མཛོད་དགེ་རྫོང་གི་ལྗོངས་ཁུལ་སོ་སོས་ཡུལ་སྐོར་བར་ལྷག་བསམ་ རྣམ་དག་གི་ཞབས་ཞུ་འདོན་སྤྲོད་གནང་།

དཔལ་མགོན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-04



        ལྔ་གཅིག་ངལ་རྩོལ་དུས་ཆེན་རིང་མཛོད་དགེ་རྫོང་དུ་གནམ་གཤིས་བཟང་ལ། མཚོ་ཁྲ་དང་རྨ་ཁུགས་དང་པོ་སོགས་ལྗོངས་ཁུལ་གྱིས་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་ཡུལ་སྐོར་བ་མགྲོན་དུ་བསུས་ཤིང་། ལྗོངས་ཁུལ་གྱི་སྒྲིག་ལམ་གོ་རིམ་ལྡན་པར་གནས།

        ལྔ་གཅིག་གུང་གསེང་སྐབས་འདིར་མཛོད་དགེ་རྫོང་གི་ལྗོངས་ཁུལ་སོ་སོས་ལྷག་བསམ་རྣམ་དག་གིས་ཡུལ་སྐོར་བ་བསུས་ཏེ། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བར་ཞབས་ཞུ་ལེགས་པོ་འདོན་སྤྲོད་སྒོས། ཡུལ་སྐོར་བར་ལྔ་གཅིག་རིང་མཛོད་དགེ་གླིང་ས་མཐོང་བ་ཀུན་སྨོན་དུ་ཡུལ་སྐོར་ཡིད་ཚིམ་པ་ཞིག་ཡོང་དུ་བཅུག

        མཚོ་ཁྲའི་ཡུལ་སྐོར་ཀུང་སིའི་སྤྱི་གཉེར་བ་ལི་ཀུའེ་ཡིས་མཚམས་སྦྱོར་གནང་དོན། ནུས་ལྡན་ངང་ལྗོངས་ཁུལ་གྱི་རྫོགས་ལྡན་དུས་སྐབས་སུ་ཡུལ་སྐོར་བ་འཚང་ཁ་བྱེད་པར་གཡོལ་ཆེད། མཚོ་ཁྲའི་ལྗོངས་ཁུལ་གྱིས《འགྲུལ་འཁོར་གྱི་བདེ་འཇགས་འཁོར་སྐྱོད་དང་ལས་རེས་བཀོད་གཏོང་ལམ་ལུགས》ཀྱི་འགན་ལེན་ནུས་པ་སྔར་ལས་ཇེ་ལེགས་སུ་བཏང་བར་མ་ཟད། ལྗོངས་ཁུལ་དུ་ད་དུང་དང་བླངས་ཞབས་ཞུ་ས་ཚིགས་དང་དང་བླངས་ཞབས་ཞུ་བྱེད་གནས། དང་བླངས་ཞབས་ཞུ་ལས་གནས། ཡ་རབས་ལྟ་སྐུལ་ལས་གནས་བཅས་བཙུགས་ཏེ། ཡུལ་སྐོར་བར་ཞབས་ཞུ་ལེགས་པོ་འདོན་སྤྲོད་སྒོས། ཡུལ་སྐོར་བ་རྣམས་ཀྱིས་མཛེས་སྡུག་ལྡན་པའི་བརླན་སའི་ཡུལ་ལྗོངས་མཐོང་ཐུབ་བར་མ་ཟད། ལྗོངས་ཁུལ་གྱི་དགའ་བསུ་དང་དྲོད་ཁོལ་མྱོང་དུ་བཅུག་ཡོད་ཟེར།

        སི་ཁྲོན་ནན་ཁྲུང་ནས་ཡོང་བའི་ཡུལ་སྐོར་བས་གསར་འགོད་པར་བཤད་རྒྱུར། མཚོ་ཁྲར་སླེབས་རྗེས་འདིར་ཡུལ་ལྗོངས་ཤིན་ཏུ་མཛེས་པའི་སྣང་བ་སྟེར། འདིར་ཡུལ་ལྗོངས་མཛེས་པར་མ་ཟད་ལས་སྒྲུབ་པའི་ཞབས་ཞུ་དང་སྒྲིག་ཆས། ལྗོངས་ཁུལ་གྱི་ཆ་རྐྱེན་སོགས་ཤིན་ཏུ་ལེགས་པས། ཚང་མ་མཚོ་ཁྲར་ཡུལ་སྐོར་དུ་ཕེབས་རོགས་ཟེར།

        རྒྱུས་ལོན་པ་ལྟར་ན། ལྔ་གཅིག་གུང་གསེང་རིང་མཛོད་དགེ་རྫོང་གི་ལྗོངས་ཁུལ་དང་རྒྱལ་ལམ་213བའི་ལམ་རྒྱུད་ཀྱི་ཡུལ་གྲོང་ཁག་གིས་རིམ་པ་དང་ཁུལ་བགོས་ཤིང་། ཡུལ་སྐོར་ཞབས་ཞུ་ལྟེ་གནས་དང་ཞབས་ཞུ་ས་ཚིགས། ཞབས་ཞུ་བྱེད་གནས་སོགས་བཙུགས་ཏེ་ཞབས་ཞུའི་འགན་ལེན་སོ་སོ་ཇེ་ལེགས་སུ་བཏང་། སྤྱི་བདེའི་འགྲིམ་འགྲུལ་ཉེན་རྟོག་དང་གཞུང་ལམ་ཡན་ལག་དོ་དམ་ཅུས་སོགས་ཀྱིས་རྒྱལ་ཁབ་དང་ཞིང་ཆེན་གཞུང་ལམ་གཙོ་བོ་དང་། མཁར་ཁུལ་གཙོ་བོའི་ཐད་ཀྱི་སྐོར་ཞིབ་ཤུགས་ཆེར་བཏང་སྟེ། འགྲིམ་འགྲུལ་འཚང་ཁ་དང་ཡུལ་སྐོར་བ་ལམ་དུ་ལུས་པ། འཚང་ཁ་འགྲེམ་པ་སོགས་འཕྲལ་སྡོམ་ཐག་གཅོད་ལས་དོན་ལེགས་སྒྲུབ་སྒོས། ནུས་ཤུགས་ཡོད་རྒུས་སྒྲིག་ལམ་བདེ་བླག་ཡོང་བར་འགན་བླངས། རྫོང་རིག་གནས་ལུས་རྩལ་དང་ཡུལ་སྐོར་ཅུས། ལྗོངས་ཁུལ་དོ་དམ་ཅུས། ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་སོགས་འབྲེལ་ཡོད་སྡེ་ཁག་གིས་འབྲེལ་ཡོད་ལས་སྒོ་ལེགས་པར་སྤེལ་ཏེ། ཡོངས་ཁྱབ་ནས་ཡུལ་སྐོར་ཞབས་ཞུ་འགན་ལེན་དང་ཡུལ་སྐོར་བའི་འཛད་སྤྱོད་ཁོར་ཡུག་ཇེ་ལེགས་སུ་བཏང་ནས། ལྷག་བསམ་རྣམ་དག་དང་བྱེད་ཐབས་ལེགས་ཤོས་ཀྱིས་ཡུལ་སྐོར་བས། མཛོད་དགེར་ཡུལ་སྐོར་དང་འཆམ་འཆམ་སྐྱོད་པོ་དང་ཡིད་ཚིམ་པ་ཞིག་ཡོང་བར་འགན་བླངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1