ཆུ་ནི་སྐྱེ་འགྲོ་ཀུན་གྱི་ཚེ་སྲོག་གི་འབྱུང་ཁུངས་ཡིན་པས། ང་ཚོའི་འཚོ་བ་ནི་ཆུ་དང་གཏན་ནས་འབྲལ་ཐབས་མེད། སྤྱིར་བཏང་རྒྱུན་ལྡན་གྱི་མི་ཞིག་གིས་ཉིན་རེར་ཉུང་མཐར་ཡང་ཆུ་ཁོལ་ཧའོ་ཧྲེང1500འཐུང་དགོས་ལ། དེ་ནི་ཕལ་ཆེར་ཕོར་བ་བརྒྱད་ཡས་མས་ཤིག་ཡིན་ངེས། འོན་ཀྱང་ཉིན་རེར་ཆུ་ཕོར་བ་བརྒྱད་འཐུང་བའི་ཆེས་བཟང་བའི་དུས་ཚོད་ནི་ནམ་ཡིན་པ་ཁྱོད་ཀྱིས་ཤེས་སམ།
ཆུ་ཕོར་བ་དང་པོ། ཞོགས་པའི་ཆུ་ཚོད7གྱི་སྟེང་འཐུང་དགོས།
མཚན་གང་བོར་ལུས་སྟེང་གི་ཆུ་མང་པོ་ཟད་གྲོན་བྱས་ཡོད་པ་དང་། ཞོགས་པར་མལ་ལས་ལངས་སྐབས་ལུས་སྟེང་དུ་ཆུ་དཀོན་པའི་གནས་སུ་བྱིན་ཡོད་སྟབས། ཆུ་ཁོལ་ཕོར་བ་གང་འཐུང་ན་ཕོ་རྒྱུར་གཙང་སྦྲ་བྱེད་པར་ཕན་པར་མ་ཟད། དེ་ནི་མཁལ་མའི་དུག་སེལ་གྱི་དུས་ཚོད་ལེགས་ཤོས་ཀྱང་ཡིན་པས། དེས་ལུས་པོའི་དུག་རྒྱུ་ཕྱིར་འཕུད་པ་དང་ལུས་པོའི་རྙིང་ཚབ་གསར་བརྗེ་སླར་གསོ་ཡོང་བར་ཕན་པ་ཡོད།
ཆུ་ཕོར་བ་གཉིས་པ། ཞོགས་པའི་ཆུ་ཚོད9ཡི་སྟེང་འཐུང་དགོས།
དུས་སྐབས་འདི་ནི་ཉིན་གཅིག་གི་ལས་ཀའི་མགོ་ཚུགས་མ་ཐག་ཡིན་པས། ཆུ་ཕོར་བ་གང་འཐུང་ན་ལུས་པོའི་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ལས་ཆོད་ཆེ་རུ་གཏོང་བར་ཕན་ཐོགས་ཡོད། དེ་དང་མཉམ་དུ། རྒྱུ་མའི་ནང་གི་དུག་རྒྱུ་ཕྱིར་གཏོང་བའི་དུས་ཚོད་ཀྱང་ཡིན་པས། ལུས་སྟེང་གི་དུག་རྒྱུ་ཕྱིར་འཕུད་པར་རོགས་བྱེད་ཐུབ།
ཆུ་ཕོར་བ་གསུམ་པ། ཉིན་གུང་གི་ཆུ་ཚོད11དང་ཕྱེད་ཀའི་སྟེང་འཐུང་དགོས།
སྔ་དྲོ་ཧྲིལ་པོར་ལས་ཀ་ལས་རྗེས་ཀྱི་གུང་ཟས་མ་ཟོས་སྔོན་ལ་ཆུ་ཕོར་བ་གང་འཐུང་ན་བཟང་ཞིང་། དེ་ལྟར་བྱས་ན་གུང་ཟས་ཟ་དུས་ཁོག་སྟོང་ཡིན་པའི་ཚོར་བ་དང་། ཟས་ཟ་ཚད་མི་ཟིན་པའི་གནས་ཚུལ་འབྱུང་མི་སྲིད། དེ་དང་ཆབས་ཅིག ཉིན་གུང་ནི་སྙིང་གི་དུག་ཕྱིར་འཕུད་པའི་དུས་ཚོད་ཡིན་པས། སྐབས་དེར་ཆུ་འཐུང་ན་ལུས་སྟེང་གི་རྙིང་ཚབ་གསར་བརྗེ་དང་དུག་ཕྱིར་འཕུད་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ།
ཆུ་ཕོར་བ་བཞི་པ། ཕྱི་དྲོའི་དུས་ཚོད1དང་ཕྱེད་ཀའི་སྟེང་འཐུང་དགོས།
དེ་དུས་ནི་མི་མང་ཆེ་བས་གུང་ཟས་ཟས་མ་ཐག་ཡིན། འོན་ཀྱང་གུང་ཟས་འགྲངས་ཐག་ཆོད་པ་ཞིག་ཟ་མི་རུང་བ་ཡིད་ལ་འཛིན་དགོས། འགྲངས་དྲགས་ན་ཕོ་བའི་འཇུ་སྟོབས་ལ་མི་ཕན། ཟ་མ་ཟས་རྗེས་ཀྱི་སྐར་མ20རྗེས་སུ་ཆུ་ཕོར་བ་གང་འཐུང་ན་ཕོ་བའི་ཟས་འཇུ་བར་ཕན།
ཆུ་ཕོར་བ་ལྔ་པ། ཕྱི་དྲོའི་ཆུ་ཚོད3དང་ཕྱེད་ཀའི་སྟེང་འཐུང་དགོས།
ཕྱི་དྲོའི་ཆུ་ཚོད་གསུམ་པ་ནི་ཕྱི་ཇ་འཐུང་བའི་དུས་ལ་ཁེལ་ཡོད་པས། ཆུ་ཕོར་བ་གང་འཐུང་ན་རྣམ་རིག་གསལ་བ་དང་ངལ་དུབ་སེལ་བ། རྒྱུ་མའི་དུག་སེལ་བའི་དུས་ཚོད་ཀྱང་ཡིན།
ཆུ་ཕོར་བ་དྲུག་པ། ཕྱི་དྲོའི་ཆུ་ཚོད5དང་ཕྱེད་ཀའི་སྟེང་འཐུང་དགོས།
ཉིན་གང་བོར་ལས་ཀ་ལས་རྗེས། ལུས་པོར་དུབ་ཅུང་ཆེ་བ་དང་ལས་ཚོགས་མ་གྲོལ་སྔོན་ལ། ཆུ་ཕོར་བ་གང་འཐུང་ན་ལུས་ཀྱི་ངལ་དུབ་དང་བཀྲེས་སྐོམ་སེལ་ཐུབ།
ཆུ་ཕོར་བ་བདུན་པ། དགོང་མོའི་ཆུ་ཚོད7གྱི་སྟེང་འཐུང་དགོས།
སྐབས་འདི་ནི་ལུས་ཕུང་གི་རྙིང་ཚབ་གསར་བརྗེས་ཆེས་མགྱོགས་པའི་དུས་སྐབས་ཡིན་པས། ཆུ་བཏུང་ན་ཁྲག་གི་འཁོར་རྒྱུག་དང་ལུས་ཀྱི་དུག་སེལ་བར་སྐུལ་འདེད་བྱེད་ཐུབ།
ཆུ་ཕོར་བ་བརྒྱད་པ། དགོང་མོའི་ཆུ་ཚོད9ཡི་སྟེང་འཐུང་དགོས།
ཆེས་མཐའ་མཇུག་གི་ཆུ་ཕོར་བ་གང་ནི་མ་གཉིད་སྔོན་གྱི་དུས་ཚོད་གཉིས་ཀྱི་སྔོན་ལ་འཐུང་དགོས། ཆུ་ཕོར་བ་བཀང་པོ་འདིས་ཁྲག་གི་གར་ཚད་སྙོམས་སྒྲིག་དང་ཁྲག་གི་ནུར་ཚད་ལེགས་སྒྲིག་བྱེད་ཐུབ། དེ་དུས་ནི་མིའི་ལུས་ཕུང་གི་རིམས་འགོག་མ་ལག་གི་ངལ་གསོ་དང་དུག་སེལ་བྱེད་པའི་དུས་ཚོད་ཡིན་པས། ཉིན་གཅིག་ལ་བྱུང་བའི་དུག་རྒྱུ་ཕྱིར་འཕུད་པར་ཕན། འོན་ཀྱང་མཉམ་འཇོག་ས་ཞིག་ནི། དེ་དུས་ཆུ་འཐུང་འཕྱི་བའམ་མང་དྲགས་ན། གཉིད་མི་བདེ་བ་དང་ཕྱི་ཉིན་ངོ་གདོང་དང་མིག་སྐྲངས་པ་སོགས་ཀྱི་སྣང་ཚུལ་འབྱུང་སྲིད།