པ་རེད།

        རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་སྒོ་རའི་ནང་འཆམ་འཆམ་གནང་ཞོར་དུ་ཅི་འཕྲོས་མོལ་འཕྲོས་གནང་བ་དང་། སྐབས་སྐབས་སུ་ཕེབས་མཚམས་བཞག་ནས་ལིང་ནན་སྐྱེད་ཚལ་ཁོ་ནར་ཡོད་པའི་དམིགས་བསལ་གྱི་ཡུལ་ལྗོངས་ལ་གཟིགས་པ་རེད།

        གཙོ་བདག་གཉིས་ཀྱིས་ཆུ་འགྲམ་དུ་བཞུགས་ནས་གསོལ་ཇ་མཆོད་བཞིན་གནའ་དེང་གི་ལོ་རྒྱུས་གླེང་གནང་བ་རེད།

        ཞི་ཅིན་ཕིང་གིས། དེང་གི་ཀྲུང་གོ་ཤེས་རྟོགས་བྱེད་པར་ཀྲུང་གོའི་ལོ་རྒྱུས་ཤེས་རྟོགས་བྱེད་རྒྱུ་ནས་འགོ་འཛུགས་དགོས། ཀོང་ཀྲོའུ་ནི་ཀྲུང་གོའི་དམངས་གཙོའི་གསར་བརྗེའི་འབྱུང་གནས་དང་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་གདོང་དམག་ལྟ་བུ་རེད། ལོ་ངོ་1000ལྷག་ཙམ་གོང་ཀོང་ཀྲོའུ་ནི་མཚོ་ཐོག་དར་གོས་ལམ་བུའི་འགོ་འཛུགས་ས་རེད། ལོ་ངོ་100ལྷག་ཙམ་གོང་འདི་གར་ཉེ་རབས་དང་དེང་རབས་ཀྱི་ཀྲུང་གོ་ཡར་རྒྱས་འགྲོ་བའི་སྒོ་མོ་ཕྱེ་བ་རེད། ལོ་40ལྷག་ཙམ་གྱི་སྔོན་ལ་སླར་ཡང་འདི་ནས་ཐོག་མར་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན་གྱི་ལམ་བུ་བསྐྲུན་པ་རེད། ད་ཆ་ཀོང་ཀྲོའུ་ཡིས་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ནུས་པ་མུ་མཐུད་འདོན་བཞིན་ཡོད་ཅེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས་མ་ཁེ་ལུང་ལ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་ཁྱད་ཆོས་དང་ལྟེ་བའི་དོན་སྙིང་ངོ་སྤྲོད་གནང་ཞིང་། ཁོང་གིས། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། དེ་ནི་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་དང་གསར་གཏོད་འཕེལ་རྒྱས་ཐེངས་མང་བྱས་པ་བརྒྱུད་རིམ་བཞིན་ཆགས་པའི་དེང་རབས་ཅན་གྱི་སྤྱིར་བཏང་གི་ཆོས་ཉིད་དང་འཚམ་ལ། དམིགས་བསལ་ཁྱད་ཆོས་ལྡན་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་ཞིག་ཀྱང་རེད། ང་ཚོས་ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལམ་ལ་གདེང་ཚོད་ཀྱིས་ཁེངས་ནས་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་ཀོང་ཀྲོའུ་ཚོང་འདུས་དང་། ཧྲང་ཧའེ་དངོས་མང་སྟོན་ཚོགས། དེ་བཞིན་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་འདུས་བཅས་ལ་མུ་མཐུད་ཞུགས་ནས་ཀྲུང་གོའི་ཁྲོམ་ར་སྔར་བས་རྒྱ་ཆེར་གཏོང་བར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

        མ་ཁེ་ལུང་གིས། མཛའ་གྲོགས་ངོ་མ་ནི་ཕན་ཚུན་བསམ་ཤེས་དང་ཕན་ཚུན་བརྩི་འཇོག་བྱེད་པ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་དང་ཡོ་རོབ་ཀྱིས་རང་བཙན་རང་བདག་དང་མཐུན་སྒྲིལ་གཅིག་གྱུར་མཐའ་འཁྱོངས་བྱེད་པར་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱས་པར་ཧྥ་རན་སེ་ཕྱོགས་ཀྱིས་བསྔགས་བརྗོད་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་དབར་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སོགས་ལྟེ་བའི་ཁེ་ཕན་ལ་བརྩི་འཇོག་དང་། ལག་རྩལ་དང་བཟོ་ལས་མཉམ་ལས་ལ་ཤུགས་སྣོན། ཕན་ཚུན་ཁྲོམ་རའི་སྒོ་མོ་འབྱེད་པ། མི་ཐབས་རིག་ནུས་སོགས་ཚན་རྩལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རང་སོ་སོའི་འཕེལ་རྒྱས་དང་དར་རྒྱས་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

        《རི་མཐོ་ཆུ་ཀླུང》ཞེས་པའི་རོལ་ཆའི་འགྱུར་ཁུག་དང་བསྟུན་ནས་ཞི་ཅིན་ཕིང་དང་མ་ཁེ་ལུང་པའེ་ཡུན་ཚོམས་ཆེན་དུ་ཕེབས་ནས། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་བོའི་རོལ་མོ་དང་གླུ་དབྱངས་སྙན་མོ་གསན་པ་དང་གསོལ་ཇ་མཆོད་ཀྱིན་དུ་མཛའ་བརྩེའི་བཀལ་མོལ་གནང་བ་རེད།

        ཞི་ཅིན་ཕིང་གིས་མ་ཁེ་ལུང་དགོང་ཟས་ལ་གདན་དྲངས་ནས་ཕྱོགས་གཉིས་པོས་ཡུག་རེན་གྱི་ཉམས་ཉེན་སོགས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ལ་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད།

        ཞི་ཅིན་ཕིང་གིས། ཡུག་རེན་གྱི་ཉམས་ཉེན་གྱི་འབྱུང་རྐྱེན་རྙོག་འཛིང་ཆེ་བས་ནར་འགྱངས་བྱས་ཚེ་ཕྱོགས་ཁག་ཚང་མར་ཕན་པ་མེད་པས་གང་མགྱོགས་དམག་མཚམས་འཇོག་རྒྱུ་དེ་འབྲེལ་ཡོད་ཕྱོགས་ཁག་དང་འཛམ་གླིང་ཧྲིལ་པོའི་ཁེ་ཕན་དང་མཐུན་ཡོད། ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱེད་རྒྱུ་ནི་ཡང་དག་པའི་ཐབས་ལམ་འབའ་ཞིག་དེ་རེད། ཡུག་རེན་གྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱིས་སྒེར་གྱི་ཁེ་ཕན་ལ་དམིགས་ཏེ་གནད་དོན་ཐག་གཅོད་གཏན་ནས་མི་བྱེད་པར་སྔ་ཕྱི་བར་གསུམ་དུ་དྲང་གཞག་དྲང་བདེན་གྱི་ལངས་ཕྱོགས་སུ་ལངས་ཡོད། འབྲེལ་ཡོད་ཕྱོགས་ཁག་ཚང་མས་འགན་འཁྲི་ཁུར་ནས་ཁ་ཕྱོགས་གཅིག་མཐུན་བྱས་ཏེ། ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱེད་པར་ཆ་རྐྱེན་སྐྲུན་དགོས། ཧྥ་རན་སེ་ཕྱོགས་ཀྱིས་ཆབ་སྲིད་ཀྱི་ཐོག་ནས་ཉམས་ཉེན་ཐག་གཅོད་བྱེད་པའི་ཐད་ཞིབ་ཕྲའི་ཇུས་གཞི་འདོན་པར་དགའ་བསུ་ཞུ་རྒྱུ་དང་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་འདོད་ཡོད་ལ། དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཀྱང་ཡོད་ཅེས་གསུངས་པ་རེད།

        མ་ཁེ་ལུང་གིས། ཧྥ་རན་སེ་ཕྱོགས་ཀྱིས་ཀྱང་ཆབ་སྲིད་ཀྱི་ཐོག་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱེད་པར་ཕྱོགས་ཁག་གི་ལུགས་མཐུན་གྱི་དོ་ཁུར་ལ་ལྟ་རྟོག་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་སྤྱིའི་ཤུགས་རྐྱེན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་མཉམ་ལས་དམ་ཟབ་བྱས་ཏེ་ཆབ་སྲིད་ཀྱི་ཐོག་ནས་ཉམས་ཉེན་གང་མགྱོགས་སེལ་བར་སྐུལ་འདེད་གཏོང་ཆེད་ཐུན་མོང་ཐོག་འབད་བརྩོན་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

        མུན་པའི་ཡོལ་བ་རིམ་བཞིན་འཐེན་པ་དང་བསྟུན་ནས་ཞི་ཅིན་ཕིང་དང་མ་ཁེ་ལུང་རྣམ་གཉིས་ཞལ་གྱེས་ཞུས་པ་རེད།

        ཞི་ཅིན་ཕིང་གིས། ཉིན་གཉིས་རིང་ང་ཚོས་པེ་ཅིང་དང་ཀོང་ཀྲོའུ་རུ་སྤུས་ཚད་མཐོ་བའི་སྤེལ་རེས་གཏིང་ཟབ་བྱས་པས་ཤེས་རྟོགས་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་ཕྱིན་ཡོད། དེས་སླད་ཕྱིན་ཕྱོགས་གཉིས་དང་རྒྱལ་སྤྱིའི་རིམ་པའི་ཐད་ཀྱི་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ང་ཚོར་ཀྲུང་ཧྥ་དང་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་དང་དེ་བཞིན་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་མང་པོའི་ཐད་གཅིག་མཚུངས་སམ་དེ་དང་འདྲ་བའི་ལྟ་ཚུལ་མང་པོ་ཡོད་པ་དེ་ཐོག་ནས་ཀྲུང་ཧྥའི་འབྲེལ་བའི་ཆུ་ཚད་མཐོ་བ་དང་འཐབ་ཇུས་རང་བཞིན་མཚོན་ཡོད། ངས་སྐུ་ཉིད་དང་འཐབ་ཇུས་ཀྱི་འབྲེལ་གཏུག་ཟབ་མོ་མུ་མཐུད་རྒྱུན་འཁྱོངས་བྱས་ནས་ཀྲུང་ཧྥའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

        མ་ཁེ་ལུང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་ཀྱི་འཚམས་འདྲིར་སྤྲོ་སེམས་འཁོལ་པོས་བཀོད་སྒྲིག་ཞིབ་ཚགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཉིན་གཉིས་ནང་ང་ཚོས་སྤེལ་རེས་དང་མཛའ་གཅུགས་ཟབ་ཏུ་བཏང་བ་ལས་ངས་ཀྲུང་གོའི་ཡུན་རིང་ལ་འོད་སྟོང་འཕྲོ་བའི་ལོ་རྒྱུས་རིག་གནས་ལ་སྔར་བས་ཉམས་ལེན་དང་དེང་རབས་ཀྲུང་གོའི་རྒྱལ་སྲིད་སྐྱོང་བའི་འདུ་ཤེས་ཤེས་རྟོགས་ཟབ་མོ་ཐུབ་བྱུང་། ད་ཐེངས་ཀྱི་འཚམས་འདྲི་བདེ་བླག་བྱུང་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་པས། ཧྥ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མུ་མཐུད་འཐབ་ཇུས་ཀྱི་འབྲེལ་གཏུག་ཟབ་མོ་བྱས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དུས་སང་སླར་ཡང་ཧྥ་རན་སེར་འཚམས་འདྲིར་ཕེབས་རྒྱུའི་རེ་སྒུག་བྱེད་པ་དང་འབྲེལ་དགའ་བསུ་ཡང་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

        ཕྱོགས་གཉིས་པོས་ཀྲུང་ཧྥའི་མཉམ་འབྲེལ་གསལ་བསྒྲགས་སྤེལ་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1