༄༅། །སྐྱེ་ཁམས་སྐར་ཁུང་བསྐྲུན་ཏེ་ཀྲུང་ཧྭའི་ཆུ་ལྕོག་སྲུང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-19



        2016ལོའི་ཟླ8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་སུ་ཕེབས་ཏེ“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཐོག་མར་གནས་ཚུལ་མཐིལ་རྟོགས་དང་། འགུལ་རྣམ་ཁོང་དུ་ཆུད་པར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱ་ཡག་པོ་བསྐྲུན་པ་དང་བེད་སྤྱོད་ཡག་པོ་བྱེད་པའི་རྨང་གཞིའི་བྱ་བ་དེ་ལེགས་པོར་སྒྲུབ་དགོས”ཞེས་པའི་བླང་བྱ་གལ་ཆེན་བཏོན།

        ད་ལྟའི་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་སྐོར་རེ་རེས་མི་རྣམས་ཀྱི་སེམས་ལ་དགའ་བ་བསྐྱེད་འོང་སྟེ། 2017ལོའི་ཟླ8པར“མཚོ་སྔོན་སྐྱེ་ཁམས་སྐར་ཁུང”གིས་ཨ་ཆེན་གངས་རྒྱབ་ཏུ་གཙོད3000ལྷག་གནས་སྤོའི་བགྲོད་ལམ་བརྒྱུད་པ་པར་དུ་བླངས་ཡོད་ལ། ལྟ་དཔྱད་ཚད་འཇལ་གྱི་བརྙན་མིག་བརྒྱུད་དེ་གཙོད་ལ་ལར་ཤ་ཤེད་རྒྱས་ཡོད་ལ། ལ་ལར་ཤ་ཤེད་ལྷུང་ཡོད་པ་མཐོང་ཐུབ།

        2018ལོའི་ཟླ12པའི་ཚེས29ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རྐྱང་གཞུང་དུ། དུས་ཚོད3གྱི་ནང་ལ་རྐྱང520ཡིས་མཉམ་གཅིག་ཏུ་རྩྭ་ཟ་བ་དང་འགུལ་སྐྱོད་བྱེད་བཞིན་པའི་བརྗིད་ཆགས་ཀྱི་རྣམ་པ་ཟིན་ཐོར་བཀོད་པ་དང་། 2018ལོ་ནས་ད་ལྟའི་བར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དཔལ་ཐང་ཆུ་བོ་དང་།རྫ་ཆུའི་འགྲམ་རྒྱུད་དུ་ཆུ་སྲམ་འགུལ་སྐྱོད་བྱེད་ཀྱིན་པའི་བརྙན་རིས500དང་འདྲ་པར་སྟོང་ཕྲག་འགའ་བླངས་ཡོད།

        2022ལོའི་ཟླ9པའི་ཚེས7ཉིན། མཚོ་སྔོན་པོའི་བྱང་ཕྱོགས་སུ་དགོ་སྐྱ་བཅུ་ཕྲག་འགས་མཉམ་གཅིག་ཏུ་གཟན་རྩྭ་འཚོལ་བཞིན་པ་པར་དུ་བླངས།

        “དུས་ཡུན་ལོ་ངོ་དྲུག་གི་རིང་ལ། ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ནན་མོ་ཡིད་ལ་བརྟན་པོར་བཅངས་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་བརྟན་པོ་དང་། གཞན་ཡང་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག མཚོ་སྔོན་སྐྱེ་ཁམས་སྐར་ཁུང་འཛུགས་སྐྲུན་བཟོ་འགོད་རྒྱུན་ཆད་མེད་པར་ལག་ཏུ་བསྟར་བ་དང་། ལྟ་དཔྱད་ཚད་འཇལ་ས་ཚིགས་དེ་སྔའི6ནས76བར་རྒྱས་བསྐྲུན་བྱས་ལ། ཞིང་ཆེན་ཡོངས་ཀྱི་དཔེ་མཚོན་ས་ཁོངས་སྐྱེ་ཁམས་ཀྱི་རིགས་དང་། རང་བྱུང་མཛེས་ལྗོངས་དང་རི་སྐྱེས་སྲོག་ཆགས་སོགས་ལ། རྒྱང་ཐག་རིང་བ་དང་། ཁྱབ་ཁོངས་ཆེ་བ། ཕྱོགས་ཡོངས་ནས་དུས་ཐོག་ཏུ་བརྙན་ལམ་གསལ་པོས་ལྟ་ཞིབ་ཚད་འཇལ་བྱེད་པ་མངོན་འགྱུར་བྱུང་སྟེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཞབས་འདེགས་ཞུ་བའི་ཐད་ལ་འདེགས་སྐྱོར་གྱི་ནུས་པ་མངོན་གསལ་དོད་པོ་ཐོན་ཡོད།”ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཟུར་ཞུགས་བྱེད་མཁན་གྱི་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་ཐང་ཝན་ཧྥེང་གིས་དེ་ལྟར་བཤད།

        ཐང་ཝན་ཧྥེང་གིས་ངོ་སྤྲོད་བྱས་དོན། 2016ལོར་བཙུགས་པའི་ཚུན་ལ། “མཚོ་སྔོན་སྐྱེ་ཁམས་སྐར་ཁུང”ལྟ་དཔྱད་ཚད་འཇལ་གྱིས་སྐྱེ་ཁམས་ལྟ་ཞིབ་ཀྱི་བརྙན་ལམ་གཞི་གྲངས་འབོར་ཆེན་འཚོལ་བསྡུ་ཐུབ་ཡོད་ལ། དུས་མཚུངས་སུ། རིག་ནུས་ཅན་དང་། གྲངས་ཀ་ཅན་གྱི་དོ་དམ་བྱེད་སྟངས་ཧུར་ཐག་སྒོས་འཚོལ་ཞིབ་བྱས་ཏེ། གཙོད་དང་། དགོ་སྐྱ། ཆུ་སྲམ་སོགས་མཐོ་སྒང་གི་རྩ་ཆེའི་སྲོག་ཆགས་དང་སྐྱེ་དངོས་ཀྱི་འཚོ་གནས་ཁོར་ཡུག་གི་གནས་བབ་དང་། སྐྱེ་ཁམས་གོམས་གཤིས་དང་འཕོ་འགྱུར་གྱི་གནས་ཚུལ་ལྟ་དཔྱད་ཚད་འཇལ་བྱས་པ་དང་། གཙང་གསུམ་འབྱུང་ཡུལ་གྱི་དངོས་རིགས་བརྟག་ཞིབ་དང་། སྐྱེ་ཁམས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་སྔར་ལས་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད།

        མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས། མིག་སྔའི་བར་དུ། “མཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུང”གིས་གཙང་གསུམ་འབྱུང་ཡུལ་དང་། མདོ་ལ་རིང་མོ། མཚོ་སྔོན་པོ། ཚྭ་འདམ་གཞོང་དང་རྨ་ཙོང་གཞོང་ས་བཅས་སྐྱེ་ཁམས་དུམ་ལེབ་ཆེན་མོ་ལྔ་ཡི་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་ལྗོངས་རྣམ་ལ་དུས་ཐོག་ཏུ་ལྟ་ཞིབ་བྱེད་པ་མངོན་གྱུར་བྱུང་ཞིང་། འཁྱགས་རོམ་དང་གངས་རི། རྩྭ་ཐང་དང་བརླན་ས། གཙང་པོ་མཚེའུ་དང་རི་སྐྱེས་སྲོག་ཆགས་དཀོན་གྲས་ལ་བརྙན་ལམ་གྱི་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་ཕྱིན་ཡོད།

        འབྲི་ཆུའི་མགོ་ཁུངས་གཡུ་ལྷ་སྟག་རྩེའི་ལྷོ་ངོས་ལྟ་དཔྱད་ཚད་འཇལ་ས་ཚིགས་ལ་མཚོ་ངོས་ལས་མཐོ་ཚད་སྨི5200ཡོད་པ་དང་། རྨ་ཆུའི་མགོ་ཁུངས་མཚོ་སྔོ་རིང་གི་ལྟ་དཔྱད་ཚད་འཇལ་ས་ཚིགས་ལ་མཚོ་ངོས་ལས་མཐོ་ཚད་སྨི4200ཡོད་པ་དང་། རྫ་ཆུའི་མགོ་ཁུངས་རྣམ་སྲས་གྲོག་རོང་ཆེན་མོའི་ལྟ་དཔྱད་ཚད་འཇལ་ས་ཚིགས་ལ་མཚོ་ངོས་ལས་མཐོ་ཚད་སྨི3700ཡོད་པས། མི་ཧ་ཅང་ཉུང་བའི་ས་ཁོངས་ཀྱི་རང་བྱུང་སྐྱེ་ཁམས་ཁོར་ཡུག་ལ་འགྱུར་ལྡོག་གནད་ལ་ཁེལ་བ་བཏང་ནས་ཟིན་ཐོར་འགོད་ཐུབ་པ་དེ་ནི། མིའི་མཐོང་ཤུགས་ལ་བརྟེན་ནས་སྒྲུབ་ཐུབ་པའི་བྱ་བ་ཞིག་མིན། ཡིན་ནའང“མཚོ་སྔོན་སྐྱེ་ཁམས་སྐར་ཁུང”ལ་གཞི་བཅོལ་བའི་ལྟ་དཔྱད་ཚད་འཇལ་ས་ཚིགས་མང་ཆེ་ཤོས་མཚོ་ངོས་ལས་མཐོ་བའི་ས་ཁུལ་དུ་ཡོད་པ་དང་། དེའི་ཁྲོད་ལྟ་ཞིབ་ཚད་ལེན་ས་ཚིགས་མི་ཉུང་བ་ཞིག་ཆ་སྙོམས་ཀྱི་མཚོ་ངོས་ལས་མཐོ་ཚད་སྨི4000ཡན་ཡིན་པའི“ཐུན་མིན་ལེགས་ཆ”དེར་བརྟེན་ནས། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་ཐིང་གིས་གཙང་གསུམ་འབྱུང་ཡུལ་དང་། ཨ་ཆེན་གངས་རྒྱབ་སོགས་མི་མེད་ས་ཁུལ་དུ། དབྱིབས་ཆུང་ལ་ཁྱད་མཚར་བའི“ཤེས་རབ་ཀྱི་སྤྱན”གྲངས་ལས་འདས་པ་ཞིག“བཙུགས”ཡོད། “མིག་རྒྱང་གཅིག་གིས་ལེ་བར་སྟོང་མཐོང་བ”ཡི་མཛེས་སྡུག་ལྡན་པའི་ཕུགས་འདུན་མངོན་དུ་བསྒྱུར།

        “གླེང་རིན་ཡོད་པ་ཞིག་ནི། 2020ལོའི་ཟླ9པ་ནས་ད་ལྟའི་བར‘མཚོ་སྔོན་སྐྱེ་ཁམས་སྐར་ཁུང’གིས་མུ་མཐུད་དུ་མེ་རི་གཏེར་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བརྙན་ལམ་ལྟ་དཔྱད་ཚད་འཇལ་ས་ཚིགས་འཛུགས་སྐྲུན་བྱེད་པའི་བྱ་བར་ཤུགས་བསྣན། དུས་རིམ་ཐོག་མའི་ནང་རྒྱང་ལྟའི་ས་ཚིགས11དང་། གཏེར་ཁུངས་དང་གཏེར་དོང་གི་མཐའ་རུ་རང་སྐྲུན་ལྟ་དཔྱད་ཚད་འཇལ་ས་ཚིགས9བསྐྲུན་པའི་རྨང་གཞིའི་སྟེང་། 2022ལོར་སླར་ཡང་ལྟ་དཔྱད་ཚད་འཇལ་ས་ཚིགས10གསར་སྐྲུན་བྱས་པ་དང་། ལྟ་དཔྱད་ཚད་འཇལ་ས་ཚིགས་རིམ་རྩིས་བྱས་ན30ལ་བུད་པ་དང་། མེ་རིའི་གཏེར་ཁུལ་གྱི་ས་དོང་དང་སོལ་སྙིགས་ཀྱི་སྐྱེ་ཁམས་སླར་གསོ་བཅོས་སྒྲིག་བྱེད་པའི་བྱ་བའི་གོ་རིམ་ཡོངས་དང་ཟུར་མང་པོའི་བརྙན་ལམ་ལྟ་དཔྱད་ཚད་འཇལ་གྲུབ་པ་དང་། མིག་སྔར་དུས་ཚོད1000ལས་བརྒལ་བའི་བརྙན་གཟུགས་ཡིག་ཚགས་གསོག་འཇོག་བྱས་ཡོད།”ཐང་ཝན་ཧྥེང་གིས་དེ་ལྟར་ངོ་སྤྲོད་བྱས།

        མགོ་ཚུགས་ས་གསར་པའི་སྟེང་འགྲེང་སྟེ། ཐང་ཝན་ཧྥེང་ལ“མཚོ་སྔོན་སྐྱེ་ཁམས་སྐར་ཁུང”གི་བྱེད་ནུས་དང་ངེས་གནས་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་གི་གཞི་གྲངས་ཆེན་མོའི་སྟེགས་བུ་འཛུགས་སྐྲུན་མུ་མཐུད་འཐུས་ཚང་དུ་གཏོང་བ་སོགས་ཀྱི་བྱ་བར་ཐོག་མའི་བསམ་གཞིག་ཡོད་པར་གྱུར། ཁོས་བཤད་རྒྱུར། ལོ་གསར་པའི་ནང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱ་འཛུགས་སྐྲུན་བྱེད་པའི་བྱ་བ་མུ་མཐུད་དུ་ལེགས་པོར་བསྒྲུབས་ནས། ཚན་རིག་གི་བྱེད་ཐབས་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་སྒོས “ཀྲུང་ཧྭའི་ཆུ་ལྕོག”སྲུང་སྐྱོབ་གང་ལེགས་བྱེད་རྒྱུ་ཡིན། དུས་མཚུངས་སུ། “མཚོ་སྔོན་སྐྱེ་ཁམས་སྐར་ཁུང”གི་ལྟ་ཞིབ་ཚད་ལེན་གཞི་གྲངས་བློ་གྲོས་བེད་སྤྱོད་དང་མ་ལག་ཚང་བའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དེང་རབས་ཅན་གྱི་ནུས་པ་མཐོར་འདེགས་གཏོང་བ། “མཚོ་སྔོན་སྐྱེ་ཁམས་སྐར་ཁུང”གི་སྐྱེ་ཁམས་དཔལ་ཡོན་དྲིལ་སྒྲོག་གཡུལ་ས་མུ་མཐུད་དུ་བསྐྲུན་ཏེ། དཔེར་མཚོན་དངོས་རིགས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་ལྟ་ཞིབ་དང་དྲིལ་སྒྲོག་བྱེད་པར་ཤུགས་བསྣན་ཏེ། སྤྱི་ཚོགས་ཀྱི་ལས་རིགས་སོ་སོས “མཚོ་སྔོན་སྐྱེ་ཁམས་སྐར་ཁུང”ཞེས་པའི་སྟེགས་བུ་འདི་བརྒྱུད་ནས། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གྲུབ་འབྲས་གསར་པར་དོ་ཁུར་བྱེད་མཁན་སྔར་ལས་ཇེ་མང་དུ་གཏོང་བ་དང་སྔར་ལས་རྒྱུས་ལོན་གཏིང་ཟབ་བྱེད་དུ་འཇུག་པ་ཡིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1