༄༅།།གནའ་བོའི་བོད་ཀྱི་ཡིག་བསྒྱུར་ལོ་ཙཱའི་སྐོར་ལ་རགས་ཙམ་དཔྱད་པ།

དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-15


    དེ་ཡང་བོད་ཀྱི་ལོ་ཙཱ་ཐོག་མར་ནི་ཞང་བོད་བར་གྱི་ཡིག་བསྒྱུར་ལོ་ཙཱ་བརྒྱུད་ནས་བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོས་སྐབས་སུ་བོན་ཤེས་པ་ཅན་བཅུ་གཉིས་ཀྱིས་བོན་ཆོས་དུ་མ་ཞིག་བོད་ལ་བསྒྱུར་ཡོད་པ་ཡིན་ལ།  ཕྱིས་སུ་གཉའ་ཁྲིའི་སྲས་མུ་ཁྲི་བཙན་པོའི་སྐབས་སུ་ཡང་ཞང་ཞུང་ནས་མཁས་པ་བརྒྱ་རྩ་བརྒྱད་བོད་དུ་གདན་དྲངས་ནས་བོན་གྱི་འདུ་གནས་ཆེན་པོ་སུམ་བཅུ་རྩ་བདུན་བཙུགས་ཏེ། བོན་བསྟན་རྒྱ་ཆེར་སྤེལ་བ་དང་བསྟུན་ཞང་ཞུང་གི་སྟོང་རྒྱུང་མཐུ་ཆེན་དང་བོད་ཤ་རི་དབུ་ཆེན་གཉིས་ཡུལ་བྱེ་མ་གཡུང་དྲུང་ཆུ་མིག་བརྒྱད་ཅུ་རྩ་གཉིས་ཀྱི་མགོར་བསྟན་པ་གཤེན་རབ་ཀྱི་བཀའ་དྲི་མ་མེད་པའི་གཞུང་རྣམས་བོད་ཀྱི་སྐད་དང་ཚིག་གིས་ཚོམ་བསྡེབས་ནས་སྣང་སྲིད་གཏན་ལ་ཕབ། ཅེས་པ་ལྟར་སྟོང་རྒྱུང་མཐུ་ཆེན་དང་ཤ་རི་དབུ་ཆེན་སོགས་ཀྱི་ཞང་བོད་ཀྱི་ཤ་རིའི་སྒྲ་མདོ་ཞེས་བརྩམས་པ་དང་དེ་ནས་ཡུན་རིང་མ་འགོར་བར་རྣལ་འབྱོར་ཉི་མ་གྲགས་ཀྱིས་ཞང་བོད་སྒྲ་ཡི་དོན་སྡེབ་སྣང་གསལ་སྒྲོན་མེ་བརྩམས་ཏེ་ཞང་བོད་ཀྱི་སྒྲ་འགྲེལ་གཉིས་བྱུང་བ་འདི་ནི། བོད་ཀྱི་ལོ་ཙཱའི་ཐོག་མའི་དུས་རིམ་གསར་པ་ཞིག་གི་མགོ་ཚུགས་ཡོད་པ་ཤེས་ཐུབ།  དེ་ནས་བོད་རྒྱལ་ཐོག་མར་གཉའ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་གྱི་བར་དུ་བོད་ཀྱི་ལོ་ཙཱའི་ཐོག་མའི་དུས་རིམ་གསར་པ་ཞིག་གི་མགོ་ཚུགས་ཡོད་པ་ཤེས་ཐུབ།  དེར་རྟེན་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་སོ་གཉིས་པ་གནམ་རི་སྲོང་བཙན་བར་གྱི་རྒྱལ་པོ་རེ་རེར་ཆབ་སྲིད་འཛིན་པའི་རྒྱལ་པོའི་སྐུ་གཤེན་རེ་དང་། ཐར་ལམ་འདྲེན་པའི་བོན་གྱི་བླ་གཤེན་རེ། ཆོས་ཀྱི་གཞུང་ལུགས་བསྒྱུར་བའི་ལོ་པཎ་རེ། བྱ་གཞག་ཐབས་ལ་འཇུག་པའི་གསུང་རབ་རེ་ཡོད་ཅེས་གསུངས་པ་ལྟར། ལོ་རྒྱུས་ཀྱི་དཔྱད་གཞི་འདི་དག་ལ་རྒྱབ་བཅོལ་ནས་གནའ་དེང་བོད་ཀྱི་མཁས་པ་དག་གིས་གཉའ་ཁྲི་བཙན་པོའི་སྐབས་ཏེ་སྤྱི་ལོའི་སྔོན་གྱི་ལོ་སུམ་བརྒྱ་དྲུག་ཅུ་ཡས་མས་ནས་བོད་ཀྱི་ལོ་ཙཱའི་སྲོལ་བྱུང་བར་གྲགས་ལ། དེ་ནས་སྤྱི་ལོ་དྲུག་བརྒྱ་ཉེ་དགུ་པའི་ས་གླང་ལོར་གནམ་རི་སྲོང་བཙན་སྐུ་གཤེགས་པ་དང་སྐབས་དེར་ཆོས་རྒྱལ་སྲོང་བཙན་སྒམ་པོ་དགུང་ལོ་བཅུ་གསུམ་ལ་སླེབས་མ་ཐག་བཙན་པོའི་རྒྱལ་སྲིད་ཀྱི་ཁྲི་ལ་མངའ་གསོལ་ཏེ་སྐུ་ན་གཞོན་ཡང་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་གོ་ཆ་བགོས་ནས་བོད་ཀྱི་བསྟན་སྲིད་གཉིས་ལ་དབང་བསྒྱུར་བྱས་པ་ནི། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། ཤར་ཕྱོགས་རྒྱ་དང་མི་ཉག་ནས། །བཟོ་དང་རྩིས་ཀྱི་དཔེ་རྣམས་བླངས། །ལྷོ་ཕྱོགས་དཀར་པོའི་རྒྱ་གར་ནས། ། དམ་པའི་ཆོས་ཀྱི་སྒྲ་རྣམས་བསྒྱུར། །ནུབ་ཕྱོགས་སོག་པོ་བལ་པོ་ནས། ཟས་ནོར་ལོངས་སྤྱོད་གཏེར་ཁ་ཕྱེ། །བྱང་ཕྱོགས་ཧོར་དང་ཡུ་གུར་ནས། ། ཁྲིམས་དང་ལས་ཀྱི་དཔེ་རྣམས་བླངས། །དེ་ལྟར་ཕྱོགས་བཞིར་དབང་སྒྱུར་ནས། །མཐའ་ཡི་ལོངས་སྤྱོད་དབང་དུ་སྡུད། །འཛམ་གླིང་ཕྱེད་ལ་ཁ་ལོ་སྒྱུར། །ཞེས་གསུངས་ལྟར།   ཡོངས་གྲགས་ལོ་རྒྱུས་རྣམས་སུ་དེ་ནས་དམ་པའི་ཆོས་ཀྱི་དབུ་བརྙེས་ཞེས་པ་ལ་བརྟག་ན་ལྷ་ཐོ་ཐོ་རིའི་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས་ཞེས་འབྱུང་ལ། དེ་ཡང་དཔའ་བོ་གཙུག་ལག་ཕྲེང་བས་ཆོས་འབྱུང་མཁས་པའི་དགའ་སྟོན་དུ། དེ་ནས་དམ་པའི་ཆོས་ཀྱི་དབུ་བརྙེས་པ། །རྒྱལ་སྲས་ཀུན་ཏུ་བཟང་པོའི་རྣམ་སྤྲུལ་ནི། །སྤྲུལ་པའི་རྒྱལ་པོ་ཐོ་ཐོ་རི་གཉན་བཙན། །དགུང་ལོ་དྲུག་ཅུ་བཞེས་པ་སྐུ་མཁར་ཆེ། །ཡུམ་བུ་བླ་སྒང་རྩེ་ལ་བཞུགས་པའི་ཚེ། །ནམ་མཁའ་འཇའ་ཚོན་ཁ་དོག་སྣ་ཚོགས་བཀྲ། །མེ་ཏོག་ཆར་དང་ལྷ་ཡི་རོལ་མོ་བྱུང་། །གདུགས་ཤར་ཚེ་ན་ཉི་ཟེར་དང་འགྲོགས་ནས། །གསེར་ཤོག་ངོས་ལ་བཻཌཱུརྱས་བྲིས་པའི། །པང་ཀོང་ཕྱག་རྒྱ་མདོ་སྡེ་ཟ་མ་ཏོག།  །ཡིད་དུ་འོང་བའི་གླེགས་བམ་རྣམ་གཉིས་དང་། །གསེར་གྱི་མཆོད་རྟེན་མུ་དྲའི་ཕྱག་བརྒྱ་དང་། ཙིནྡ་མ་ཎིའི་སྐོས་ཕོར་རྣམ་དྲུག་བབ། །ཆོས་སམ་བོན་དུ་མཁྱེན་ཚུལ་མ་བསྟན་ཡང་། །གསེར་སྐྱེམས་གཡུ་སྔོན་ལ་སོགས་ཀྱིས་མཆོད་དེ། །གཉན་པོ་གསང་བ་ཞེས་པར་མཚན་གསོལ་ནས། །རྒྱལ་པོས་ཕྱག་སྐོར་བཀུར་སྟི་རྒྱ་ཆེར་བྱས། །  ཞེས་གསུངས་པ་དང་།   དོན་དངོས་ཐོག་ལོ་རྒྱུས་སྨྲ་བའི་དབང་པོ་འགོས་ལོ་གཞོན་ནུ་དཔལ་སྤྱི་ལོ་ཆིག་སྟོང་སུམ་བརྒྱ་གོ་གཉིས་ལོ་ནས་ཆིག་སྟོང་བཞི་བརྒྱ་གྱ་གཅིག་ལོར་མཛད་པའི་དེབ་ཐེར་སྔོན་པོའི་ནང་དུ།  པཎྜི་ཏ་བློ་སེམས་འཚོ་དང་ལོ་ཙཱ་བ་ལི་ཐེ་སེས་ཆོས་དེ་དག་ཁྱེར་འོངས་པ་ལ། རྒྱལ་པོས་ཡི་གེ་མི་ཤེས་ཤིང་དོན་མི་གོ་བས་པཎྜི་ཏ་དང་ལོ་ཙཱ་བ་ཕྱིར་ལོག་ཟེར་བ་དེ་དོན་དང་ལྡན་པར་ཡིན་ནམ་སྙམ་མོ།།   གླེགས་བམ་དང་མཆོད་རྟེན་དེ་དག་གནམ་ལས་བྱུང་བ་མ་ཡིན་པར། སྐབས་དེའི་རྒྱ་གར་གྱི་པཎྜི་ཏ་བློ་སེམས་འཚོ་དང་བོད་ཀྱི་ལོ་ཙཱ་བ་ལི་ཐེ་སེ་ཞུ་བ་གཉིས་ཀྱིས་བསྣམས་ཡོང་བར་བཞེད་ཅིང་། ནེལ་པ་ལའི་པཎྜི་ཏའི་གསུང་ཐུགས་ལ་བབས་ཏེ་ཇི་བཞིན་དྲངས་ཡོད་པ་འདི་ཡིན།   བོད་ལ་ནང་པའི་ཆོས་གཞུང་དང་རྟེན་དེ་དག་ཐོག་མ་ནས་སྐད་བསྒྱུར་ལ་བརྟེན་ནས་མིས་ཁྱེར་ཡོང་བར་གསུངས་པ་ནི་དོན་ལ་གནས་པའི་པཎྜི་ཏའི་བཞེད་དགོངས་ཡང་དག་པ་ཤ་སྟག་རེད། དེས་ན་མཐར་ཐུག་བཙན་པོའི་ཕོ་བྲང་དུ་ཆོས་དང་རྟེན་གང་དང་ཅི་ཙམ་ཞིག་བྱུང་ཡོད་པའི་ཐད་ལ་སྔོན་བྱོན་མཁས་པ་རྣམས་ཀྱང་བཞེད་པ་མི་མཐུན་མོད། གོང་གསལ་དཔའ་བོ་གཙུག་ལག་ཕྲེང་བའི་གསུང་ལྟར་ན་ཡོངས་གྲགས་ཀྱི་དཔང་སྐོང་ཕྱག་བརྒྱ་མ་དང་། མདོ་སྡེ་ཟ་མ་ཏོག  གསེར་གྱི་མཆོད་རྟེན་འདི་བཀའ་ཆེམས་ཀ་ཁོལ་མ་དང་ལོ་རྒྱུས་ལ་ལར་བང་རིམ་བཞི་ཅན་ཞེས་འབྱུང་དང་། མུ་དྲའི་ཕྱག་རྒྱ།  འདི་ཆོས་འབྱུང་རང་དུ་ཁྲུ་གང་ཙམ་གྱི་ནོར་བུའི་རིགས་ཀྱི་རྡོ་ལ་ཡིག་དྲུག་རང་བྱུང་ཅན་ཡོད་ཅེས་གསུངས་སོ། །གང་ལྟར་སྐབས་འདི་ལ་བོད་བཙན་པོའི་ཕོ་བྲང་དུ་ནང་པ་སངས་རྒྱས་པའི་གསུང་གི་རྟེན་གླེགས་བམ་དང་ཐུགས་ཀྱི་རྟེན་མཆོད་རྟེན་མ་ཟད། གཟུངས་ཡིག་བརྐོས་པའི་དངོས་རྫས་ཕོར་པ་སོགས་རྟེན་གསུམ་དེ་དག་་གང་རུང་ཞིག་བྱུང་ཡོད་པ་ཡིན་ལ། སྐབས་དེར་བོད་བཙན་པོའི་ཆབ་སྲིད་དང་བོད་འབངས་ཡོངས་ནི་གཡུང་དྲུང་བོན་ལ་བརྟེན་ནས་བསྐྱངས་པ་ཡིན་སྟབས། རྟེན་དེ་རྣམས་མཆོད་བཀུར་གྱི་གནས་ཙམ་ལས་ཆོས་སྤེལ་གྱི་ནུས་པ་མ་ཐོན་པ་ཡིན་འདུག །བུ་སྟོན་ཆོས་འབྱུང་ལས་གསུངས་པ་ལྟར་དམ་པའི་ཆོས་ཀྱི་དབུ་བརྙེས་ཞེས་དེ་ཡན་ཆད་ནི་ཆབ་སྲིད་བོན་གྱིས་བསྐྱངས་སོ། ། ཞེས་གསུངས་ཏེ་དུས་འདི་ནས་བཟུང་དམ་པའི་ཆོས་བོད་ཡུལ་དུ་དར་བའི་འགོ་བརྩམས་པར་ངོས་འཛིན་གནང་བའི་སྲོལ་བྱུང་བ་ཡིན་ནའང་།  དེ་ལ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་ཆོས་ཀྱི་དབུ་བརྙེས་པ་ནི། ཆོས་ཀྱི་གླེགས་བམ་ཙམ་བྱུང་བ་ཡིན་གྱི། བྲི་བ་དང་བཀླགས་པ་དང་འཆད་པ་སོགས་ནི་མེད་དོ། །  སུམ་པ་མཁན་པོས།  འདིའི་དུས་སུ་དམ་པའི་ཆོས་ཀྱི་དབུ་བརྙེས་པའི་རྟེན་འབྲེལ་ཙམ་འགྲིག་ཅིང་།  ཞེས་སོགས་གསུངས་པ་བཞིན་ཏེ། སྐབས་དེར་བོད་ཁམས་སུ་དམ་ཆོས་དར་བའི་སྔོན་འགྲོའི་ཆ་རྐྱེན་དུ་རྒྱ་གར་ནས་ཨ་ཙཱ་རའམ་པཎྜི་ཏ་བློ་སེམས་འཚོ་བྱ་བ་དང་བོད་མི་སྐད་གཉིས་སྨྲ་ཤེས་པའི་ལོ་ཙཱ་བ་ལི་ཐེ་སེ་བྱ་བས་སྐད་བསྒྱུར་ལ་བརྟེན་ནས། སྐབས་དེའི་བོད་ཀྱི་ཆེས་མཐོའི་དབང་སྒྱུར་མི་སྣ་བཙན་པོ་ལྷ་ཐོ་ཐོ་རི་དང་ མཇལ་རྟེན་དུ་གླེགས་བམ་དང་མཆོད་རྟེན་བརྐོས་ཕོར་བཅས་དངོས་པོ་འགའ་ཕུལ་བ་ཡིན་ནོ།།  དེའི་འོག་ཏུ་རྒྱལ་པོ་སྲོང་བཙན་སྒམ་པོས་ཐོན་མི་སམ་བྷོ་ཊ་གཙོ་བྱས་པའི་བོད་ཕྲུག་མཛངས་པ་བཅུ་དྲུག་རྒྱ་གར་དུ་སློབ་གཉེར་བྱེད་པར་བཏང་སྟེ། བོད་ཀྱི་ཡི་གེ་སྒོ་ཀུན་ནས་གསར་བཅོས་གནང་སྟེ་བོད་ཁམས་ཡོངས་ལ་སྤྱོད་བདེ་བའི་གཅིག་གྱུར་གྱི་སྐད་ཡིག་བཟོས་པ་དང་། བློ་རིག་གསལ་བའི་གཞོན་ནུ་མང་པོ་རྒྱ་ནག་གི་རིག་གནས་སྦྱོང་བར་མངགས་པ་སོགས་ཐབས་ལམ་མང་པོ་སྤྱད་ནས། ནང་བསྟན་ཆོས་གཞུང་བོད་དུ་འགྱུར་བར་རྨང་གཞི་བརྟན་པོར་བཏིང་། སྐབས་དེར་ལོ་ཙཱ་གནང་བའི་ཚུལ་ནི་རྒྱ་བལ་མཁས་པ་དུ་མ་སྤྱན་དྲངས་ཏེ། གསུང་རབ་དུ་མ་བསྒྱུར་ཅིང་དར་བར་མཛད། རྒྱ་གར་གྱི་སློབ་དཔོན་ཀུ་མ་ར་དང་བྲམ་ཟེ་ཤང་ཀ་ར་དང་། ཁ་ཆེ་ཏ་ནུ་དང་། བལ་པོ་ཤྲཱི་ལ་མཉྫ་དང་། རྒྱ་ནག་ཧ་ཤང་མ་ཧཱ་དེ་ཝ་རྣམས་བྱོན། ལོ་ཙཱ་བ་ཐོན་མི་སམ་བྷོ་ཊ་དང་། དེའི་མཆན་བུ་དྷ་རྨ་ཀོ་ཥ་དང་ལྷ་ལུང་རྡོ་རྗེ་དཔལ་སོགས་ཀྱིས་ཐུགས་རྗེ་ཆེན་པོའི་མདོ་རྒྱུད་ཉི་ཤུ་རྩ་གཅིག་གཙོ་བོ་བྱས་པའི་འདུས་པ་རིན་པོ་ཆེ་ཏོག་གི་གཟུངས། ཟླ་བ་སྒྲོན་མའི་མདོ། འཕགས་པ་དཀོན་མཆོག་སྤྲིན་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་སོགས་བསྒྱུར་བར་བྱས་ནས་སཾ་བོད་ལོ་ཙཱའི་སྒོ་འཕར་ཐོག་མར་ཕྱེས། སྐབས་དེར་ཐ་སྙད་གཅིག་གྱུར་དང་འགྱུར་སྤུས་དག་ཀྱང་དེ་འདྲ་ཚད་ལྡན་མིན་པ་སོགས་ཀྱི་སྣང་ཚུལ་བདོག་པ་གོར་མ་ཆག་པས་དེའི་ཕྱིར། སྐབས་འདི་ནི་ནང་བསྟན་ཆོས་གཞུང་ལོ་ཙཱའི་རྟོག་ཞིབ་ཀྱི་དུས་རིམ་ཡིན་པ་ལས་ད་དུང་འཐུས་སྒོ་ཚང་ཞིང་ཚད་དང་ལྡན་པའི་གཞུང་ལུགས་ཅན་གྱི་ཆུ་ཚད་དུ་སླེབས་ཐུབ་མེད། དུས་རབས་བརྒྱད་པའི་དུས་དཀྱིལ་དུ་བཙན་པོ་ཁྲི་སྲོང་ལྡེ་བཙན་རྒྱལ་སྲིད་ལ་མངའ་གསོལ་མཛད་ཀྱང་། བཙན་པོ་སྐུ་ན་ཕྲ་བ་དང་སྐབས་དེར་བོན་པོའི་སྟོབས་ཤུགས་ཆེ་བའི་དབང་གིས་བོན་པོ་རྣམས་ཀྱིས་ཐབས་ཤེས་སྣ་ཚོགས་སྤྱད་ནས་ནང་བསྟན་གྱི་མགོ་གནོན་པར་བརྩམས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྲིད་དབང་ཡོངས་སུ་ཟིན་རྗེས་ནང་བསྟན་ཆོས་ལུགས་དར་སྤེལ་གཏོང་འགོ་བརྩམས་ཏེ། སྦ་གསལ་སྣང་མངགས་ནས་སྔ་རྗེས་སུ་མཁན་པོ་ཞི་བ་འཚོ་དང་སློབ་དཔོན་པད་མ་འབྱུང་གནས་གདན་དྲངས། སྤྱི་ལོ་བདུན་བརྒྱ་དྲུག་ཅུ་རེ་གཉིས་ལོར་མཁན་སློབ་ཆོས་གསུམ་ལྷན་འཛོམས་བྱུང་ནས་བོད་ཀྱི་དགོན་པ་ཐོག་མ་སྟེ་བསམ་ཡས་སྤྲུལ་པའི་གཙུག་ལག་ཁང་ཆེན་མོ་བཞེངས་ཤིང་། བོད་ཀྱི་དགེ་སློང་གི་ཐོག་མ་སད་མི་བདུན་རབ་ཏུ་བྱུང་། སྐབས་འདི་ནས་བཟུང་བོད་ཀྱི་ལོ་ཙཱའི་འཕྲིན་ལས་དུས་རིམ་གསར་པ་ཞིག་ཏུ་ཁ་ལོ་བསྒྱུར་བར་བརྟེན། བསམ་ཡས་གཙུག་ལག་ཁང་ཕྱག་བཏབ་ནས་བོད་ཀྱི་དགེ་སློང་གི་ཐོག་མ་བྱུང་བ་འདིས་ནང་བསྟན་ཆོས་ལུགས་བོད་ཀྱི་སྤྱི་ཚོགས་སྟེང་དངོས་སུ་རྐང་ཚུགས་པ་མཚོན་ཞིང་།   ཡུལ་གྲུ་འདི་ནས་ནང་བསྟན་གཞུང་ལུགས་སྔར་ལས་གཞི་ཁྱོན་ཆེ་བའི་ལོ་ཙཱ་དང་དར་སྤེལ་གཏོང་བར་རྨང་གཞི་བརྟན་པོར་བཏིང་། བསམ་ཡས་སྒྲ་སྒྱུར་གླིང་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་སྒྲ་སྒྱུར་ཁང་ཐོག་མ་ཡིན་པར་མ་ཟད། དེས་བོད་བརྒྱུད་ནང་བསྟན་དགོན་པའི་སློབ་གསོ་དར་སྤེལ་གཏོང་བར་སྲ་ཞིང་བརྟན་པོའི་རྨང་གཞི་བཏིང་ཡོད། དགེ་སློང་གི་སྡེ་རིམ་བཞིན་རྒྱ་བསྐྱེད་པ་དང་ནང་བསྟན་ཆོས་གཞུང་སྦྱོང་བའི་དགོས་མཁོ་དངོས་དང་བསྟུན་ནང་བསྟན་པའི་ཆོས་གཞུང་ལོ་ཙཱར་སྔར་མེད་ཀྱི་འཕེལ་རྒྱས་བྱུང་། བོད་ཀྱི་ཆོས་ལུགས་ལོ་རྒྱུས་མདོར་བསྡུས་ལས། བསམ་ཡས་གཙུག་ལག་ཁང་བཞེངས་རྗེས། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྔར་བཞིན་རྒྱ་གར་དུ་མི་བཏང་ནས་སངས་རྒྱས་ཆོས་ལུགས་ཀྱི་སློབ་དཔོན་མང་པོ་གདན་དྲངས་པ་དང་ཆབས་ཅིག་ད་དུང་བོད་མི་སྐོར་ཞིག་རྒྱ་གར་དུ་སློབ་གཉེར་བྱེད་པར་མངགས། འདི་ཚང་མ་ནང་བསྟན་ཆོས་གཞུང་ལོ་ཙཱ་དང་དར་སྤེལ་གཏོང་བར་ཐད་ཀར་འབྲེལ་བ་ཡོད། རྒྱ་གར་ནས་གདན་དྲངས་པའི་མཁན་པོའི་ཁྲོད་དུ་སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས། ཁ་ཆེའི་ཨཱ་ནནྡ་སོགས་ཡོད། ཁོང་ཚོའི་འཕྲིན་ལས་གཙོ་བོ་ནི་ནང་བསྟན་ཆོས་གཞུང་ལོ་ཙཱ་བྱ་རྒྱུ་དེ་ཡིན་ཞེས་བཙན་པོ་འདི་ཉིད་ཀྱི་སྐུ་རིང་ལ་སྒྲ་སྒྱུར་རྒྱ་གར་གླིང་ཞེས་བཙུགས་ནས། རྒྱ་གར་དང་། ཁ་ཆེ། རྒྱ་ནག་བལ་པོ་སོགས་ཕྱོགས་བཞིའི་ལོ་པཎ་གདན་དྲངས་ཏེ་གཞི་རྒྱ་ཆེ་བའི་སྒོ་ནས་ནང་བསྟན་ཆོས་གཞུང་ལོ་ཙཱ་མཛད་ཅིང་། ཕྱི་ནས་ལོ་ཙཱའི་གླིང་དུ་གདན་དྲངས་པའི་བོ་དྷི་ས་ཏྭ་དང་། ཀ་མ་ལ་ཤི་ལ། བི་མ་ལ་མི་ཏྲ། པདྨ་འབྱུང་གནས། སངས་རྒྱས་གསང་བ། ཛི་ན་མི་ཏྲ་སོགས་ཡོད་པ་ལས་གཞན་ད་དུང་བོད་རང་གི་སད་མི་བདུན་སོགས་བསྐྱངས་ཡོད་ལ། སད་མི་བདུན་གྱིས་སྐ་བ་དཔལ་བརྩེགས་སོགས་ལོ་ཙཱ་བ་བརྒྱ་དང་བརྒྱད་གསོ་སྐྱོང་མཛད་པ་དང་དེ་དག་གིས་ཀླུའི་རྒྱལ་མཚན་སོགས་ལོ་ཙཱ་བ་མང་དུ་གསོ་སྐྱོང་མཛད། སྐབས་འདིར་བྱུང་བའི་ལོ་ཙཱ་བ་ཆིག་སྟོང་ལྷག་ལས་ཆེས་སྙན་གྲགས་ལྡན་པ་ནི་ལོ་ཙཱ་བ་རྒན་དར་གཞོན་གསུམ་སྟེ་བཻ་རོ་ཙ་ན་དང་། ལྡན་མ་རྩེ་མང་། ཨཱ་ནནྡ། ཀུ་མ་ར་ཏ། འཁོན་ཀླུའི་དབང་པོ། རྨ་རིན་ཆེན་མཆོག  སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་སོགས་ཡིན། བུ་སྟོན་རིན་ཆེན་གྲུབ་ལྟར་ན། དེར་སྐབས་ཕྱི་ནས་འོང་བའི་པཎྜིཏ་ཆེན་པོ་དགུ་དང་པཎྜིཏ་དགུ་ཅུ་གཉིས་ལྷག་ཡོད་ཅིང་། ཇོ་བོ་ཨ་ཏི་ཤའི་ཡར་སྔོན་དུ་བོད་ལ་ཕེབས་པའི་པཎྜིཏ་སུམ་ཅུ་ལྷག་ཡོད་སྐད། སྐབས་དེར་ལོ་ཙཱ་བྱས་པའི་གནས་ཚུལ་བཀའ་ཐང་སྡེ་ལྔ་ལས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐུ་རིང་ལ། ། ལོ་ཙཱ་པ་གོར་བཻ་རོ་ཙ་ན་བྱོན། །རྒྱ་གར་ཐེག་ཆེན་དམ་ཆོས་བོད་དུ་བསྒྱུར། །ཟ་ཧོར་ཡུལ་ན་མཁས་པར་གྲགས་པ་ཡི། །བོ་དྷི་སཏྭ་བོད་དུ་གདན་དྲངས་ནས། །ལོ་ཙཱ་མཁས་པ་སྐ་བ་དཔལ་བརྩེགས་ཀྱིས། ། མཁན་པོ་བོ་དྷི་ས་ཏྭའི་གསུང་བགྲོས་བསྒྱུར། །རྒྱ་ནག་ཡུལ་ན་མཁས་པར་གྲགས་པ་ཡི། །ཧྭ་ཤང་མ་ཧཱ་ཡ་ན་གདན་དྲངས་ནས། །རྒྱ་ནག་སྨན་དང་འབྱུང་བའི་རྩིས་ལ་སོགས། །ལོ་ཙཱ་སྣ་ནམ་ས་ལ་བཙུན་གྱིས་བསྒྱུར། །ཨུ་རྒྱན་ཡུལ་དུ་མཁས་པར་གྲགས་པ་ཡི། །པད་མ་འབྱུང་གནས་བོད་དུ་གདན་དྲངས་ནས། །གསང་སྔགས་ཟབ་མོ་བདེ་གཤེགས་འདུས་པའི་ཆོས། །མན་ངག་ཟབ་མོ་དཔག་མེད་གསུངས་པ་རྣམས། །ལོ་ཙཱ་ཆེན་པོ་བཻ་རོ་ཙ་ན་དང་། །ལོ་ཙཱ་ཆེན་པོ་ལྡན་མ་རྩེ་མང་གིས། །སྒྲ་སྒྱུར་རྒྱ་གར་གླིང་དུ་བསྒྱུར་ཅིང་བཀོད། །རྒྱ་གར་ཡུལ་ན་ཆེ་ཞིང་མཁས་པ་ཡི། །པཎ་ཆེན་བི་མཱ་མི་ཏྲ་གདན་དྲངས་ནས། ། ལོ་ཙཱ་ཅོག་རོ་ཀླུ་ཡི་རྒྱལ་མཚན་དང་། །སྐད་སྣ་བདུན་ལ་མཁས་པར་སྦྱངས་པ་ནི། །གནུབས་ཀྱི་ལོ་ཙཱ་སངས་རྒྱས་ཡེ་ཤེས་ཀྱིས། །རྒྱ་གར་མཁས་པའི་དམ་ཆོས་བོད་དུ་བསྒྱུར། །གཞན་ཡང་སློབ་དཔོན་པད་མའི་ཞལ་སྔ་ནས། །ལོ་ཙཱ་གནུབས་བན་ནམ་མཁའི་སྙིང་པོ་དང་། ། ལོ་ཙཱ་ཡེ་ཤེས་ཛྙཱ་ན་ཀུ་མཱ་ར། །ལོ་ཙཱ་རིན་ཆེན་མཆོག་ལ་སོགས་པ་ཡིས། ། གསང་སྔགས་དོན་དམ་འབྲས་བུའི་དམ་ཆོས་བསྒྱུར། །ཞེས་གསུངས་པ་ལྟར་ཡིན། དེ་ལྟར་བཙན་པོས་ཐད་ཀར་རྒྱབ་སྐྱོར་གནང་བར་བརྟེན། ནང་བསྟན་ཆོས་གཞུང་བགྲང་ལས་འདས་པ་ལོ་ཙཱ་བྱས་པ་ལས་གཞན་ད་དུང་རྩོམ་རིག་དང་། སྨན་དཔྱད། སྐར་རྩིས་སོགས་ཀྱི་བརྩམས་ཆོས་ཀྱང་མི་ཉུང་བ་ཞིག་ལོ་ཙཱ་བྱས་པས། རང་རེའི་བོད་ཀྱིས་ནང་བསྟན་ཆོས་ལུགས་ནང་འདྲེན་བྱེད་པ་དང་ཆབས་ཅིག་ཚན་རྩལ་དང་རིག་གནས་གཞན་དག་ཀྱང་ནང་འདྲེན་བྱས། སྐབས་འདིར་སྲོང་བཙན་སྒམ་པོ་ནས་ཁྲི་སྲོང་ལྡེ་བཙན་རིང་གི་འགྱུར་ཡིག་རྣམས་ལས་ཆོས་ཀྱི་སྐད་བོད་ལ་མ་གྲགས་པ་མིང་དུ་བཏགས་པ་དག་སཾ་བོད་ཤན་སྦྱར་དུ་བསྒྲིགས་ནས་བྱེ་བྲག་རྟོགས་བྱེད་ཆེན་མོ་ཞེས་པ་འདི་བྱུང་ཞིང་། འདི་ནི་རང་རེ་བོད་ཀྱི་ལོ་རྒྱུས་ཐོག་ཆེས་ཐོག་མར་བྱུང་བའི་སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་ཆེན་པོ་ཞིག་ཡིན། བཀས་བཅད་འདི་བརྒྱུད་ནས་སྔར་གྱི་འགྱུར་ཡིག་གི་ཐ་སྙད་གཅིག་གྱུར་མིན་པ་དང་དོན་གོ་དཀའ་བའི་གནད་རྣམས་ཐག་བཅད་མཛད་པས། བོད་ཀྱི་ནང་བསྟན་ཆོས་གཞུང་གི་ལོ་ཙཱ་དེ་ཆེས་དར་རྒྱས་ཆེ་བའི་དུས་རིམ་དུ་སླེབས་ཡོད་པར་མཚོན་ཐུབ། །    འདིར་མཐའ་དཔྱད་ཀྱི་ཚུལ་དུ་གོང་གི་དོན་དེ་དག་ཅུང་ཟད་ཅིག་སྐྱར་དུ་ཞུས་ན།   གུ་བཀྲའི་ཆོས་འབྱུང་དུ། སྲོང་བཙན་སྒམ་པོའི་དུས་འཕྲུལ་བློན་མཛངས་མི་བཞི་པ་ཐོན་མི་སམ་བྷོ་ཊ་བྱུང་སྟེ། དེ་ཡན་ཆད་བོད་ན་ཡི་གེ་དང་ཆོས་ཀྱི་ཉན་བཤད་མི་ཤེས་པར་ཆོས་བློན་འདིས་བོད་ཡིག་ཀ་ཁ་འབྲུ་སུམ་ཅུ་ལ་སོགས་པའི་ཡི་གེའི་གཟུགས་དང་བརྡ་སྤྲོད་པའི་བསྟན་བཅོས་བརྩམས། ཆོས་སྒྱུར་བའི་སྲོལ་བཏོད། ཅེས་གསུངས་ལ། སྲོལ་བཏོད་པ་ལས་བསྒྱུར་བྱའི་ཆོས་ཀྱི་རྣམ་གྲངས་བཀོད་མེད། ཡང་དཔའ་བོ་གཙུག་ལག་ཕྲེང་བ་རང་གི་གསུང་དུའང་། ཡང་རྒྱལ་པོས་ཐོན་མི་ལ་ཐུགས་དམ་གཉན་པོ་གསང་བ་དེར་ཅི་འདུག་ཀློགས་དང་གསུངས་པས་པང་ཀོང་ཕྱག་བརྒྱ་པ་དང་མདོ་སྡེ་ཟ་མ་ཏོག་བྱུང་སྐད། ལ་ལ་ནས་ཙིནྡ་མ་ཎིའི་གཟུངས། ཟ་མ་ཏོག །པང་ཀོང་མདོ་སྡེ་ལས་རྣམ་འབྱེད་དེ་བཞི་བྱུང་ཞེས་ཀྱང་སྣང་། ཞེས་ཐོན་མིས་བཙན་པོའི་བཀའ་བཞིན་སྔོན་ཡབ་མེས་རིང་གི་ཐུགས་དམ་གཉན་པོ་གསང་བ་གཟིགས་པས་གོང་གསལ་མདོ་སྡེ་རྣམས་བྱུང་བ་མ་གཏོགས། མདོ་རྒྱུད་ཉེར་གཅིག་གི་སྐོར་སྐབས་འདིར་གླེངས་མི་འདུག །བཙན་པོས་གཉན་པོ་གསང་བ་ལ་ཅི་འདུག་ཐོན་མིར་ཀློགས་གསུངས་པ་ལ་དཔགས་ན་སྐབས་དེར་ཐོག་མར་ངག་བསྒྱུར་གྱི་ལམ་ནས་དམ་ཆོས་དར་བའི་སྲོལ་བཙུགས་པ་ཡིན་འདུག་སྙམ། གོང་ཞུས་ཆོས་འབྱུང་མང་ཆེ་བར་དཔང་སྐོང་ཕྱག་བརྒྱ་པ་དང་མདོ་སྡེ་ཟ་མ་ཏོག་གཉིས་ཞལ་མཚུངས་སུ་ཐོན་མིས་བསྒྱུར་བར་བཞེད་ཅིང་། སྒོས་སུ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་སྤྱི་ལོ་ཆིག་སྟོང་བདུན་བརྒྱ་ནས་ཆིག་སྟོང་བདུན་བརྒྱ་དོན་བཞི་ ལོར་མཛད་པའི་སྡེ་དགེའི་བཀའ་འགྱུར་དཀར་ཆག་ཏུའང་འཁོད་ཡོད་པ་ལ། དཔང་སྐོང་ཕྱག་བརྒྱ་པ་ཐུ་མི་སམ་བྷོ་ཊའི་འགྱུར།   ཞེས་དཀར་ཆག་ཏུ་ཐོན་མིའི་མཚན་དངོས་སུ་བཀོད་གནང་འདུག་མོད། འོན་ཏེ་བཀའ་འགྱུར་དཔར་ཁག་རྣམས་ཀྱི་འགྱུར་བྱང་དུ་ཐོན་མིའི་མཚན་བཀོད་ཡོད་པ་གཅིག་ཀྱང་མི་འདུག་ལ། སྡེ་དགེ་བཀའ་འགྱུར་རང་གི་མཇུག་བྱང་དུའང་དཔང་སྐོང་ཕྱག་བརྒྱ་པ་རྫོགས་སོ། །བོད་དུ་དམ་པའི་ཆོས་འབྱུང་བའི་སྔ་ལྟས་སུ་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་སྐུ་རིང་ལ་ཕོ་བྲང་ཡུམ་བུ་བླ་མཁར་དུ་ནམ་མཁའ་ལས་བབས་པའི་རྟེན་གསུམ་རྣམས་མི་རབས་ལྔ་ལ་འདིའི་དོན་ཤེས་པ་འོང་ཞེས་རྨི་ལམ་དུ་ལུང་བསྟན་ཏེ་ཆོས་ཀྱི་དབུ་བརྙེས་སོ། །སྐབས་དེར་བྱུང་བའི་བོད་ཀྱི་ལོ་ཙཱ་བ་གྲགས་ཆེན་ནི་རྒན་དར་གཞོན་གསུམ་མམ་རབ་འབྲིང་ཐ་གསུམ་དུ་འབོད་པའི་བེེ་རོ་ཙ་ན་དང་ལྡན་མ་རྩེ་མང་། ཁ་ཆེ་ཨནནྟ་གསུམ་ནི་རྒན་གསུམ་དང་། གཉག་ཡེ་ཤེས་གཞོན་ནུ། འཁོན་ཀླུའི་དབང་པོ། རྨ་རིན་ཆེན་མཆོག་གསུམ་ནི་དར་མའམ་འབྲིང་གསུམ་དང་། ཀ་བ་དཔལ་བརྩེགས་དང་ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་སྟེ་ཡོངས་གྲགས་ཀྱི་ཀ་ཅོག་ཞང་གསུམ་ནི་གཞོན་གསུམ་དུ་བགྲང་བ་ཡིན་ལ།  དེར་རྒན་དར་གཞོན་གསུམ་དུ་ཕྱེ་བ་ནི་ལོ་ཙྭ་བའི་ལོ་ཚད་ཀྱི་ཆེ་ཆུང་ཙམ་སྟོན་པ་མ་ཡིན་ཏེ།  དེ་ནི་ལོ་ཙྭ་བ་ཞེས་འཇིག་རྟེན་མིག་ཏུ་གྲགས་པའི་མཁས་པའི་ཡོན་ཚད་མཚོན་བྱེད་དེ་དེང་སང་གི་ཆེད་ལས་མཁས་པའི་མིང་རྟགས་དང་གོ་གནས་མཐོ་དམན་ལ་ཟེར་བ་དང་མཚུངས་པས། དེ་དག་གི་ལས་འགན་ཡང་རབ་ཀྱིས་ཞུས་ཆེན་དང་འབྲིང་གིས་བར་ཞུས།  ཐ་མས་མཆན་བུའི་ལོ་ཙྭ་བཅས་བྱས་པའི་ཕྱིར་རོ། །མདོར་ན་བཙན་པོ་ཁྲི་སྲོང་ལྡེ་བཙན་རིང་རྒྱ་གར་དང་།  རྒྱ་ནག །  ཟ་ཧོར།  ཨུ་རྒྱན།  ཁ་ཆེ་དང་ལི་ཡུལ་སོགས་ནས་མཁས་པ་པཎྜི་ཏ་དང་སློབ་དཔོན་མང་དུ་གདན་དྲངས་རྗེས།   བོད་རང་ལ་རབ་བྱུང་གི་སྡེ་བཙུགས་ནས་སྐད་གཉིས་སྨྲ་བའི་ལོ་ཙྭ་བ་མཁས་པ་མང་པོ་བྱོན་ཏེ།  དམ་པའི་ཆོས་མང་པོ་སྐད་རིགས་གཞན་པ་ལས་བོད་སྐད་དུ་བསྒྱུར་བར་མ་ཟད།   བཙན་པོ་འདིའི་སྐུ་རིང་ལ་མཁས་པ་ཞི་བ་འཚོ་དང་།  སྦ་ཡེ་ཤེས་དབང་པོ།  ཞང་རྒྱལ་གཉེན་ཉ་བཟང་།  བློན་ཁྲི་བཞེར་སང་ཤི་དང་།  ལོ་ཙྭ་བ་སྣ་ནམ་ཞང་ཡེ་ཤེས་སྡེ་དང།  ལྕེ་ཁྱི་འབྲུག་དང་།  ཁ་ཆེ་ཨནནྟའམ་བྲམ་ཟེ་དགའ་བ་(ཞི་བ་འཚོའི་སྐད་བསྒྱུར་པ་ཡིན་བཅས་ཀྱིས་མདོ་སྡེ་བསྒྱུར་ཏེ་བོད་ཀྱི་ལོ་རྒྱུས་སྟེང་དམ་ཆོས་བསྒྱུར་བའི་བཀས་བཅད་དང་པོའམ་ཡིག་བསྒྱུར་རྩ་དོན་ཐོག་མར་ཚད་ལྡན་ཅན་དུ་གཏན་ལ་ཕབ་པ་ཡིན་ཞིང་།  ཚུལ་དེའང་སྒྲ་སྦྱོར་བམ་གཉིས་སུ། སྔོན་ལྷ་སྲས་ཡབ་ཀྱི་སྤྱན་སྔར་མཁན་པོ་དང་ལོ་ཙྭ་བ་མཁས་པ་འཚོགས་པས།  དྷརྨ་དཀོན་མཆོག་སྤྲིན་དང་ལང་ཀར་གཤེགས་པ་བསྒྱུར་ཏེ། གཏན་ལ་ཕབ་པའི་ལུགས་བཞིན་དུ་སྒྱུར་ཅིག ཅེས་བཀོད་པ་བཞིན་ཕྱིས་སུ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་བཀས་བཅད་གཉིས་པ་མཛད་སྐབས།  སྔར་ཡབ་ཀྱི་རིང་ལ་གཏན་ལ་ཕབ་པའི་ལུགས་བཞིན་གསར་སྣོན་དང་ཚད་ལྡན་ཇེ་རྒྱས་སུ་བཏང་བ་ཡིན་འདུག་གོ །སྐབས་དེ་དག་ལ་ད་དུང་འཆད་ཉན་གྱིས་དར་སྤེལ་དང་སྒོམ་སྒྲུབ་ཀྱིས་ཉམས་ལེན་མཛད་པའི་སྐྱེས་བུ་མང་དུ་བྱོན་ཡོད་པ་ཡིན་ལ། དེ་ལས་བཅོམ་ལྡན་འདས་ཀྱི་རིང་ལུགས་པ་སྟེ་མཁན་པོ་དང་། མཆིམས་ཕུའི་བྲག་ལ་བཞུགས་པའི་སྒོམ་ཆེན་ཉེར་ལྔ། ཆོས་གྲྭའི་སློབ་དཔོན་དུ་བསྐོས་པ་བཅུ་གསུམ། སློབ་གཉེར་པ་ཉེར་ལྔ་དང་མཚམས་ཀྱི་བནྡེ་རང་ག་མ་བཅས་ལ་བཙན་པོས་འཚོ་བ་བླ་ནས་སྦྱར་བ་དང་། དེ་དག་ལ་འབངས་མི་ཁྱིམ་གཏན་འཇགས་བཅད་པས། དེ་ནས་བཟུང་རིམ་གྱིས་བོད་ཀྱི་དགོན་སྡེ་ལ་ལྷ་རིས་ལྷ་འབངས་གཅོད་པའི་སྲོལ་བྱུང་བ་ཡིན་ནོ། །  བཙན་པོ་ཁྲི་སྲོང་ལྡེ་བཙན་ལ་སྲས་བཞི་འཁྲུངས་པ་ཐོག་མར་མུ་ནེ་བཙན་པོ་རྒྱལ་སྲིད་ལ་བསྐོས་ཀྱང་སྐུ་ཚེ་ཡུན་རིང་མ་བཞུགས། དེ་ནས་སྲས་མུ་ཏིག་བཙན་པོའམ་ཡོངས་གྲགས་སུ་སད་ན་ལེགས་མཇིང་ཡོན་ཞུ་བ་མཚན་དངོས་ཁྲི་ལྡེ་སྲོང་བཙན་བྱ་བ་རྒྱལ་སར་བསྐོས། སྤྱིར་བཙན་པོ་འདིས་བོད་ཀྱི་ལོ་རྒྱུས་སྟེང་ཆོས་སྲིད་གཉིས་ཀར་མཛད་རྗེས་ཆེ་ཞིང་བོད་ཀྱི་བཙན་པོ་སྐྱིད་པའི་གདུང་རབས་ལྔར་གྲགས་པའི་གྲས་ཡིན་མོད། འོན་ཏེ་བུ་སྟོན་ཆོས་འབྱུང་གཙོ་བྱས་པའི་ཕྱིས་ཀྱི་རྒྱལ་དབང་ལྔ་པ་ཆེན་མོ་སོགས་ཀྱིས་ཡབ་སྲས་གཉིས་ཀྱི་མཚན་བསྲེས་ཏེ་བཙན་པོ་འདི་ཡིས་མཛད་རྗེས་ཟུར་ཙམ་ལས་གླེངས་མེད་ལ། ཆོས་སྲིད་ཀྱི་མཛད་པ་མང་པོ་ཞིག་སྲས་ཁྲི་གཙུག་ལྡེ་བཙན་པོ་རལ་པ་ཅན་གྱི་སྟེང་དུ་སྦྱར་འདུག །བུ་སྟོན་ཆོས་འབྱུང་དུ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སོང་རྗེས། དེའི་སྲས་མུ་ནེ་བཙན་པོས་དེ་ནས་གཅུང་ཁྲི་ལྡེ་བཙན་པོ་ལོ་བཞི་པ་ལ་རྒྱལ་སྲིད་གཏད་པས་སད་ན་ལེགས་ཞེས་གྲགས་ཏེ་དེས་སྐར་ཆུང་རྒྱལ་སྡེ་བཞེངས། ཆོས་སྲོལ་ཆེར་མཛད་དོ། །ཞེས་བཙན་པོའི་མཚན་ཆ་ཤས་ཁྲི་ལྡེ་བཙན་པོ་ཞེས་མཛད་རྗེས་ཚིག་ཟུར་ཙམ་ལས་བཀོད་མེད་ལ། དེའི་འཕྲོར་ཡབ་སྲས་མིང་བསྲེས་ཏེ་དེ་ལ་སྲས་ལྔ་འཁྲུངས་ཏེ་ཁྲི་ལྡེ་སྲོང་བཙན་རལ་པ་ཅན་ཞེས་བཀོད་རྗེས། སྒྲ་སྦྱོར་བམ་གཉིས་ཁྲི་རལ་པའི་སྐབས་བྱུང་བ་གཞིར་བཞག་གནང་སྟེ་སྒྲ་སྦྱོར་བམ་གཉིས་ཀྱི་གླེང་གཞིའི་ཚིག་རྣམས་བར་འདིར་བཅུག་འདུག །འོན་ཀྱང་དེ་ཡང་སྔ་རབས་མཁས་པ་ཐམས་ཅད་ཀྱི་བཞེད་པ་མ་ཡིན་ཏེ། ཆོས་འབྱུང་མཁས་པའི་དགའ་སྟོན་དུ།  དེ་ནས་ཁྲི་ལྡེ་སྲོང་བཙན་རྒྱལ་སར་བསྐོས། །འཇིང་ཡོན་སད་ན་ལེགས་ཞེས་མཚན་དུ་གྲགས། །དཀར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཞེངས། །ལོ་པཎ་མང་མཆོད་དམ་ཆོས་དུ་མ་བསྒྱུར། །ནམ་ཡང་སངས་རྒྱས་བསྟན་པ་མི་བཞིག་པར། །བྲོ་བོར་བ་ཡི་བཀའ་གཙིགས་ཡང་ཡང་བསྩལ། །ལོ་གྲངས་སུམ་ཅུ་རྩ་གཉིས་སྲིད་བསྐྱངས་ཏེ། །དགུང་ལོ་ང་བཞི་པ་ལ་སྦྲགས་ཕུར་འདས། །ཞེས་གསལ་པོར་བཀོད་པར་མ་ཟད། བཙན་པོ་འདིའི་རིང་གི་བཀའ་གཙིགས་ཀྱི་ཡི་གེ་རྣམས་ཁ་ཚང་རང་གི་ཆོས་འབྱུང་ནང་དུ་དྲངས་འདུག །ཅེས་པ་ནི་ལས་ཀའི་ཞོར་བྲིས་པའོ།།

            


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1