སྨན་རྩྭ་འདེབས་འཛུགས་ཀྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 04-11


     ཟླ་4ཚེས་5ཉིན། གསར་འགོད་པས་རྔ་བ་རྫོང་རོམ་ཝམ་ཡུལ་ཚོ་ཝམ་པ་སྡེ་བའི་སྡེ་མི་ཚོའི་གདོང་ལ་འཛུམ་གྱིས་ཁེངས་ཤིང་ལག་ལ་ཞིང་ལས་ཡོ་བྱད་བཟུང་ནས་ལས་ལ་བྲེལ་བཞིན་པ་མཐོང། ཁོ་ཚོས་སྡེ་མི་མང་ཆེ་བ་སྒྲིག་འཛུགས་བྱས་ནས་ཝམ་པ་སྡེ་བའི་རི་སྐེད་གྱི་ས་སྙོམས་ཤིང་ས་གཤིས་གཤིན་པོ་ཡིན་པའི་ཞིང་ས་བདམས་ནས་ཀྲུང་ལུགས་སྨན་རྩྭ་འདེབས་འཛུགས་བྱེད་བཞིན་ཡོད་ལ། ངལ་རྩོལ་ལ་དུང་བའི་མང་ཚོགས་ཚོའི་གླུ་སྐད་སྙན་མོ་དེའང་རི་བོའི་ཁུག་སོ་སོ་ན་བྲག་ཅ་དང་བཅས་བར་ཁྱབ་ནས་ཡོད།

       རོང་ཝམ་ཡུལ་ཚོ་ཝམ་པ་སྡེ་བའི་སྡེ་མི་ཚོས་དཔྱིད་ཀྱི་དཔལ་ཡོན་བཞད་པ་དང་བསྟུན་ནས་སྨན་རྩྭ་བཏབས་ཞིང་འབྲས་བུ་གཡུར་ཏུ་ཟ་བ་ཐོབ་པ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། ཁོ་ཚོས་མི་བཞི་དང་ལྔ་སྐོར་གཅིག་ལ་བགོས་ནས། ལ་ལས་ས་བརྐོ་བ་དང་ལ་ལས་ས་བོན་འདེབས་པ། ལ་ལས་ཆུ་དྲངས་བ་སོགས་གྱིས་མཉམ་ལས་བྱས་ནས་ཆེད་མཁས་པའི་ཞིང་ལས་ཚན་རྩལ་གྱི་བླང་བྱ་ལྟར་ལས་ལ་འབད་བཞིན་ཡོད།

      རོང་ཝམ་ཡུལ་ཚོ་ཝམ་པ་སྡེ་བའི་ཀྲི་པུའི་ཧྲུའུ་ཅི་ལེགས་ལྡན་གྱིས་བཤད་རྒྱུར། དེ་རིང་ང་ཚོས་གྲོང་ཚོ་ཡོངས་ཀྱི་མི་སེར་སྐུལ་སློང་བྱས་ནས་སྨན་རྩ་འདེབས་འཛུགས་བྱས་ལ་མི་སེར་ལ་ཧུར་སེམས་ཧ་ཅང་ཆེན་པོ་ལྡན། ང་ཚོས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཝམ་པ་སྡེ་བའི་ནགས་ཁྲོད་དཔལ་འབྱོར་དང་མི་སེར་གྱི་འབབ་འཕར་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

      རྒྱུས་ལོན་པ་ལྟར་ན། ལྕུམ་ནི་ལོ་མང་བོར་སྐྱེ་འཚར་ཐུབ་པའི་སྨན་རྩྭའི་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ལ་རྒྱུན་མཐོང་གི་ཀྲུང་ལུགས་སྨན་གྱི་སྨན་རྒྱུ་ཞིག་ཀྱང་ཡིན། དེ་ལ་ལུས་ཀྱི་ཚ་བ་སེལ་བ་དང་དུག་སེལ་བ་སོགས་ཀྱི་ནུས་པ་མང་བོ་ལྡན། 2023ལོར། རོང་ཝམ་ཡུལ་ཚོས་ཐོན་ལས་ཀྱི་དགོས་མཁོ་གཙོ་རྐང་དུ་བྱས་ནས་ས་ཁོངས་ཀྱི་གནམ་གཤིས་དང་ས་བབ་མཐོ་ཚད། ས་ཞིང་ཐོན་ཁུངས་སོགས་ཀྱི་ལེགས་ཆར་གཞི་བྱས་ནས་མུའུ་180ཡི་ཀྲུང་ལུགས་སྨན་རྩྭ་འདེབས་འཛུགས་བྱས་པ་བརྒྱུད་དེ་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་གསོན་ཤུགས་བསྣན་ནས་གྲོང་གསེབ་དར་རྒྱས་གཏོང་བར་སྐུལ་འདེད་བཏང་།

      རོང་ཝམ་ཡུལ་ཚོའི་ཡུལ་དཔོན་ཀ་ཅི་ཡི་བཤད་རྒྱུར། རོང་ཝམ་ཡུལ་ཚོས་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་ཐོན་ལས་ཀྱི་དགོས་མཁོ་གཙོ་རྐང་དུ་བཟུང་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཐག་གཅོད་བྱེད་པ་དང་། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ། ཐོན་ལས་གཞན་སྒྱུར་རིམ་སྤོར་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་ཡོང་འབབ་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1