ཞི་ཅིན་ཕིང་གིས་ཀོང་ཏུང་དུ་གཟིགས་ཞིབ་གནང་སྐབས་གསུང་བཤད་གལ་ཆེན་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 04-19


ཟླ་4ཚེས་10ཉིན་ནས་ཚེས་13ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་གཟིགས་ཞིབ་གནང་བ་རེད། འདི་ནི་ཚེས་10ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཀྲན་ཅང་གྲོང་ཁྱེར་ཞུས་ཝུན་རྫོང་ཞུས་ཝུན་གྲུ་ཁ་ནས་གྲུ་སྟེང་གི་ཡུལ་སྐོར་བར་ཕྱག་གཡུག་གཡུག་གནང་ནས་གུས་ལུགས་མཚོན་པར་གནང་བ།

        ཞི་ཅིན་ཕིང་གིས་ཀོང་ཏུང་དུ་གཟིགས་ཞིབ་གནང་སྐབས་ནན་བཤད་གནང་དོན། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རིང་མདུན་གྲལ་དུ་སླེབས་པར་བྱེད་དགོས།

        ཤིན་ཧྭ་གསར་འགྱུར་ཁང་ཀོང་ཀྲོའུ་ནས་ཟླ་4ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་སྐབས། ཀོང་ཏུང་ནི་སྒྱུར་བཅོས་སྒོ་དབྱེའི་གདོང་དམག་དང་། སྔོན་སྤེལ་ཁུལ། ཚོད་ལྟའི་ཁུལ་བཅས་ཡིན་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ཁྲོད་གནས་བབ་གལ་ཆེན་བཟུང་བ་དང་ནུས་པ་མངོན་གསལ་དོད་པོ་ཡོད། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་དམིགས་ཚད་ལ་དམིགས་པ་དང་ལས་འགན་ཨང་དང་པོ་ཡིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འཐབ་ཇུས་ཀྱི་ལས་འགན་ཡིན་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་དམིགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ། ཚན་རྩལ་རང་ཚུགས་རང་སྟོབས་ཀྱི་ནུས་པ་ཆེ་རུ་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རིང་མདུན་གྲལ་དུ་སླེབས་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        ཟླ་4ཚེས་10ཉིན་ནས་ཚེས་13ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧོང་ཁུན་མིང་དང་ཧྲེང་ཀྲང་ཝང་ཝུའེ་ཀྲུང་གི་ཕེབས་རོགས་འོག་ཞི་ཅིན་ཕིང་སྔ་རྗེས་སུ་ཀྲན་ཅང་དང་། མའོ་མིང་། ཀོང་ཀྲོའུ་སོགས་སུ་ཕེབས་ནས་ཁེ་ལས་དང་། གྲུ་ཁ། གྲོང་གསེབ་སོགས་ལ་བརྟག་ཞིབ་གནང་བ་རེད།

        ཚེས་10ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་དང་ཐོག་ཀྲན་ཅང་གྲོང་ཁྱེར་ཏུང་ཧའེ་ཏའོ་གླིང་ཕྲན་དུ་ཡོད་པའི་རྒྱལ་ཁབ་863གྱི་འཆར་གཞིའི་རྣམ་གྲངས་ཀྱི་མཚོ་ནང་ཉ་ཕྲུག་གསོ་ཚགས་འདུ་འགོད་ལྷོ་ཕྱོགས་རྟེན་གཞིར་གཟིགས་ཞིབ་གནང་བ་རེད། ཞི་ཅིན་ཕིང་གིས་ཀོང་ཏུང་ཞིང་ཆེན་གྱི་རྒྱ་མཚོའི་ཉ་ལས་འཕེལ་རྒྱས་གནས་ཚུལ་སྐོར་གྱི་ངོ་སྤྲོད་གསན་པ་དང་ཉ་ལས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་སྟེ། ས་ཡུལ་དངོས་སུ་ཡོད་པའི་ཚན་ཞིབ་དང་གསོ་ཚགས་མི་སྣར་ཉ་ཕྲུག་འདེམས་པའི་ལག་རྩལ་དང་། ཉ་ཕྲུག་སྐྱེ་འཕེལ། ཁྲོམ་རའི་རིན་གོང་སོགས་བཀའ་འདྲི་གནང་བ་རེད། ཞི་ཅིན་ཕིང་གིས། ཀྲུང་གོ་ནི་མི་འབོར་དུང་ཕྱུར་14ལྷག་ཙམ་ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས། ལྟོ་ཆས་ཀྱི་གནད་དོན་ཐག་གཅོད་ཡག་པོ་དང་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པར་བཟའ་རིགས་ཆེན་པོའི་ལྟ་བ་བཙུགས་ཏེ་སྐམ་ས་ནས་བཟའ་རིགས་འཚོལ་དགོས་ལ། རྒྱ་མཚོ་ནས་ཀྱང་བཟའ་རིགས་བཙལ་ནས་མཚོ་ཐོག་ཉ་གསོས་ཏེ་མཚོ་ཐོག་འབྲོག་ར་དང“མཐིང་མདོག་འབྲུ་མཛོད”སྐྲུན་དགོས། སོན་ལས་ནི་དེང་རབས་ཞིང་ལས་དང་ཉ་ལས་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པས་ལས་དོན་དེ་ཞིབ་ཚགས་དང་ལེགས་པར་སྒྲུབ་དགོས། མཚོ་བྱིངས་གསོ་ཚགས་སྒྲིག་ཆས་དང་རིག་ལྡན་ཉ་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་རྒྱ་མཚོའི་ཉ་ལས་ཆ་འཕྲིན་ཅན་དང་། རིག་ནུས་ཅན། དེང་རབས་ཅན་བཅས་སུ་ཕྱོགས་སྒྱུར་རིམ་པ་སྤོར་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

        ཀྲན་ཅང་ཤིང་དམར་ནགས་ཚལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་རང་རྒྱལ་གྱི་ཤིང་དམར་ནགས་ཚལ་རྒྱ་ཁྱོན་ཆེ་ཤོས་དང་ཁྱབ་ཚུལ་གཅིག་སྡུད་ཆེ་ཤོས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་རེད། ཞི་ཅིན་ཕིང་སྲུང་སྐྱོང་ཁུལ་གྱི་ཤར་རྒྱུད་དུ་ཡོད་པའི་མཱ་ཀྲང་ཆུས་ཧུའུ་ཀོང་གྲོང་རྡལ་ཅིན་ཉིའུ་གླིང་ཕྲན་ཤིང་དམར་ནགས་ཚལ་ཡུག་ཁུལ་དུ་ཕེབས་ནས་ཤིང་དམར་ནགས་ཚལ་སྐྱེ་འཚར་དང་ཉེ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ལ་གཟིགས་ཞིབ་གནང་ཞིང་། ཁོང་གིས་ཤིང་དམར་ནགས་ཚལ་ནི“རྒྱལ་ཁབ་ཀྱི་མཆོག་ནོར”ཡིན་པས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་དེར་སྲུང་སྐྱོང་ཡག་པོ་བྱེད་དགོས། རྒྱ་མཚོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་ནི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་ཆ་གལ་ཆེན་ཞིག་རེད། ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་མི་རབས་ནས་མི་རབས་བར་ལས་དོན་སྒྲུབ་པ་དང་སྙིང་རུས་གཏན་འཁྱོངས་ཀྱིས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱས་ནས་སའི་གོ་ལའི་གྲོང་ཚོ་སྲུང་སྐྱོང་ཡག་པོ་བྱ་ཆེད་ཀྲུང་གོའི་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།

        ཚེས་10ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཀྲན་ཅང་གྲོང་ཁྱེར་ཞུས་ཝུན་རྫོང་དུ་ཕེབས་ནས་ཞུས་ཝུན་གྲུ་ཁར་གཟིགས་ཞིབ་གནང་བ་རེད། ཞུས་ཝུན་གྲུ་ཁའི་རྣམ་གྲངས་ནི་ཀོང་ཏུང་དང་ཧའེ་ནན་ཕྱོགས་གཉིས་ཀར་ཕན་པའི“ལས་གྲྭ་ཨང་དང་པོ”ཞིག་རེད། གྲུ་ཁའི་ཆེད་སྤྱོད་གྲུ་ཁར་ཞི་ཅིན་ཕིང་གིས་ཞུས་ཝུན་གྲུ་ཁའི་བཀོད་པ་ཡོངས་ལ་གཟིགས་ཞིབ་གནང་བ་དང་འབྲེལ། ཀོང་ཏུང་ཞིང་ཆེན་གྱིས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་མཉམ་མཐུད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་འཕེལ་རྒྱས་དང་སྦྲེལ་མཐུད་བྱེད་པ་སོགས་ཀྱི་ལས་ཀའི་སྙན་སེང་གསན་པ་རེད། དེ་རྗེས་ཞི་ཅིན་ཕིང་གྲུ་ཚུགས་གྲུ་ཁར་ཕེབས་ནས་གྲུ་གཟིངས་འཇོག་ཚུལ་དང་འགྲུལ་པ་སྐྱེལ་བསུ་སོགས་ལ་གཟིགས་ཞིབ་གནང་བ་རེད།

        ཞུས་ཝུན་གྲུ་ཁ་ནས་ཞལ་གྱེས་རྗེས་ཞི་ཅིན་ཕིང་བྱང་རྒྱུད་མཚོ་ཁུག་སྐོར་བའི་ཀོང་ཏུང་གི་ཆུའི་ཐོན་ཁུངས་བཀོད་སྒྲིག་ལས་གྲྭའི་ལྷོ་ཕྱོགས་ཆུ་འདྲེན་གྱི་འབྲེལ་མཐུད་ས་ཚིགས་ཏེ། ཞུས་ཝུན་རྫོང་ཏ་ཧྲུའེ་ཆའོ་ཆུ་མཛོད་དུ་ཕེབས་ནས་ལས་གྲྭ་འཛུགས་སྐྲུན་དང་། དོ་དམ། འཁོར་སྐྱོད་དེ་བཞིན་རྗེས་མཐུད་ལས་གྲྭའི་འཆར་འགོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ལས་དོན་མི་སྣས་སྤྱི་ཁྱབ་ཧྲུའུ་ཅིར་ཆུའི་མ་དཔེ་དང་ལྟ་ཞིབ་ཚད་ལེན་གྱི་སྒྲིག་ཆས་སྤྱན་འབུལ་ཞུས་པ་དང་ས་གནས་དེ་གས་ཉེ་འཁོར་གྱི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་གནས་ཚུལ་སྙན་སེང་ཞུས་པ་རེད། ཞི་ཅིན་ཕིང་གིས་རང་རྒྱལ་ལ་ཆུ་དཀོན་པ་མ་ཟད། ཆུའི་ཐོན་ཁུངས་ཁྱབ་ཚུལ་ཧ་ཅང་དོ་སྙོམས་པོ་མེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཆུའི་ཐོན་ཁུངས་ཀྱི་གནད་དོན་ལ་བསམ་གཞིག་བྱས་ཏེ་ཆུ་ལ་བསྟུན་ནས་གྲོང་ཁྱེར་གཏན་འཁེལ་དང་། ཆུ་ལ་བསྟུན་ནས་ས་ཆ་གཏན་འཁེལ། ཆུ་ལ་བསྟུན་ནས་མི་འབོར་གཏན་འཁེལ། ཆུ་ལ་བསྟུན་ནས་ཐོན་ལས་གཏན་འཁེལ་བཅས་བྱས་ཏེ་ཆུ་གྲོན་ཆུང་གི་ཐོན་ལས་འཕེལ་རྒྱས་གཏོང་དགོས། ཀོང་ཏུང་གིས་ཆུའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་ཆུའི་ཐོན་ཁུངས་བཀོད་སྒྲིག་ལས་གྲྭ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་། ས་ཁོངས་འཕེལ་རྒྱས་དོ་སྙོམས་མེད་པའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་སྔ་ཙམ་བདེ་སྐྱིད་སྐྲུན་དགོས་ཞེས་གསུངས་པ་རེད།

        ཚེས་11ཉིན་ཞི་ཅིན་ཕིང་མའོ་མིང་ཀའོ་ཀྲོའུ་གྲོང་ཁྱེར་ཀེན་ཙེ་གྲོང་རྡལ་པའེ་ཆའོ་གྲོང་ཚོར་གཟིགས་ཞིབ་གནང་བར་ཕེབས་པ་རེད། པའེ་ཆའོ་གྲོང་ཚོར་ཤིང་ཏོག་ལི་ཀྲི་མུའུ་6800ཙམ་བཏབ་ཡོད་པས་ཤིང་ཏོག་ལི་ཀྲི་ཐོན་སྐྱེད་ཀྱི་ཆེད་ལས་གྲོང་ཚོ་ཞིག་རེད། ཞི་ཅིན་ཕིང་ཤིང་ཏོག་ལི་ཀྲི་འདེབས་འཛུགས་ལྡུམ་རར་ཕེབས་ཏེ་ས་གནས་དེ་གས་ཁྱད་ལྡན་འདེབས་འཛུགས་ཐོན་ལས་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ་ས་ཡུལ་དངོས་ཀྱི་ལག་རྩལ་མི་སྣ་དང་བྱམས་བརྩེའི་སྤེལ་རེས་ཀྱང་གནང་བ་རེད། དེ་རྗེས་ཞི་ཅིན་ཕིང་པའེ་ཆའོ་ཤིང་ཏོག་འབྲུག་མིག་ལི་ཀྲི་ཆེད་ལས་མཉམ་ལས་ཁང་དུ་ཕེབས་ནས་མཉམ་ལས་ཁང་གཉེར་སྐྱོང་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་རེད།

        ཚེས་12ཉིན། ཞི་ཅིན་ཕིང་གིས་ཀོང་ཀྲོའུ་གྲོང་ཁྱེར་དུ་གཟིགས་ཞིབ་གནང་བ་རེད། དེ་ཉིན་ཕྱི་དྲོ་ཁོང་དང་ཐོག་ལེ་ཅིན་འཆར་ཤེལ་ཀོང་ཀྲོའུ་བཟོ་སྐྲུན་རྟེན་གཞིར་ཕེབས་པ་རེད། ཀོང་ཏུང་ཞིང་ཆེན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས། ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཡོངས་ཀྱིས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་ཀྱི་ཐོན་ཁུངས་རིགས་གཉིས་མཉམ་འགུལ་གྱི་ཕན་འབྲས་ཆེ་རུ་གཏོང་བ་དང་ཚོང་དོན་མ་འཇོག་མཉམ་ལས་ཀྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཐད་ཀྱི་བྱེད་སྟངས་དང་གྲུབ་འབྲས་ངོ་སྤྲོད་ཞུས་པ་རེད། ཞི་ཅིན་ཕིང་གིས་ཐོན་རྫས་འགྲེམས་སྟོན་དང་ཐོན་སྐྱེད་དང་ལྷུ་སྒྲིག་གི་གོ་རིམ་ལ་གཟིགས་ནས་ཁེ་ལས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་བསྔགས་བརྗོད་གནང་བ་རེད།

        དེ་རྗེས་ཞི་ཅིན་ཕིང་ཀོང་ཀྲོའུ་རླངས་འཁོར་ཨའེ་ཨན་ནུས་རྒྱུ་གསར་པའི་རླངས་འཁོར་མ་རྐང་ཚད་ཡོད་ཀུང་སིར་གཟིགས་ཞིབ་གནང་བར་ཕེབས་པ་རེད། ཁོང་གིས་ཁེ་ལས་ཀྱི་འགྲེམས་ཁང་དང་། སྤྱིའི་ལྷུ་སྒྲིག་འཁོར་ཁང་། གློག་རྫས་ཐོན་སྐྱེད་འཁོར་ཁང་སོགས་སུ་ཕེབས་ནས་ཁེ་ལས་ཀྱིས་འགག་རྩའི་ལྟེ་བའི་ལག་རྩལ་ཚད་བརྒལ་དང་བཟོ་སྐྲུན་ལས་རིགས་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་སོགས་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཀོང་ཀྲོའུ་རླངས་འཁོར་ཞིབ་འཇུག་ཁང་དུ་ཞི་ཅིན་ཕིང་གིས་རིག་ནུས་དྲ་འབྲེལ་ཚོད་ལྟ་ཁང་དང་དཔེ་དབྱིབས་ཇུས་འགོད་ཚོད་ལྟ་ཁང་སོགས་ལ་གཟིགས་ཞིབ་ཞིབ་ཕྲ་གནང་བ་དང་ཆབས་ཅིག་ཚན་རྩལ་མི་སྣ་དང་། ཁེ་ལས་མཁས་ཅན། ལས་བཟོ། ཕྱི་རྒྱལ་མ་འཇོག་ཁེ་ལས་ཀྱི་འཐུས་མི་སོགས་དང་སྤེལ་རེས་ཀྱང་གནང་བ་རེད། ཞི་ཅིན་ཕིང་གིས། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་ཡུན་རིང་འགྱུར་མི་སྲིད་ལ། རང་ཉིད་ཀྱིས་སྒོ་དབྱེའི་སྒོ་མོ་ནམ་ཡང་རྒྱག་མི་སྲིད། ང་ཚོ་དང་མཉམ་ལས་གཉིས་ཕན་བྱེད་འདོད་ཡོད་པའི་རྒྱལ་ཁབ་མཐའ་དག་དང་ང་ཚོ་མཉམ་དུ་མདུན་སྐྱོད་བྱས་ཏེ་འཛམ་གླིང་དཔལ་འབྱོར་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས། ཀྲུང་གོ་ནི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས། དངོས་ཚན་དཔལ་འབྱོར་ལ་མཐོང་ཆེན་བྱས་ཏེ་རང་སྟོབས་རང་སྤེལ་གྱི་ལམ་བུར་སྐྱོད་དགོས་པའི་ནན་བཤད་གནང་བ་རེད།

        ཚེས་13ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཀོང་ཏུང་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་པ་དང་འབྲེལ། ཀོང་ཏུང་གི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་རེད།

        ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་བཀོད་པ་གསར་པའི་ཁྲོད་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་ལ་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་ལྡན་ཡོད། ཀོང་ཏུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་འཛུགས་སྐྲུན་དེ་ཀོང་ཏུང་གིས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བའི་གོ་སྐབས་ཆེན་པོ་དང་ལས་དོན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་ནན་པོ་དང་ཏན་ཏིག་བྱེད་པ་དང་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་གཡུལ་ས་གཙོ་བོར་བྱེད་པ་དང་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དོན་ཆེན་དེ་ཡག་པོ་བསྒྲུབས་ཏེ། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འདི་ཉིད་འཕེལ་རྒྱས་ཀྱི་བཀོད་པ་གསར་པའི་འཐབ་ཇུས་ཀྱི་རྐང་རྟེན་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྣེ་ཁྲིད་ཁུལ་བཅས་སུ་འགྱུར་བར་བྱེད་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་ཡོང་བར་བྱེད་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འགག་རྩ་ཞིག་རེད། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་ས་ཁོངས་གསར་གཏོད་མ་ལག་བསྐྲུན་པར་ཤུགས་སྣོན་རྒྱག་པ་དང་རང་རྟེན་གསར་གཏོད་ནུས་པ་སྔར་བས་ཆེ་རུ་བཏང་ནས། འགག་རྩའི་ལྟེ་བའི་ལག་རྩལ་གྱི་དཀའ་གནད་སེལ་བའི་ཐད་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་འབད་བརྩོན་བྱེད་དགོས། ཁེ་ལས་འབྲིང་ཆུང་གི་གསར་གཏོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་རང་བདག་ཤེས་བྱའི་བདག་དབང་དང་ལྟེ་བའི་འགྲན་རྩོད་ནུས་པ་ལྡན་པའི་གསར་གཏོད་རྣམ་པའི་ཁེ་ལས་དེ་བས་མང་བ་གསོ་སྐྱོང་བྱེད་དགོས། ཁེ་ལས་ཀྱི་བྱེད་པོའི་གནས་བབ་ལ་ཤུགས་སྣོན་རྒྱག་པ་དང་། གསར་གཏོད་འཁོར་འབྲེལ་དང་། ཐོན་ལས་འཁོར་འབྲེལ། མ་དངུལ་འཁོར་འབྲེལ། ཤེས་ལྡན་པའི་འཁོར་འབྲེལ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་ཐོན་ལས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས། གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཐེབས་པའི་ཐོན་ལས་ཚན་རྩལ་གསར་གཏོད་ལྟེ་གནས་གཏོད་དགོས། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་ཤེས་ལྡན་པའི་མཐོ་ས་བསྐྲུན་པར་སྐུལ་འདེད་བཏང་ནས་རྩེར་སོན་གྱི་ཚན་རྩལ་གསར་གཏོད་ཤེས་ལྡན་པའི་གཅིག་སྡུད་ཀྱི་ནུས་པ་ཆགས་པར་བྱེད་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་བྱེད་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་ཁྱད་ཆོས་ཤིག་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་གཏོང་བ་ནི་ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། ཀོང་ཏུང་གིས་ས་ཁོངས་འཕེལ་རྒྱས་དོ་སྙོམས་མེད་པའི་གནད་དོན་ཐག་གཅོད་བྱེད་རྒྱུར་ཤུགས་བརྒྱབ་སྟེ། འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ས་ཁོངས་མཉམ་སྦྲེལ་མཉམ་མཐུད་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་ཀོང་ཏུང་གི་ཤར་རྒྱུད་དང་། ནུབ་རྒྱུད། བྱང་རྒྱུད་བཅས་ས་ཁུལ་གྱིས་ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་གྱི་ཐོན་ལས་གོ་རིམ་ལྡན་པའི་ངང་གཞན་སྒྱུར་གྱི་འགན་དེ་བས་ཡག་པོ་འཁུར་བར་སྐུལ་ཁྲིད་དང་སྐུལ་འདེད་གཏོང་དགོས། སྐམ་མཚོར་སྤྱི་འདོམས་དང་རི་མཚོ་མཉམ་འགྲོགས་ཡོང་ཤུགས་ཆེ་རུ་གཏོང་བ་དང་། གྲུ་ཁ་དང་། ཐོན་ལས། གྲོང་ཁྱེར་གསུམ་སྤྱི་ཡོངས་ཀྱི་བཀོད་པར་ཤུགས་སྣོན་རྒྱག་པ། རྒྱ་མཚོའི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རྒྱ་མཚོའི་ཞིང་ཆེན་སྟོབས་ཆེན་ཕྱོགས་ཡོངས་ནས་བསྐྲུན་དགོས། རྫོང་གྲོང་གཞི་རྟེན་གལ་ཆེན་དུ་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། དེང་རབས་ཀྱི་གྲོང་གསེབ་ཐོན་ལས་མ་ལག་མགྱོགས་མྱུར་སྐྲུན་པ། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གསར་པ་འཕེལ་རྒྱས་གཏོང་བ། གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ་བཅས་ཀྱི་ཐོག་ནས་ཐུན་མོང་ཐོག་ཕྱུག་པོ་ཆགས་པར་སྐུལ་འདེད་གཏོང་དགོས། དབུལ་ལོག་མི་ཐེབས་པར་བྱེད་པའི་གནས་ཚུལ་ལ་ལྟ་ཞིབ་དང་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་མུ་མཐུད་ཡག་པོ་བྱས་ནས་དབུལ་ལོག་མི་ཐེབས་པ་བྱེད་དགོས།

        ཞི་ཅིན་ཕིང་གིས་བསྟན་དོན། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་འདི་ལོའི་ཏང་འཛུགས་སྐྱོང་གི་ལས་འགན་གལ་ཆེན་ཞིག་རེད། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ཏང་ཡོན་དང་ལས་བྱེད་པ་ཚོར་སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་གཏོད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ལེགས་གཏོང་། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ཐོབ་པར་སློབ་གསོ་ཁྲིད་སྟོན་བྱེད་དགོས། སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་གཏོད་པར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་ལས་དོན་གཏིང་ཟབ་སྒྲུབ་དགོས། བསམ་བློའི་ཐད་གཞི་སྒྱུར་རྩ་སྒྱུར་དང་གཞི་བརྟན་བསམ་འཕེལ་བྱེད་པ་དང་། དད་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། སྙིང་སྟོབས་ཀྱི་འཚོ་བཅུད་གསབ་པ། བསམ་བློའི་ཁ་ཕྱོགས་བརྟན་པོ་སྲུང་བ་བཅས་བྱེད་དགོས། གཅིག་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་ཏང་གི་རིན་ཐང་གི་དོན་གཉེར་དང་མདུན་སྐྱོད་ཁ་ཕྱོགས་ཀྱི་ཚད་མཐོའི་ཆབ་སྲིད་ཀྱི་མོས་སེམས་ཆེ་རུ་བཏང་སྟེ་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་ཀྱི“གཅུས་སྒོ་ཨ་མར”དམ་འཛིན་ཡག་པོ་བྱེད་དགོས། གཉིས་ནས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་ནས་རང་རྟོགས་ངང་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བཅས་བྱས་ནས། ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པའི་བྱ་སྤྱོད་དངོས་ནས་མཚོན་པར་བྱེད་དགོས། གསུམ་ནས་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ་དང་། དམིགས་ཡུལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་། ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་བློ་ཡིད་ཚིམ་མིན་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་ཤན་འབྱེད་བྱེད་པའི་རྩ་བའི་ཚད་གཞིར་བརྩིས་ནས་མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ཀྱི་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་། དམངས་འཚོར་ཕན་འདོགས་པའི་བྱ་བ་དངོས་ཏན་ཏིག་སྒྲུབ་པ། དམངས་སེམས་ལ་དྲོ་སྐྱིད་སྦྱིན་པའི་བྱ་བ་ཞིབ་ཚགས་སྒྲུབ་པ། དམངས་ཀྱི་བློ་ལ་བབས་པའི་བྱ་བ་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་དམངས་ཡོངས་ལ་ཕན་པ་དེ་བས་མང་བ་དང་དེ་བས་དྲང་གཞག་ཐོབ་པར་བྱེད་དགོས།

ཟླ་4ཚེས་10ཉིན་ནས་ཚེས་13ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་གཟིགས་ཞིབ་གནང་བ་རེད། འདི་ནི་ཚེས་11ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་མའོ་མིང་ཀའོ་ཀྲོའུ་གྲོང་ཁྱེར་ཀེན་ཙི་གྲོང་རྡལ་པའེ་ཆའོ་གྲོང་ཚོར་གྲོང་མི་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1