༄༅།།སྙན་ཚིག་ཏམྦུ་རའི་རང་སྒྲ།

དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-15


    

རབ་དཀར་ལྷག་བསམ་གངས་རིའི་དཔལ་འཛིན་སྟོན་མཚན་ཟླ་དཀར་རྒྱས་པའི་གཟིས།།

ཕྱོགས་དུས་ཀུན་རྨོངས་སྨག་ཆེན་འཇོམས་ཤིང་ཤེས་བྱའི་ཕ་མཐའ་རབ་བསལ་བའི། 

ངོ་མཚར་སྟོང་གི་རིག་པའི་འཕྲུལ་མངའ་ལེགས་བཤད་རྒྱ་མཚོ་འཁྱིལ་བའི་རླབས། །

བློ་གསལ་གཞོན་ནུའི་མིག་གི་བདུད་རྩིར་འཛད་མེད་ལོངས་སྤྱོད་རྒྱན་དུ་བསྟབས།།

 

དཔྱིད་ཀྱི་དཔལ་ཡོན་ལང་ཚོའི་འཇོ་སྒེག་དྲི་གཞོན་དལ་བུའི་ཆིབས་བསྒྱུར་ནས། །

རི་ཀླུང་ཐང་གསུམ་བདེ་དྲོད་འབར་བའི་སྨུག་རླངས་སྨིན་སྒྱུའི་ཆུ་བོ་གཡོས། །

མཐོ་སྒང་གོ་ལའི་གནམ་སའི་མཐོངས་ཕྱེས་དབང་གཞུའི་གཞལ་ཚོན་གྱིས་འཁྱུད་པའི།།

སོ་ནམ་རྒད་པོའི་གདོང་གི་འཛུམ་ཟེར་དཔྱིད་འགོའི་མེ་ཏོག་སྐར་ཚོམ་བཀྲམ། །

 

དགུན་གསུམ་གངས་ཀྱི་བཙན་རྫོང་རལ་བའི་སྲིད་པའི་གོས་དཀར་མཐའ་ནས་ཞིག །

གཞོམ་མེད་གྲང་ངར་མཚོན་ཆའི་འཁོར་ལོ་གནམ་སའི་བར་ནས་དབྱིངས་སུ་ཡལ། །

རྟ་ནོར་ལུགས་གསུམ་ཐང་དུ་བཀྲམ་པའི་ན་ཆུང་འབྲོག་མོའི་དགོད་སྒྲ་བཅས། །

འབྲོག་པ་རྒན་མོའི་བེའུ་ལུགས་རེའུ་གསུམ་བཙས་པའི་སྒོ་ཕྱུགས་བདག་སྐྱོང་བྱེད།།

 

རྒྱལ་དོན་ཇུས་བཟང་གཏམ་གྱིས་སྙད་པའི་སྐྱ་རེངས་གསར་པའི་ཕོ་ཉ་ལས། །

སྒྲོག་འགྲེལ་ལེགས་བཤད་ཐོས་འཛིན་དཔལ་གྱི་བདུད་རྩིར་ཟེག་མའི་འདོད་པ་འཇོ།།

འཕེལ་རྒྱས་ལམ་ནས་བོད་འབྲེལ་རོགས་སྐྱོར་བརྟན་བརླིང་རྒྱུན་འཁྱོངས་དོན་འཁྱོལ་གྱིས།།

ཞིང་འབྲོག་དམངས་ཡོངས་སྤྲོ་སེམས་འཁོལ་བའི་མཛའ་བརྩེའི་མེ་ཏོག་ལན་བརྒྱར་འཐོར།།

 

དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱིས།།

དགོངས་དོན་སྙིང་པོ་ལག་ཏུ་བསྟར་བའི་འཕེལ་རྒྱས་གོམ་སྟབས་ལེགས་བསྒྱུར་ནས།།

དངོས་པོའི་སྟོབས་ཞུགས་ཚན་རྩལ་རིག་པས་གནམ་སའི་ཁྱོན་ལ་དབང་བསྒྱུར་ཏེ།།

སྦས་དོན་གསང་བའི་ཤེས་བྱ་མ་ལུས་མཁྱེན་པའི་དཔལ་ཡོན་སྙིང་ནས་བཞད། །

 

ཕྲ་ཕུང་རྡུལ་གྱིས་བསགས་པའི་རག་ལུས་མངལ་གྱི་ཆུ་འཛིན་གྲོལ་མ་ཐག 

རྣམ་རིག་གསལ་བའི་ཤེས་བྱའི་སྒྲོན་མེ་རིག་པའི་བུ་ཆུང་འཛུམ་དཀར་འཕྲོ། །

གསར་གཏོད་ལམ་ནས་རྣམ་དཔྱོད་འཕྲུལ་དང་ཤེས་རབ་རྩལ་གྱིས་མིག་སྒྲུབ་ནས།།

དཔལ་མཛངས་རིག་པའི་སྙིང་སྟོབས་ཆེར་འབར་ཤེས་བྱའི་བུད་ཤིང་མ་ལུས་སྲེག།

 

དེ་སྐད་གངས་ལྗོངས་རིག་པའི་དགའ་ཚལ་རྣམ་དཔྱོད་གཟི་འོད་སྟོང་འཕྲོ་བའི།།

ཤེས་བྱའི་སྦུབས་འབྱེད་རིག་པའི་ཉི་གཞོན་འདོད་ཡོན་རོལ་པའི་རྒྱ་མཚོ་ལས།།

བཅུ་ཕྲག་རིག་པའི་ནོར་གླིང་འཇུག་པའི་བློ་གསལ་ན་གཞོན་ཕོ་མོ་ལ།།

གཞལ་མེད་རིན་ཆེན་སྟོང་གི་བང་མཛོད་མཆོད་སྤྲིན་རྒྱ་མཚོ་སྐྱེས་སུ་འབུལ།།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1