༄༅།།མ་གཞི་དཔོན་པོ་ཁྲོ་ཐུང་གིས་བླངས་པའི་གླུ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྟོད་ཆ་ལས་དྲངས། སྤེལ་དུས། 04-26


  མ་བཞིའི་དཔོན་པོ་ཁྲོ་ཐུང་དེས་གོ་གྱོན་མཚོན་འདོགས་བྱས་རྟ་ཁུ་ཁུ་རོག་ཙོག་གི་སྟེང་དུ་བཞོན་ནས་ཚུར་གླིང་སྒར་ནང་དུ་ངར་ངར་རྒོད་རྒོད་ཀྱིས་ཁ་ཕོ་གཏམ། སོ་སྒྲ་འཆོས་ཏེ་ཡོབ་ལང་ཞིག་བརྒྱབ་ནས་ན་རེ། ཡ་ཁོ་རེ། གླིང་དཀར་དཔའ་བརྟུལ་སུམ་ཅུས་གཙོས། དམག་བུ་རྟ་འཁྱིལ་ལེ་ང་ལ་ཉོན། ཧོར་རྩྭ་མི་ཤིང་མི་བསད་བསད་དེ། ཕོ་ང་རྒོད་བསམ་མི་མང་པོ་གདའ། གསོད་ཡང་དག་དེ་གུར་དཀར་མ་བསད་ན། །ལས་དེ་མིན་སྡིག་པའི་ས་བོན་རེད། །མཉན་བསམས་ན་ཁྲོ་ཐུང་གླུ་ལ་ཉོན། །ཟེར་ནས་གླུ་ངག་རྟ་ཁྲོ་གླུ་ངར་ཟིལ་ལ་དྲངས་ནས་འདི་འདྲ་བླངས་པར་གདའ་འོ། །

   གླུ་ཐ་ལ་ལ་མོ་ཐ་ལ་ལེན། །

   གླུ་ཨ་ལ་ལ་མོ་ཨ་ལ་ལེན། །

   ཨ་ལ་བྱང་ཆུབ་བརྒྱུད་ནས་འདྲེན། །

   ངག་དལ་འཇམ་རྒྱ་མཚོའི་གླིང་ནས་འདྲེན། །

   ཚིག་དམར་མོ་ངག་གི་ཤུགས་འབྱུང་རེད། །

   ས་འདིའི་ས་ངོ་མ་ཤེས་ན། །

   སྒར་ཉིན་རྨ་ཆུའི་རབ་ཁ་རེད། །

   གླིང་ལས་དམག་ཁྲ་བོའི་གཞི་དཀྱིལ་རེད། །

   ཕོ་ང་འདྲ་ང་ངོ་མ་ཤེས་ན། །

   སྲིབ་པ་ཁོག་མོའི་རོག་རྫོང་ན། །

   མཁར་བཙན་པོ་ཕོ་རོག་སྙིང་རྫོང་ན། །

   མ་བཞིའི་དཔོན་པོ་ཁྲོ་རྒྱལ་ཡིན། །

   རྨོག་གསེར་འཕྲུ་ཅན་གྱི་བདག་པོ་རེད། །

   ཁྲབ་གསེར་ཤམ་ཅན་གྱི་བདག་པོ་རེད། །

   དཔའ་རྒོད་དམར་ཡག་སྟག་ལ་བྱས། །

   མགྱོགས་ཤུགས་ཐང་དཀར་རྒོད་ལ་བྱས། །

   སྤྱང་གྲུང་རི་རྩིབ་ཝ་མོ་བྱས། །

   ཐབས་སྒྱུ་རྩལ་ནམ་མཁའི་གློག་ལ་བྱས། །

   ཕོ་ང་འདྲ་བོད་ལ་རེ་རེ་ཡིན། །

   ཚོ་ཆེན་ལྷ་སྡེ་དཀར་པོས་ཉོན། །

   ཡང་སྒོས་དཔའ་བརྟུལ་སུམ་ཅུས་ཉོན། །

   དེ་སྔ་ཉི་མའི་ཕན་ཆད་ལ། །

   གླིང་དཔའ་བརྟུལ་རྒོད་རྒོད་དཔུང་ཤེད་དེ། །

   ཧོར་རྩྭ་མི་ཤིང་མིའི་སྟེང་ན་རེད། །

   སྐྱེན་པོའི་ཉག་ཕྲན་འཕེན་ཡ་འདི། །

   ཧོར་གླ་བ་ཁྲབ་གྱོན་སྟེང་ན་རེད། །

   རྣོ་ཐག་ཆོད་མཚོན་སྔོན་གཡུག་ཡ་དེ། །

   ཧོར་རྡོ་མགོ་རྨོག་གྱོན་སྟེང་ན་རེད། །

   མགྱོགས་པ་འདོ་བའི་རྒྱུག་ཡ་དེ། །

   དགྲ་ལན་མེད་ཝ་མོའི་སྟེང་ན་རེད། །

   ཕོ་རྒོད་པོའི་གཏུག་ཡ་བྱེད་པའི་ཚེ། །

   གླིང་དཔའ་བརྟུལ་བུ་མོ་མཛངས་མ་ཡིན། །

   ཕོ་ཁྱོད་རྒྱུས་རྟིང་མ་ཡོད་ལེ་ཡིན། །

   ཧོར་གུར་དཀར་གཉའ་སྒ་མ་སྤྲད་ན། །

   ཤན་པའི་ཐོང་རྩའི་མ་བཟུང་ན། །

   དེ་མིན་རྟིང་མ་དོན་མེད་ཡིན། །

   རྒོད་བསམ་པ་ཨ་ཁུའི་སེམས་ལ་མེད། །

   དེ་རིང་ཉི་མའི་གདོང་གང་ལ། །

   རྗེ་གུར་དཀར་ལ་ཐོད་པ་གདོང་གཏུག་བྱེད། །

   ཧོར་ཤན་པའི་དཔུང་བ་གཡས་ནས་འཛིན། །

   བུ་སྟོབས་ཆེན་ལག་པའི་མགོ་ནས་འཛིན། །

   དཔའ་ཐང་རྩེ་མཐེབ་མཛུབ་བར་ནས་གསོད། །

   ལས་འདི་བྱས་རྟིང་མ་ཡོད་དང་གཅིག །

   ཕོ་རྒོད་སྡེབ་ཀྱི་དབུ་འཕང་མཐོ་དང་གཉིས། །

   ཕོ་གསར་གྱི་མཚང་ལ་གནོད་དང་གསུམ། །

   ཧོར་དམག་འུར་བྲོས་བརྒྱབ་དང་བཞི། །

   དཔའ་རྒྱ་ཚ་ཞལ་ངོ་འཛུམ་དང་ལྔ། །

   ང་ཁྲོ་ལུས་དཔའ་རྟགས་བཞག་དང་དྲུག །

   ལས་འདི་དྲུག་འགྲུབ་པ་ལག་གི་མཐིལ། །

   ལ་ཆེན་གླིང་དཀར་ཕོ་རྒོད་ཚོ། །

   ཤེད་ཆེན་དཔུང་པ་ངོམ་འདོད་ན། །

   ཧོར་སྟོབས་ཆེན་ཁྲ་འབར་ཆམ་ལ་ཕོབ། །

   མདའ་ཉག་ཕྲན་གྲུབ་རྟགས་འཇོག་འདོད་ན། །

   དཔའ་ཐང་རྩེ་ས་ལ་བསྒྲིལ་ན་ཡིན། །

   མཚོན་སྔོན་མོའི་རྣོ་རྡུགས་བལྟ་འདོད་ན། །

   སྡིག་གཅོད་ཤན་པའི་མགོ་སྐེ་ལོངས། །

   རྟ་མགྱོགས་པའི་བང་ཁ་ཚད་འདོད་ན། །

   དཔོན་གུར་དཀར་སྦར་ཟིན་བྱས་ན་ཡིན། །

   དེ་མིན་ན་རྟིང་མ་ཅི་ལ་ཡིན། །

   ལུག་ཐོང་བ་བཞི་བཀྱིགས་བྱིས་པས་ཐུབ། །

   ར་ཚེ་ཚེ་སྤུ་འབྲེག་ནག་མོས་ཐུབ། །

   གཡག་རོག་པོར་ཁྲག་གཏར་རྒན་མོས་ཐུབ། །

   རྟ་རྒོད་པོའི་རྒྱུག་ཚད་སྲུ་མོས་ཕོད། །

   དཔེ་དེ་དང་གླིང་དཀར་ཕུ་ནུ་འདྲ། །

   གོ་ན་རྣ་བའི་བདུད་རྩི་ལ། །

   མ་གོ་གླུ་ཡི་འགྲེལ་བ་ཞུ། །

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1