དཔྱིད་ཀྱི་དུས་ཚིགས་བཟང་པོར་སྡོང་འཛུགས་དུས་སུ་སླེབས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 04-21




སྡོང་བོ་འཛུགས་སར་དར་དམར་ལྷབ་ལྷུབ་ཏུ་གཡོ་ཞིང་བྲེལ་འཚུབ་ཀྱི་རྣམ་པས་ཁེངས།

ས་རྒོད་བསློགས་ནས་སྡོང་བོ་འཛུགས་བཞིན་པ།

        དཔྱིད་རླུང་དལ་གྱིས་ལྡང་བས་ལྗོན་པའི་འདབ་ལག་རབ་ཏུ་རྒྱས་ཤིང་ས་གནས་ཀུན་ཏུ་སྡོང་འཛུགས་ཀྱི་དུས་སུ་སླེབས། ཉེ་ཆར། དཀར་མཛེས་ཁུལ་གྱིས་ཁུལ་དང་གྲོང་ཁྱེར་གྱི་བྱ་གཞག་ཚན་པའི་ལས་བྱེད་ལས་བཟོ་བ་དང་ཀྲུང་དབྱང་དང་ཁུལ་དུ་བཅའ་སྡོད་བྱེད་པའི་ཞིང་ཆེན་གྱི་ལས་ཁུངས་ཚན་པའི་ལས་བྱེད་ལས་བཟོ་བ། དར་མདོར་བཅའ་སྡོད་བྱེད་པའི་དཔུང་སྡེའི་དཔོན་དམག་དང་དེ་བཞིན་མང་ཚོགས་སོགས་མི2000ལྷག་བསྡུས་ཏེ་དར་མདོ་གྲོང་ཁྱེར་ར་རྔ་ཁ་གྲོང་རྡལ་བལ་བསེད་གྲོང་ཚོ་གོང་མ་རུ་འོས་འགན་སྡོང་འཛུགས་བྱེད་སྒོ་སྤེལ་བ་རེད།

        བྱེད་སྒོ་སྤེལ་ཡུལ་དུ་མི་ཚང་མའི་སྤྲོ་སེམས་དང་ངར་ཤུགས་རབ་ཏུ་རྒྱས་ཤིང་ལྕགས་ཁྱེམ་གྱིས་ས་རྐོ་བ་དང་སྡོང་ཕྲུག་འཛུགས་པ། ས་རྒོད་བསློགས་པ་བཅས་བྱས་ཏེ་དཀར་མཛེས་ཁུལ་ལས་བྱེད་ལས་བཟོ་བའི་འབད་འཐབ་དངོས་སྒྲུབ་ཀྱི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་ཡོད། ཞོགས་པའི་རིང་ལ་ངལ་རྩོལ་བྱས་པར་བརྒྱུད་དཔྱིད་རླུང་འཇམ་པོའི་ཁྲོད་དུ་སྡོང་ཕྲུག་དག་གི་སྐྱེ་སྟོབས་ཀྱི་དཔལ་ཡོན་རབ་ཏུ་རྒྱས།

        ཁུལ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་སྤྱི་ཁྱབ་ལག་རྩལ་བ་ཏའེ་ཞུའེ་ཏུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་སྡོང་འཛུགས་བྱེད་སྒོའི་ནང་ཧྥེང་ཤིང་དམར་པོ་རྐང3000བཙུགས་པ་དང་ཆབས་ཅིག། 2021ལོ་དང2022ལོར་བཙུགས་ནས་སོས་པའི་ཧྥེང་ཤིང་དམར་པོ་ལ་མིའི་ཐབས་ལ་བརྟེན་ནས་ལུད་བརྒྱབ་པར་མ་ཟད་མཐའ་འཁོར་དུ་སྐལ་བཟང་མེ་ཏོག་སོགས་མེ་ཏོག་རིགས་སྤྱི་རྒྱ25བཏབ་པ་རེད།

        ཁུལ་སྤྱི་བདེ་ཅུས་ཡི་ལས་བྱེད་ཧོང་ཚེ་ཡིས་གསར་འགོད་པར་ཤིང་འཛུགས་བྱེད་སྒོའི་ཁྲོད་དུ་ཏང་མི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་ཐེངས་འདིའི་སྡོང་འཛུགས་བྱེད་སྒོར་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ཞེས་གསུངས་པ་རེད། ང་ཚོས་ད་ལྟ་འདི་གར་འོས་འགན་སྡོང་ཕྲུག་འཛུགས་བཞིན་ཡོད་པ་དེ་ནི་བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་བསྐྲུན་པ་ཡང་རེད་ཅེས་བཤད།

        ཁུལ་ཁྲིམས་འཛིན་ཅུས་ཀྱི་ན་གཞོན་ལས་བྱེད་པ་ལྷ་མོ་ཆོས་སྐྱིད་ཀྱིས་ན་གཞོན་ཞིག་ཡིན་པའི་ངོས་ནས་ཐེངས་འདིའི་སྡོང་འཛུགས་བྱེད་སྒོའི་ནང་ང་དང་ལས་རོགས་ཚོའི་མཐུན་སྒྲིལ་མཉམ་ལས་ཀྱི་ནུས་པ་ཆེ་རུ་ཕྱིན་པར་མ་ཟད། སྡོང་ཕྲུག་བཙུགས་པ་དེས་ང་ཚོར་ལྗང་མདོག་བསྣན་ཡོད་པས་ང་ཚོའི་གནས་མཆོག་དཀར་མཛེས་ཁུལ་སྔར་ལས་མཛེས་སྡུག་ལྡན་པར་འགྱུར་བར་སྨོན་ཞེས་བཤད།

        སྡོང་འཛུགས་བྱེད་སྒོར་ཞུགས་མཁན་གྱི་ལས་བྱེད་ལས་བཟོ་བ་ཚོས་སྡོང་འཛུགས་ནི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་དང་མི་རབས་རྗེས་མར་བདེ་སྐྱིད་སྐྲུན་པའི་བྱ་བ་བཟང་པོ་ཞིག་རེད། སྡོང་འཛུགས་ནང་ཞུགས་རྒྱུ་ནི་འོས་འགན་ཞིག་ཡིན་ལ་འགན་འཁྲི་ཞིག་ཀྱང་རེད། སླད་ཕྱིན་རྒྱུན་སྲིང་ལྷོད་མེད་ངང་ཐཱན་ཉུང་ཁོར་ཡུག་སྲུང་སྐྱོང་གི་སྔོན་སྐྱོད་པ་མུ་མཐུད་དེ་བྱས་ནས་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་བྱེད་མཁན་ཞིག་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་དཀར་མཛེས་ཁུལ་གྱི་སྐྱེ་ཁམས་སྲུང་ཡོལ་བརྟན་དུ་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

        དཀར་མཛེས་ཁུལ་ནི་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་དང་ས་སེར་མཐོ་སྒང་སི་ཁྲོན་དང་ཡུན་ནན་གྱི་སྐྱེ་ཁམས་སྲུང་ཡོལ་གྱི་ལྟེ་བའི་ས་ཁོངས་དང་། འབྲི་ཆུའི་སྟོད་རྒྱུད་སྐྱེ་ཁམས་སྲུང་སྐྱོང་སྲུང་ཡོལ་དང་ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ་དཔེ་མཚོན་གྱི་སྐྱེ་ཁམས་ཐོན་ཁུངས་ཁུལ་ཆེན་པོ་ཞིག་ཀྱང་རེད། ཁུལ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་ཁོངས་གཏོགས་ཀྱིས་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་ཚད་དཔོག་ལ་གཞི་ཚུགས་ནས་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པའི་འཐབ་ཇུས་ཤུགས་ཡོད་རྒུས་ལག་ལེན་བསྟར་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་འཕེལ་རྒྱས། ཉེན་མེད་བཅས་ལས་འགན་གཙོ་བོར་བྱེད་པ་དང་ཞིང་ཆེན་དང་ཁུལ་གྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱེད་པ། ཐོན་ཁུངས་སྲུང་སྐྱོང་དང་སྐྱེ་ཁམས་སླར་གསོ། ལྗང་མདོག་ཐོན་ལས་བཅས་ཀྱི་འགན་དང་ལས་དོན་གཙོ་བོ་དམ་འཛིན་ཡག་པོ་བྱས་ནས་དཀར་མཛེས་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་ལས་དོན་ཚད་མཐོན་པོའི་ངང་འཕེལ་རྒྱས་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་བསྐྲུན་པར་རམ་འདེགས་བྱས་པ་རེད།

        2022ལོ་ནས་བཟུང་ཁུལ་རིམ་པ་ཡན་གྱི་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར20.57བརྩོན་ལེན་བྱས་ནས་ནགས་གསོ་མུའུ་ཁྲི63.84ལེགས་སྒྲུབ་བྱས་པ་དང་ནགས་ཚལ་ཁྱབ་ཚད་བརྒྱ་ཆ35.14ལ་ཟིན་ཡོད། རྩྭ་ཐང་ཞན་འགྱུར་མུའུ་ཁྲི93.5བཅོས་སྒྲིག་བྱས་ཤིང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་བརྒྱ་ཆ85ཡན་དུ་བརྟན་པོ་བྱུང་། ནགས་ཚལ་དང་རྩྭའི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར50.1ལ་ཟིན་ནས་དཀར་མཛེས་ཁུལ་ནགས་ཚལ་དང་རྩྭ་ཐང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཕྱིན་ནས་བརྟན་ཐོག་གོང་འཕེལ་དང་བརྟན་ཐོག་གསར་སྣོན། བརྟན་ཐོག་ལེགས་ཕྱོགས་སུ་འགྲོ་བའི་རྣམ་པ་མངོན་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1