༄༅།།དཀར་མཛེས་སྡེ་མགོན་ཁང་།

དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-15


མདོ་ཁམས་ཏྲེ་ཤོད་སྡེ་མགོན་ཁང་ནི་དེང་དུས་དཀར་མཛེས་ཁུལ་ནས་སྤྱི་ལེ་ལྔ་བརྒྱ་ང་དྲུག་ཆོད་པའི་སའི་ཆར་གཏོགས་དཀར་མཛེས་རྫོང་སྲིད་གཞུང་གི་ལྟེ་གནས་སུ་བཞེངས་ཡོད་ལ། སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་མོང་གོར་ཧོར་ཇིང་གིར་ཧན་གནམ་གྱི་རྒྱལ་པོའི་བོད་རབ་བྱུང་བཞི་པའི་ལྕགས་བྱི་སྟེ་སྤྱི་ལོ་༡༢༤༠་ལོར་ཧོར་དོར་རྟ་ནག་པོའི་དམག་དཔུང་མདོ་སྨད་བརྒྱུད་ནས་དབུས་གཙང་དུ་བསླེབས་པ་ན།   རང་སྟོབས་ཀྱིས་མགོ་འདོགས་ཞུས་ནས་སྣེ་ལེན་བྱེད་མཁན་དག་ལ་གནོད་འཚེ་མ་བྱས་པར་རང་སྡེ་རང་འཇགས་སུ་འགོ་འཛིན་བྱེད་དུ་འཇུག་པ་དང་།   འགོག་རྒོལ་བྱེད་པ་རྣམས་དྲག་གནོན་བྱས་ཏེ་མགོ་འདོགས་མ་ཞུས་བར་མནར་གཅོད་དང་ཚེ་སྲོག་གི་བཏང་ལེན་འཇལ་དགོས་པ་བྱུང་བའི་སྐབས་དེར།   འབྲི་གུང་པའི་ཉེ་གནས་སྒོམ་པ་ཤཱཀྱ་རིན་ཆེན་གྱིས་ཧོར་དམག་འགོག་གྲབས་བྱས་ཀྱང་།   ཧོར་དམག་གིས་བཟུང་ནས་སྲོག་ལ་ཐུག་པ་དང་ཉེ་བར་ན།  འབྲི་གུང་སྤྱན་སྔ་རིན་པོ་ཆེ་དན་ཐང་དུ་ཕེབས་ནས་ཧོར་དམག་ལ་སྣེ་ལེན་གང་ལེགས་བྱས་ནས་བཀའ་མོལ་ཅི་རིགས་གནང་བ་དང་བསྟུན་དམག་དཔོན་དོར་རྟ་ནག་པོས་ཁྱེད་བཟང་པོར་འདུག་ཟེར་ནས་ཕྱག་ཀྱང་འཚལ་བར་གྲགས།   སྒོམ་པ་ཤཱཀྱ་རིན་ཆེན་ཡང་ཚེ་ཐར་བྱས་ནས་འབྲི་གུང་སྤྱན་སྔ་བ་ལ་ཕུལ་བར་བཤད།    དེ་ནས་ཤར་ཀོང་པོའི་ཡུལ་མན་ཆད་དང་ནུབ་བལ་པོ།  ལྷོ་མོན་ཚུན་ཆད་བོད་བཙན་པོའི་མཁར་རྣམས་བསྒྱེལ་བར་བྱས་ཏེ་ ཕལ་ཆེར་ཧོར་སོག་གི་མངའ་འོག་ཏུ་བླངས།   གོང་མ་གནམ་གྱི་རྒྱལ་པོའི་བཀའ་ལས་མདའ་མི་རུང་བའི་རྒྱལ་ཁྲིམས་ཀྱིས་གཉའ་བར་མནན།     སེར་ཆེན་རྒྱལ་པོའི་ཡོངས་གྲགས་ཀྱི་མི་ཞིག་སྤྱན་འདྲེན་དགོས་སྙམ་པ་ཐུགས་ལ་བཏགས་པ་ལྟར་ཕོ་བྲང་ཆེན་པོ་ནས་ཕོ་ཉ་བ་མངགས་པའི་ལོ་རྒྱུས་ནི།  དེ་ཡང་མཁས་དབང་ཐུབ་བསྟན་ཕུན་ཚོགས་ཀྱིས་པདྨ་རཱ་གའི་སྡེ་མིག་ལས། བོད་མཐའ་འཁོབ་ཀྱི་རྒྱལ་ཁམས་ན།    དགེ་འདུན་གྱི་སྡེ་ནི་བཀའ་གདམས་ཆེ།   ངོ་བསྲུང་ནི་སྟག་ལུང་ཆོས་རྗེ་མཁས།  གཟི་བརྗིད་ནི་འབྲི་གུང་སྤྱན་སྔ་ཆེ།  ཆོས་ནི་ས་སྐྱ་པཎྜི་ཏ་མཁས་པ་འདུག་པས་གང་སྤྱན་འདྲེན་ཞུ་ཞེས་པས།   དེའི་ལན་དུ་ཚེ་འདིའི་དཔལ་འབྱོར་ཕུན་ཚོགས་མཐའ་དག་འཛམ་གླིང་འདི་ན་ཇིང་གིར་རྒྱལ་པོའི་ལུགས་བཞིན་སྤྱད་པ་ལས་ལྷག་པར་མ་མཆིས་པས།   ས་སྐྱ་པཎྜི་ཏ་སྤྱན་དྲོངས་ཤིག་ཅེས་པའི་བཀའ་ལུང་དང་།   དུས་མཚུངས་སུ་ས་སྐྱ་པཎྜི་ཏ་ལ་འཕྲིན་ཡིག་གནང་བ་གཤམ་གསལ།  ཚེ་རིང་གནམ་གྱི་ཤེད་མོང་ལ་བསོད་ནམས་ཆེན་པོའི་དཔལ་ལ་བརྟེན་ནས་རྒྱལ་པོ་ངེད་ཀྱི་ལུང་།   ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ལ་གོ་བ་བྱེད་པའི་གཏམ།  ངེད་ཕ་མ་དང་གནམ་སའི་དྲིན་ལན་འཇལ་བའི་ཕྱིར།   ལམ་གྱི་བླང་དོར་མ་ནོར་བར་སྟོན་ཤེས་པའི་བླ་མ་དམ་པ་བརྟགས་པར་བྱས་ཚེ་ཁྱེད་འདུག་པས།   ལམ་གྱི་དཀའ་ཚེགས་ལ་མ་བལྟས་པར་ཡོང་དགོས།   གལ་ཏེ་ན་སོ་རྒས་ཟེར་ན་སྔོན་ཐུབ་པའི་དབང་པོས་སེམས་ཅན་གྱི་དོན་དུ་ལུས་གྲངས་མེད་སྦྱིན་པར་གཏོང་བར་ཅི་ཙམ་ཁྱོད་ཀྱིས་ཆོས་གོ་བའི་དམ་བཅའ་དང་ཨེ་འགལ།   ངས་མཐའི་ཁྲིམས་ར་བླངས་ནས་དམག་དཔུང་ཆེན་པོའི་བདའ་འདེད་བྱས་ནས་སེམས་ཅན་མང་པོ་ལ་གནོད་པ་བྱས་པ་ལ་མི་སྐྲག་པ་ཨེ་ཡིན།   དེས་ན་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་མང་པོར་བསམ་ནས་ཁྱོད་འགྱོགས་པར་ཤོག   ཉི་མ་ནུབ་ཕྱོགས་ཀྱི་བནྡེ་རྣམས་ལ་ཁྱོད་ཤེས་སུ་འཇུག་པ་ཡིན།  གནང་སྦྱིན་ལ་དངུལ་བྲེ་ཆེན་ལྔ།   གོས་ཆེན་གྱི་གོས་མུ་ཏིག་གི་ཚོམ་བུ་ཅན་ལ་མུ་ཏིག་སྟོང་ཕྲག་དྲུག་དང་ཉིས་བརྒྱ།   གོས་ལུ་ཧང་གི་རིང་འགག   ལྷམ་འབོབ་དང་བཅས་པ།   ཁ་ཏི་ཁ་ཚང་མ་ཡུག་གཉིས།  ཐོན་ཏི་ཁ་ཚང་མ་ཡུག་གཉིས།   གོས་ཆེན་སྣ་ལྔ་ཡུག་ཉི་ཤུ་ཡོད།   འདིའི་ལོན་མ་རྡོར་སྲི་མགོན་དང་།  དབོན་ཇོ་དར་མ་གཉིས་བཏང་བ་ཡིན།   འབྲུག་ལོ་ཟླ་བ་བརྒྱད་པའི་གནམ་གོང་ནས་བྲིས།   ཞེས་གསུངས་པ་ལྟར།   ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་གོང་མའི་བཀའ་ལུང་རྡོ་རྗེ་སྤྱི་བོར་བསྩལ་བ་དེ་ཉིད་དང་དུ་བླངས་བར་བྱས་ཏེ།   སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་མེད་དུ་སྤེལ་བའི་བསླད་དང་།  བྱེ་བྲག་བོད་ཤིང་སྒོ་ཅན་གྱི་རྒྱལ་ཁམས་ཀུན་ལ་ཞི་བདེ་ཡོང་བའི་ཐུགས་སྨོན་དང་།   ཁྱད་པར་དུ་ཡོངས་འཛིན་དམ་པ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་ལུང་བསྟན་ལྟར་ས་ཐག་རིང་ཡང་འབྱོན་པའི་དམ་བཅའ་ཕུལ།   གདན་ས་ཆོས་གྲྭ་སྤྱིའི་འགན་འཛིན་པ་གྲོམ་པ་ཤཱཀྱ་བཟང་པོ་བསྐོ་བཞག་གནང་།  དེ་ཡང་འཕགས་ཡུལ་དྲི་མེད་དྷ་ན་ཀ་ཤའི་མཚོ་གླིང་ན་ཙན་དན་སྦྲུལ་གྱི་སྙིང་པོ་ལས་དཔལ་ལྡན་གུར་གྱི་མགོན་པོའི་སྐུ་རང་བྱོན་དུ་བྱུང་བ་དེ་ཉིད་ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱིས་གདན་དྲངས་ནས་པཎྜི་ཏ་དྷརྨ་པཱ་ལ་གནང་།  དུས་ཕྱིས་དྷརྨ་པཱ་ལ་བོད་དུ་དཔལ་འཁོར་ལོ་བདེ་མཆོག་གི་གནས་རི་གངས་ཏི་སེ་དང་།   མཚོ་མ་ཕམ་སོགས་སུ་གནས་མཇལ་དུ་བྱོན་པའི་དུས།   བོད་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་མཇལ་ཏེ་ཙནྡན་གྱི་གུར་མགོན་རང་བྱོན་དང་འདིའི་རྒྱུད་པའི་མན་ངག་སོགས་དང་།   གཞན་ཡང་བྱིན་རླབས་ཀྱི་རྟེན་ཁྱད་པར་ཅན་མོ་པོ་གནང་བར་གྲགས།   རིན་ཆེན་བཟང་པོས་ཀྱང་སྒྲ་བསྒྱུར་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ལ་གནང་།  བླ་མ་ས་སྐྱ་པ་ཆེན་པོའི་མར་པའི་མདུན་དགྱེས་རྡོར་དང་མཁའ་ནཱ་རོ་མཁའ་སྤྱོད་སོགས་ཞུས་ནས་བླ་མར་བསྟེན་པའི་སྐབས་མར་་པ་ལོ་ཙཱ་བས་གུར་མགོན་གྱི་སྒྲུབ་ཐབས་ཀྱི་སྐོར་ཡོངས་རྫོགས་རྗེས་གནང་སྐུ་རྟེན་དུ་བསེ་འབག་ནག་པོ་འཕུར་ཤེས་སུ་གྲགས་པ།  བྲམ་ཟེ་མཆོག་སྲེད་ཀྱི་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ།  དར་ནག་ཁ་གང་དང་ཙནྡན་གྱི་སྐུ་རང་བྱོན་དེ་དང་བཅས་དགྱེས་བཞིན་དུ་བླ་མ་ས་སྐྱ་བ་ཆེན་པོ་ལ་གནང་།  དེས་བསོད་ནམས་རྩེ་མོ་ལ་གནང་།  དེས་གྲགས་པ་རྒྱལ་མཚན་ལ་ཐུགས་དམ་གྱི་རྟེན་གཙོ་བོར་གནང་།   ཆོས་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཉེས་པ་གསུམ་གྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་ནས་བླ་མ་འཇམ་པའི་དབྱངས་མངོན་སུམ་དུ་གཟིགས།  རྒྱལ་བའི་མདོ་རྒྱུད་དུ་མའི་ལུང་དང་མན་ངག་དང་སྒྲུབ་ཐབས་སོགས་མཐའ་ཡས་པར་གསན།   རིག་པའི་གནས་ལྔ་ལ་མཁས་པའི་ཕུལ་དུ་ཕྱིན་པར་བྱུང་།  རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་དགོངས་པ་གཞན་དོན་དུ་གཤེགས་ཁར།   ཆོས་རྗེ་ས་པཎ་ལ་དུས་ནམ་ཞིག་གི་ཚེ་ན་སྐད་དང་མི་རིགས་མི་འདྲ་ཞིང་།  ཞྭ་ཁྲ་འཕུར་བ་འདྲ་བ་དང་།  ལྷམ་ཕག་སྣ་འདྲ་བ་གྱོན་མཁན་གྱི་ཡུལ་ཞིག་ན་ཁྱེད་གདན་འདྲེན་དུ་ཞུ་བར་ཡོང་བས།   དེའི་དུས་སུ་རྟེན་ཁྱད་པར་ཅན་འདི་དག་གདན་དྲངས་ནས་སོང་ན་བསྟན་པ་དང་འགྲོ་བའི་དོན་ལ་ཕན་ཐོགས་རྒྱ་ཆེན་པོ་འོང་ཞེས་ལུང་བསྟན་པ་ལྟར།   ཙནྡན་གྱི་མགོན་སྐུ་རང་བྱོན་འདི་ཉིད་ཀྱི་གཙོས་རྡོ་ནག་གི་རྣམ་སྣང་སྐུ་རང་བྱོན།  བྲམ་ཟེ་མཆོག་སྲེད་ཀྱི་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ སྲིད་ན་དཀོན་པའི་རྟེན་གཙོ་དུ་མར་གནང་།  སྐབས་དེར་རྟེན་ཁྱད་པར་ཅན་དེ་དག་བསྣམས་ནས་སྐུ་ཚ་འགྲོ་མགོན་ཆོས་འཕགས་དགུང་ལོ་བཅུ་སོན་པ་དང་།    ཕྱག་ན་རྡོ་རྗེ་དགུང་ལོ་དྲུག་ཏུ་སོན་པ་དེ་གཉིས་ཁྲིད་ནས་བོད་རབ་བྱུང་བཞི་པའི་ཤིང་འབྲུག་སྤྱི་ལོ་༡༢༤༤ལོར་ས་སྐྱ་ནས་ཞབས་པད་འཁོར་ལོའི་རི་མོ་ཧོར་སོག་གི་ཕྱོགས་སུ་བསྒྱུར་ནས་དབུས་སུ་ཕེབས།    དེ་ནས་རིམ་བཞིན་བརྒྱུད་ནས་ཧོར་སོག་རྒྱལ་གྱི་སྐུ་བཅར་རུ་ཕེབས།  རྒྱལ་པོས་ཀྱང་ཐུགས་དགྱེས་ཚོར་ཆེན་པོའི་དགའ་སྟོན་གྱ་ནོམ་པ་མཛད་པར་གྲགས།  ཆོས་རྗེ་རིན་པོ་ཆེ་དེ་ཉིད་ཀྱིས་རྒྱལ་བློན་རྣམས་ལ་ཐེག་པ་ཆེན་པོའི་སེམས་བསྐྱེད་སོགས་དམ་པའི་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་གནང་བར་མཛད།   དེ་ནས་ཉིན་ཞིག་རྒྱལ་པོའི་བླ་མ་ཉམས་སད་བྱས་པའི་རྟགས་སུ་རྒྱ་མཚོ་ཆེན་པོའི་དབུས་སུ་སྒྱུ་མའི་ལྷ་ཁང་ཞིག་བརྒྱབ་ནས་རབ་གནས་ཞུས་པས།   བླ་མས་མཁྱེན་ཏེ་ཚོམ་ཚོམ་མེད་པར་ཞབས་རྗེས་དང་བཅས་རྒྱ་མཚོའི་ཐོག་ཏུ་བྱོན་ནས་རབ་གནས་མཛད་པས་སྒྱུ་མས་བྱས་པའི་ལྷ་ཁང་དེ་ཉིད་སྒྱུ་མ་མཁན་གྱིས་གཤིབ་རྒྱུ་མེད་པ་མཛད་པར་སྤྲུལ་པའི་སྡེ་ཞེས་འདོགས་པ་དེང་དུས་ཀྱང་ལན་ཀྲུའུ་ལ་མཇལ་རྒྱུ་ཡོད་པར་གྲགས།  ཆོས་དང་རྫུལ་འཕྲུལ་སོགས་ཐབས་དང་གང་ལ་གང་འདུལ་གྱིས་མཐའ་འཁོབ་འདུལ་བའི་འགྲོ་དོན་རྒྱ་ཆེར་འཕེལ་བར་དང་།   བོད་ཡུལ་ཧོར་སོག་གི་འཇིགས་པ་ལས་གྲོལ་བར་བྱས།  དེ་ལྟར་རྒྱལ་པོའི་སྐུ་བསོད་མ་རྫོགས་པར་སྐབས་ཤིག་ནས་བླ་མ་བརྟག་པའི་ཆེད་རྒྱལ་བའི་བཀའ་འགྱུར་ཆེན་པོའི་པོད་ཀྱིསབླ་མ་བཞུགས་པའི་གདན་ཁྲི་ཐོག་བརྩེགས་ཡོད་པར་རྒྱབ་ནས་ཇི་ལྟར་མཛད་པར་བརྟགས་པས།   ཡང་བླ་མ་ཚོམ་ཚོམ་མེད་པར་བཞུགས་ཁྲིར་འཁོད་པས་གང་ཡང་མ་མཁྱེན་པར་ལོག་ལྟ་སྐྱེ་བར་བྱས།  བླ་མས་གསུང་རབ་ཡིག་འབྲུ་གཅིག་ཀྱང་མ་ལུས་པར་གཤེགས་སུ་གསོལ་བར་མཛད་པར་མ་རྟོག་པར་པུ་སྟི་དེ་དག་ཞལ་ཕྱེས་ནས་ལྟས་ཚེ་ཤོག་ངོས་ཡིག་འབྲུ་གཅིག་ཀྱང་ལྷག་མེད་དུ་གཤེགས་སུ་གསོལ་བ་སོགས་ལོ་རྒྱུས་ངོ་མཚར་ཅན་མང་དུ་བྱུང་བས་།   མཐར་དགུང་གྲངས་དོན་བདུན་པར་རབ་བྱུང་བཞི་པའི་ལྕགས་ཕག་སྤྱི་ལོ་༡༢༥༡་ལོར་ལན་ཀྲུའུ་སྤྲུལ་པའི་སྡེའི་ལྷ་ཁང་ནང་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་པ་དང་བཅས་པའོ།།   ནང་བསྟན་ཁྱད་པར་ཅན་དེ་དག་ཧོར་རྒྱལ་པོའི་མཆོད་ཁང་དུ་བསྡུས་པ་དང་།   ས་པཎ་ཞིང་ལ་གཤེགས་ནས་རིང་པོ་མ་ལོན་པར་ཧོར་གོ་དན་རྒྱལ་པོ་ཡང་ཚེ་ཡི་འདུ་བྱེད་བཏང་ནས་ ལུས་རྟེན་དེའི་མཇུག་ཡོངས་སུ་རྫོགས་པར་གྲགས་སོ།།   དེའི་རྒྱལ་ཚབ་ཏུ་ཁོང་གི་སྐུ་ཚ་ཧོར་སེ་ཆེན་རྒྱལ་པོ་བསྐོ་བཞག་བྱས་ནས་རྒྱལ་པོ་འདིས་འགྲོ་མགོན་ཆོས་རྒྱལ་འཕགས་པ་དབུ་བླར་བཀུར།   སྐབས་དེར་རྒྱལ་པོ་མཛེ་ནད་ཀྱིས་འཇིགས་པ་ལས་གྲོལ་བའི་སྔགས་ཀྱི་བྱིན་རླབས་དང་དངོས་གྲུབ་བསྩོལ་བར་གྲགས།   ཧོར་གྱི་རྒྱལ་བློན་རྣམས་ལ་རྒྱུད་ཀྱི་རྒྱལ་པོ་དཔལ་ཀྱེེ་རྡོ་རྗེའི་དཀྱིལ་འཁོར་ལས་སྨིན་བྱེད་དབང་ཐེངས་གསུམ་གནང་བའི་དང་པོའི་དབང་ཡོན་དུ་བོད་འཁྲི་སྐོར་བཅུ་གསུམ་དང་།   གཉིས་པའི་དུས་སུ་ཆོལ་ཁ་གསུམ།  གསུམ་པར་རྒྱ་ཡི་མི་ཡུར་ཆེན་པོ་དང་། གཡང་ཊིའི་ཐམ་ག་དང་མུ་ཏིག་གིས་བརྒྱན་པའི་སྣམ་སྦྱར།   མུ་ཏིག་བྲེ་གང་སོགས་གཏོང་རག་གི་ཡོན་དུ་འབུལ་བ་རྒྱ་ཆེར་གནང་བར་གྲགས་སོ།།   དེ་ལྟར་ཟག་པ་མེད་པའི་ཡེ་ཤེས་ཀྱི་མཁྱེན་པའི་ཐུགས་ཀྱིས་གདུལ་བྱའི་ཁམས་དབང་བསམ་པ་བག་ལ་ཉལ་སོགས་དང་རྗེས་སུ་མཐུན་པའི་དམ་པའི་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པས་བྱིན་རླབས་དང་དངོས་གྲུབ་ཀྱི་ཆར་འབད་མེད་ལྷུན་གྲུབ་ཏུ་ཕབ་ནས།   མཐའ་འཁོབ་ཀྱི་རྒྱལ་ཁམས་བདེ་ལ་འགོད་པར་བྱས།   བོད་རབ་བྱུང་བཞི་པ་སྟེ་སྤྱི་ལོ་༡༢༤༠ནས་༡༢༥༣བར་ཁྱོན་བསྡོམས་མི་ལོ་བཅུ་གཉིས་རིང་ལ་བོད་ཁམས་ཡོངས་རྫོགས་ཧོར་གྱི་མངའ་འོག་ཏུ་ཆུད་པ་དེ་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པའི་ཐུགས་རྗེ་དང་ཐབས་མཁས་ཉག་གཅིག་ལ་བརྟེན་ནས་འཚེ་མེད་ཞི་བདེའི་ངང་ཕྱིར་བླངས།    སོགས་པོའི་རྒྱ་ནག་དབང་བསྒྱུར་བྱས་པའི་སྐབས་རྒྱ་ནག་མི་འབོར་མང་པོའི་གྱེན་ལང་བྱེད་རྒྱུའི་ཉེན་ཁ་སྔོན་འགོག་གི་ཆེད་དུ་ལོ་རེ་བཞིན་རྒྱ་ཕྲུག་ལོ་བཅོ་བརྒྱད་ཡན་གྱི་ཕོ་ལུས་བླངས་ཚད་ཐག་པས་སྦྲེལ་ནས་རྒྱ་མཚོ་ཆེན་པོ་ལ་སྐྱུར་སྲོལ་ཡོད་པར་དེ་ལ་རྒྱ་ཡི་མི་ཡུར་ཆེན་པོ་ཞེས་ཟེར་ཞིང་།   བཙན་ནོན་གྱིས་སྲོལ་ངན་རྒྱ་ཡི་མི་ཡུར་ཆེན་པོའི་རྒྱུན་བཅད།    ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དེ་ཉིད་དགོངས་པ་ཆོས་དབྱིངས་སུ་ཐིམ་ཁར་ཆོས་འཕགས་ལ་སེ་ཆེན་རྒྱལ་པོའི་མཆོད་སྒྲོམ་དུ་ཙན་དན་གྱི་མགོན་སྐུ་དང་རྣམ་སྣང་གི་རྡོ་སྐུ་གནམ་ལྩགས་རྡོ་རྗེ་རྩེ་དགུ་སོགས་ཕྱིར་བླངས་ནས་དེ་དག་ནང་རྟེན་བྱས་ཏེ་རྒྱལ་བསྟན་སྤྱི་དང་བྱེ་བྲག་བོད་ཁམས་ཡོངས་ཀྱི་བསྟན་སྐལ་དུ་ཏྲེ་ཐོད་མནྜལ་ཐང་དུ་གུར་མགོན་གྱི་སྐུ་ཞིག་བཞེངས་དགོས་པའི་ཞལ་གདམས་ཀྱིས་བཀའ་བསྩལ།   ཆོས་འཕགས་ཀྱིས་རྟེན་གསུམ་དེ་དག་སེ་ཆེན་རྒྱལ་པོའི་མཆོད་ཁང་ནས་ཕྱིར་གདན་དྲངས་ནས་བླ་མའི་ཐུགས་དམ་གྱིས་དགོངས་བཞེད་ལྟར་ཧོར་སེ་ཆེན་རྒྱལ་པོས་ཀྱང་དེའི་མཐུན་རྐྱེན་གང་དགོས་བསྩལ་བ་མ་ཟད།   མཆོད་ཡོན་གཉིས་ཀྱི་སྐུ་ཚ་ཕྱག་རྡོར་དང་ཀྲང་ཅིན་ཝང་གཉིས་བཅས་འཁོར་སློབ་བློན་འབངས་བཅས་བོད་རབ་བྱུང་བཞི་པའི་ས་ཡོས་ཏེ་སྤྱི་ལོ་༡༢༥༥ལོར་ཁམས་ཁུལ་དུ་ཕེབས་ནས་ཆོས་འཕགས་ཀྱིས་སྣར་ཐང་མཁན་ཆེན་གྲགས་པ་སེངྒེ་གདན་དྲངས་ཏེ་རྒྱལ་བསྟན་ཡོངས་རྫོགས་དམ་ཆོས་འདུལ་བའི་གསོལ་བཞིའི་ལས་བྱས་པའི་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།   མདོ་ཁམས་ཡོངས་ལ་དཔལ་ལྡན་ས་སྐྱ་པའི་བསྟན་པ་དར་དཀར་ཡུག་གཅིག་གིས་ཁྱབ་པར་བྱས།   དེ་ནས་རྒྱ་ནག་རི་བོ་ཐའི་ཧང་ཧྲན་ན་ཡོད་པའི་མུ་སྟེགས་ཟིན་ཤིང་གི་ཆོས་ལུགས་མཁས་པ་རྣམས་དང་བརྩོད་ངག་གིས་ལུང་རིགས་གཉིས་ཀྱི་སྒོ་ནས་ཤགས་འགྱེད་པས་ཚར་བཅད་དེ་ནང་པའི་གྲུབ་མཐའ་ལ་བཀོད།    བསྟན་པའི་འཁོར་ལོ་རྣམ་གསུམ་གྱི་བྱ་བ་ཁོ་ནའི་ཐུགས་བྲེལ་གྱིས་གཞན་དབང་ལས་སྐབས་དེར་སྐུ་དངོས་ཏྲེ་ཤོད་དུ་བྱོན་པའི་སྐལ་བས་དབེན་ནས།   སྔར་ས་སྐྱ་ནས་བྱོན་སྐབས་སྒ་སྐྱེ་རྒུ་མདོ་ནས་ཕྱག་ཕྱི་བ་ཁྲིད་པའི་ཨ་མྱེས་དམ་པ་ཞེས་མདོ་སྔགས་རིགས་གནས་དང་བཅས་པ་ལ་མཁས་པའི་ཕུལ་དུ་ཕྱིན་པ་དེ་ཉིད་ངེས་དོན་དུ་རྡོ་རྗེ་ནག་པོ་ཆེན་པོའི་རྣམ་འཕྲུལ་མངོན་སུམ་དུ་དགོངས་ནས།   དཔལ་ལྡན་ས་སྐྱ་ནས་སྤྱན་དྲངས་པའི་ནང་རྟེན་དེ་དག་དྲེལ་དཀར་པོ་ཞིག་ལ་ཁལ་བཀལ་ནས་ས་ཆུ་རི་གྲོང་སོགས་འདི་དང་འདི་ལྟ་བུའི་གནས་དེར་ཕྱིན་ཙ་ན།   ཐང་ཆེན་པོ་མནྜལ་ཐང་ཞེས་པའི་སྟེང་དུ་དཔལ་ལྡན་མ་ཧཱ་ཀ་ལའི་ཕྱི་ནང་གསང་གསུམ་གྱི་བྱིན་རླབས་ལས་གྲུབ་པའི་རྟེན་གཞལ་ཡས་ཁང་དང་རྟེན་པ་དཔལ་དགྱེས་པ་རྡོ་རྗེའི་སྐུ་གསུང་ཐུགས་ལས་ཕྱུང་བའི་གུར་གྱི་མགོན་པོའི་སྐུ་མཚན་ཉིད་དང་ལྡན་པ་ཞིག་བཞེངས་དགོས་པའི་བཀའ་མངགས་ལྟར།   སེ་ཆེན་རྒྱལ་པོའི་ཚའུ་ཀྲང་ཅིན་ཝང་དང་སྒ་ཨ་མྱེས་དམ་པའི་ཞབས་འབྲིང་དང་བཅས་ཁམས་ཤར་རྒྱུད་ནས་ཕེབས་པ་དང་།   ཏྲེ་ཤོད་མནྜལ་ཐང་དུ་བསླེབས་པ་ན་མཚོ་ཟངས་མཁར་ཁ་འདྲ་བ་ཞིག་ཡོད་པ་དེ་ལ་དྲེའུ་དེས་རྔ་མ་བཅུག་ནས་ཉལ་བར་ཇི་ཙམ་བསླངས་ཀྱང་མ་ལང་བར།   ས་དཔྱད་ལ་བརྟགས་པས་གོང་དུ་ལུང་བསྟན་པའི་ས་རིས་སྡེ་གསུམ་ཇི་མ་ཇི་ལྟར་བ་བཞིན་དུ་བསླེབས་ཡོད་པར་གཟོད་ཤེས་ནས་ས་སློང་བ་དང་ས་སྦྱངས་བ་སོགས་བྱས།   དེ་ཡང་སྔོན་གྱི་གཏམ་རྒྱུད་ལྟར་ན།  ཁང་ས་ཞིང་ས་ས་ཡི་དགེ། །འཐུང་ཆུ་ཞིང་ཆུ་ཆུ་ཡི་དགེ། །གམ་འབྲོག་རྒྱངས་འབྲོག་རྩ་ཡི་དགེ། །ཁང་ཤིང་བུད་ཤིང་ཤིང་གི་དགེ། །ཁང་རྡོ་ཐབ་རྡོ་རྡོ་ཡི་དགེ། །ཞེས་པའི་དགེ་ལེགས་ས་གཞི་ཡངས་པོར་སྤང་ལྗོངས་གི་མནྜལ་གདལ་བའི་རང་བྱུང་ཁོར་ཡུག་ཕུན་སུམ་ཚོགས་པའི་ས་བདག་ལྟོ་འཕྱེ་ཆེན་པོའི་གནང་བ་ཐོབ་པའི་ཐང་ཆེན་དུ་དཔལ་དགྱེས་པ་རྡོ་རྗེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞིའི་ཐིག་བཏབ་ནས་གཙུག་ལག་ཁང་གི་རྨང་གདིང་བར་དང་།   སྦྱིན་བདག་ཆེན་མོ་སེ་ཆེན་གནམ་གྱི་རྒྱལ་པོའི་དཔལ་འབྱོར་དང་ལོངས་སྤྱོད་ཟད་མི་ཤེས་པའི་གཏེར་གྱི་སྒོ་བརྒྱ་འབྱེད་པར་བྱས།  བོད་རབ་བྱུང་བཞི་པའི་ཤིང་ཡོས་ཏེ་སྤྱི་ལོ་༡༢༥༥ལོར་མགོན་ཁང་དེ་ཉིད་ཉིན་མོ་མི་དང་མཚན་མོར་མི་མ་ཡིན་གྱིས་ལས་ཀའི་སྡོང་གྲོགས་བྱས་པ་དང་།  ཁྱད་པར་དུ་དགའ་ཨ་མྱེས་དམ་པའི་ཐུགས་བསྐྱེད་དང་སྨོན་ལམ་གྱིས་རྒྱ་བོད་ལག་རྩལ་བ་དང་། མཁས་པ་མང་པོ་ཞིག་གི་བློ་གྲོས་ཀྱི་རྩལ་ལས་ལྷ་ཁང་བརྟེན་དང་རྟེན་པ་བཅས་བཞེངས་གྲུབ་བྱུང་ནས།    འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་རྟེན་བཞུགས་དང་རབ་ཏུ་གནས་པ་མཛད་པའི་སྙན་ཞུ་ཕུལ་བའི་ཕོ་ཉ་བརྫངས་པ་ལྟར།  རྒྱ་ནག་ནས་ཆོས་ཀྱི་རྒྱལ་པོས་ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་འདུས་པའི་ཡི་དམ་ལྷ་ཡི་ང་རྒྱལ་གྱིས་མ་དག་པའི་སྣང་བ་ཐམས་ཅད་བུམ་པའི་ཆུས་བཀྲུས། རྨ་བྱའི་སྒྲོས་བྱབ།  རྡོ་རྗེའི་སྲུང་བ་གསུམ་གྱི་སྒོ་ནས་སྦྱངས་ཤིང་།   སུམ་བྷ་ནི་དྲག་སྔགས་དང་ཡུང་དཀར་ཁ་བཤའ་སོགས་ཀྱིས་གདོན་བགེགས་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་ཚར་གཅོད་ཅིང་ཕྱིར་བསྐྲད་ནས།  སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གསུམ་གྱི་སྒོ་ནས་དམ་ཚིག་སེམས་དཔའ་ལ་ཡེ་ཤེས་དཔའ་འགུག་ཅིང་གཞུག་པའི་སྒོ་ནས་སུ་ཏྲ་ཏིཥྛིའི་མེ་ཏོག་དང་འབྲས་སོགས་གཏོར་བས་ཏྲེ་ཤོད་མནྜ་ཐང་གི་མགོན་ཁང་གི་ཕྱོགས་ཐམས་ཅད་ནམ་མཁའ་ནས་འཇའ་ཚོན་གྱིས་རི་མོས་འཁྱུད་ཅིང་མེ་ཏོག་གི་ཆར་འབབས་ཟིལ་སྙན་དང་རོལ་མོའི་རང་སྒྲ་གྲགས་ནས་མགོན་པོའི་སྐུ་ལས་འོད་འབྱིན་པ་དང་ས་གཡོ་བ་འབྲས་དང་མེ་ཏོག་ཁ་དོག་སྣ་ཚོགས་བར་སྣང་ཁམས་ནས་རང་བྱུང་དུ་འཐོར་བ་སོགས་བལྟས་ཁྱད་པར་ཅན་དུ་མ་བྱུང་བ་གྲགས།  མགོན་ཁང་འདིའི་ཕྱི་ནང་གསང་གསུམ་ལ་བདག་རྐྱེན་དང་ཐུགས་ཁུར་རྒྱ་ཆེན་གནང་བའི་བོད་ཀྱི་གྲུབ་མཐའ་ཁག་སོ་སོའི་བླ་ཆེན་དང་།  ཁྱད་པར་དུ་སྒ་ཨ་མྱེས་དམ་པའི་ཐུགས་བསྐྱེད་དང་སྨོན་ལམ་ལས་གཙུག་ལག་ཁང་བརྟེན་དང་རྟེན་པ་བཅས་པ་དམ་པ་གང་གི་སྐུ་གསུང་ཐུགས་ཀྱི་མཛད་པ་ལས་བྱུང་བར་ཤ་སྟག་ལགས་པས།  རང་དགར་ཙམ་མ་ཡིན་པར་ཁོང་ནི་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་སོགས་ཤེས་བྱའི་གནས་མཐའ་དག་མ་ལུས་པར་མཁྱེན་པའི་དཀྱིལ་འཁོར་ཡོངས་སུ་རྒྱས་པ།  སྐྱེས་ཐོབ་གི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ།  ཁྱད་པར་དུ་དཔལ་རྡོ་རྡེ་ནག་པོ་ཆེན་པོའི་ཕྱི་ནང་གསང་གསུམ་གྱི་ལས་ཚོགས་མཐའ་དག་ལ་རང་བྱན་ཚུད་པ།   རྡོ་རྗེ་ནག་པོ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་རྣམ་འཕྲུལ་སྲིད་པའི་ཚུལ་དུ་གདུལ་བྱའི་བསོད་ནམས་ཀྱི་དཔལ་ལས་ཐོན་པ་ངུར་སྨྲིག་གར་གྱི་རོལ་བའི་བཀའ་བསྲུང་དམ་ཅན་རྒྱ་མཚོ་བྲན་དུ་འཁོར་བའི་ཐུགས་རྗེ་དང་མཐུ་སྟོབས་ལ་དབང་འབྱོར་བའི་སྐྱེས་བུ་དམ་པ་ཤ་སྟག་ཡིན་པ་ནི་འདིའི་རྣམ་ཐར་ལ་གཟིགས་ན་ཤེས་པར་འགྱུར་ལ།  ཏྲེ་ཤོད་མནྜལ་ཐང་དུ་དྲག་པོའི་གཞལ་ཡས་ཁང་མཚན་ཉིད་དང་ལྡན་པའི་སྟེང་གི་ཆར་ཐམས་ཅད་གཉྫིར་དང་།  ཕྱོགས་བཞིར་ཐུགས་ནག་ལས་གྲུབ་པའི་རྒྱལ་མཚན་གྱི་ཏོག་ལ་མི་མགོ་སྒམ་རློན་མཉེད་གསུམ་གྱིས་ཁ་ཏྲཾ་ག་དང་མེ་རི་འབར་བས་བརྒྱན་པ། ཕྱོགས་བཞིའི་པུ་ཤུའི་འོག་ཏུ་མི་མགོ་སྐམ་པོའི་དུང་ཕྲེང་གི་ཁ་ནས་དྲ་བ་དང་དྲ་བ་ཕྱེད་པ་དཔྱངས་ཤིང་དྲིལ་བུ་ཨེ་ཀའི་ཕྲེང་བ་ལ་ཟླ་བ་རླུང་གིས་སྐྱོད་པས་བརྒྱན་། ནང་གི་ཆར་ཐམས་ཅད་ཞིང་ལྤགས་ཀྱི་བླ་བྲེ་དང་རྒྱུ་རློན་གྱི་ལྡ་ལྡི།  གློ་སྙིང་གི་འཕན་ཚར་དཔྱངས་པའི་དབུས་སུ་དཔལ་ལྡན་མ་ཧཱ་ཀ་ལ་སྐུ་མདོག་ཆར་སྤྲིན་ལྟར་མནག་པ་ཁང་བརྩེགས་ལས་གྲུབ་པའི་ཉི་མ་འབུམ་གྱི་གཟི་བརྗིད་དང་ལྡན་པའི་སྐུ་གཙོ་བོར་བྱས་པའི་གཡས་སུ་བྱ་ནག   གཡོན་དུ་ཁྱི་ནག  མདུན་དུ་མི་ནག  རྒྱབ་ཏུ་ཅེ་སྤྱང་།  སྟེང་ན་ནམ་མཁའ་ལྡིང་གི་སྤྲུལ་པའི་ཕོ་ཉ་འགྱེད་པ།   དེ་དག་གི་གཡས་སུ་བྲམ་ཟེ་གཟུགས་ཅན་དཔའ་བོ།   གཡོན་དུ་ཡུམ་ཆེན་ཨེ་ཀ་ཛ༔ཏྲི་དང་ལྷ་མོ་འདོད་ཁམས་དབང་ཕྱུག་མ།   མདུན་ངོས་སུ་ལས་ཀྱི་མགོན་པོ་ཡབ་ཡུམ།   དེའི་གཡས་སུ་པུ་ཏྲ་ནག་པོ་ཧ་ཧའི་བཞད་སྒྲ་ཅན།  གཡོན་དུ་བྷ་ཏྲ་ནག་པོ་དར་གྱི་སྟག་སླག་ཅན།   མདུན་དུ་སྲིན་མོ་ནག་མོ་གསེར་གྱི་པུ་གྲི་ཅན།   གཞན་ཡང་རུ་འདྲེན་སྡེ་བཞི་དང་ཕྱོགས་སྐྱོང་བཅུ་སོགས་བཀའ་བསྲུང་དམ་ཅན་རྒྱ་མཚོའི་ཚོགས་དཔག་ཏུ་མེད་པས་བསྐོར་བའོ།།  མདོར་ན་སྒ་ཨ་མྱེས་དམ་པ་གང་གིས་སྐུ་ཚེ་གོང་པོར་ཐོས་བསམ་སྒོམ་གསུམ་དང་།  འཆད་བརྩོད་བརྩམས་གསུམ་སྟེ་ཀློག་པ་ཐོས་བསམ་གྱི་འཁོར་ལོ་དང་།  བསྐྱེད་རྫོགས་ཟུང་འཇུག་གི་ཏིང་ངེ་འཛིན་ཆུ་བོའི་རྒྱུན་ལ་ཐུགས་མཉམ་པར་བཞག་པ་སྤོང་བ་བསམ་གཏན་གྱི་འཁོར་ལོ།  ལྷ་ཁང་དང་གཙུག་ལག་ཁང་མཆོད་རྟེན་སོགས་རྟེན་བཞེངས་ཀྱི་བྱ་བ་ལས་ཀྱི་འཁོར་ལོ་གསུམ་གྱིས་སྐུ་ཚེའི་འདུ་བྱེད་ཡོངས་སུ་རྫོགས་པ་ལགས་སོ།།  ཁོང་གི་སྐུ་ཚེའི་མཛད་ཕྲིན་རྒྱས་པར་ཤེས་འདོད་ན་རྣམ་ཐར་དུ་གསལ་བས་དེར་གཟིགས་མ་གཏོགས་འདིར་ཡིག་ཚོགས་མང་བར་དོགས་ནས་མ་བྲིས་པ་ཡིན།   མགོན་པོ་འདིའི་དབུ་སྐྲའི་ནང་རྟེན་དུ་པཎྜི་ཏ་ག་ཡ་དྷ་རས་རྒྱ་གར་ནས་སྤྱན་དྲངས་པའི་གནམ་ལྕགས་རྡོ་རྗེ་རྩེ་དགུ་དང་།   སངས་རྒྱས་རབ་བདུན་གྱི་རིང་བསྲེལ།  ཤིང་ཨཤྭ་ཏ་ལས་གྲུབ་པའི་མི་སྐྱོད་པའི་སྐུ།   འགྲོ་མགོན་ཆོས་རྒྱལ་འཕགས་པའི་དབུ་སྐྲ་སོགས་གཞུག་པ་དང་།  སྤྱན་གཡས་པའི་ནང་འཕགས་པ་ཤ་རིའི་བུའི་རིང་བསྲེལ་བདུན་ཆ་གཅིག    སྤྱན་གཡོན་པར་མོོ་གལ་གྱི་བུའི་རིང་བསྲེལ་བདུན་ཆ་གཅིག    དབུའི་ནང་ནཱ་རོ་པཎ་ཆེན་གྱི་དབུ་ཐོད་དུམ་བུ་དང་།   ཤངས་ཀྱི་ནང་དུ་སངས་རྒྱས་འོད་བསྲུང་གི་ཚེམས།    མགྲིམ་པའི་ནང་དུ་སངས་རྒྱས་ཆོས་འཕགས་ཀྱི་མཚན།     ཐུགས་ཀར་ཡེ་ཤེས་སེམས་པའི་ཐུགས་མཚོན་པར་གོང་དུ་ཞུས་པའི་ཙནྡན་གྱི་སྐུ་རང་བྱོན།   དུར་ཁྲོད་ཆེན་པོ་བསིལ་བ་ཚལ་ནས་དྲངས་པའི་རྡོ་ནག་གི་གུར་མགོན་གྱི་སྐུ།   ཆོས་རྗེ་ས་པཎ་གྱི་ཐུགས་དམ་གྱི་རྟེན་ཀྱེ་རྡོ་རྗེའི་སྐུ།   གསེར་གྱི་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་སྐུ།   ཆུ་ཤེལ་ལས་གྲུབ་པའི་སྤྱན་རས་གཟིགས་ཕྱག་བཞི་པའི་སྐུ་རྟེན་ནང་གཞུག་དང་།   ལྟོ་བའི་ནང་དུ་སངས་རྒྱས་ཤཱཀྱ་ཐུབ་པའི་ལྷུང་བཟེད་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་བ་རྣམས་དང་།  གཞན་ཡང་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཕྱག་ཕྲེང་།   ཤཱ་རིའི་བུའི་སྐུ་ཆིངས།  ཇོ་བོ་རྗེའི་གདུང་རུས།  པཎ་ཆེན་ཤཱཀྱ་ཤྲིའི་སྣམ་སྦྱར།   པཎྜི་ཏ་དྷརྨ་པཱ་ལའི་གདུང་རུས།   རྒྱ་གར་རྡོ་རྗེའི་གདན་གྱི་མཆོད་རྟེན་མ་ཧཱ་བྷོ་དྷིའི་ཞལ་ཕྱིས།  ཕ་དམ་པ་སངས་རྒྱས་ཀྱི་དབུ་སྐྲ།   རྒྱ་གར་ཕྱག་ན་རྡོ་རྗེའི་སྒོམ་ཐག    པཎྜི་ཏ་ཀ་མ་ལ་ཤཱི་ལའི་གདུང་རུས།   གྲུབ་ཆེན་ཤ་བ་རི་པའི་སྐུ་ཤ།  བལ་པོ་པཎྜི་ཏ་མ་ཧཱ་བོ་དྷིའི་དབུ་སྐྲ། དཔལ་ཆེན་རྒ་ལོ་ཙཱ་བའི་དབུ་ཞྭ།  འབྲོག་མའི་ཤཱཀྱ་ཡེ་ཤེས་ཀྱི་གདུང་ཐལ་དང་སྣམ་སྦྱར།    ལོ་ཆེན་རིན་ཆེན་བཟང་པོའི་ཤངས་མཚལ།   ཁྲོ་ཕུ་ལོ་ཙཱ་བའི་དབུ་སྐྲ།  འབྲོམ་སྟོན་པའི་དབུ་སྐྲ།   དགེ་བཤེས་པོ་ཏོ་བའི་གདུང་རུས།  བྱང་སེམས་ཟླ་བ་རྒྱལ་མཚན་གྱི་གདུང་རུས།   ས་ཆེན་ཀུན་དགའ་སྙིང་པོའི་གདུང་རུས།  སློབ་དཔོན་བསོད་ནམས་རྩེ་མོའི་གདུང་རུས།  རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གདུང་རུས།   ས་སྐྱ་པཎྜི་ཏའི་གདུང་ཚྭ།   ལྷོ་བྲག་མར་པ་ལོ་ཙཱའི་དབུ་ཐོད་དུམ་བུ་དང་དབུ་སྐྲ།   རྗེ་བཙུན་མི་ལ་རས་པའི་ན་བཟའ།  མཉམ་མེད་དག་པོ་ལྷ་རྗེའི་གདུང་རུས།  དཔལ་ཕག་མོ་གྲུབ་པའི་གདུང་རུས།   ཨུ་རྒྱན་རིན་པོ་ཆེའི་དབུ་སྐྲ།   འབྲི་གུང་སྐྱོབ་པ་རིན་པོ་ཆེའི་སྒོམ་ཐག    རྒྱལ་བ་རྒོད་ཚང་པའི་གདུང་རུས།   ཞང་གཡུ་བྲག་པའི་ན་བཟའ།   མ་གཅིག་རེ་མའི་སྐུ་ཤ།   གྲུབ་ཆེན་ཨུ་རྒྱན་པའི་གདུང་རུས་སོགས།   མདོར་ན་འཕགས་བོད་མཁས་གྲུབ་ལོ་པཎ་རྣམས་ཀྱི་དབུ་ལོ་གདུང་རུས་རིང་བསྲེལ་ན་བཟའ་སོགས་དང་།  སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱི་རྟེན་རྩ་ཆེན་མང་པོ་དང་།   རྒྱ་གར་འཕགས་པའི་ཡུལ་གྱི་སངས་རྒྱས་ཀྱི་ཆོས་ཁྲིའི་ས་དང་བྱང་ཆུབ་ལྗོན་ཤིང་གི་ལོ་མ།   གཞན་ཡང་རྡོ་རྗེའི་གདན་དང་བྱ་རྒོད་སྤུངས་རི་དཔལ་ནཱ་ལན་ཌ།  ཝཱ་ར་ཎ་སཱི།  འཕགས་པ་ཤིང་ཀུན།   ཨོཌཱི་ཡ་ན།  ཤམ་བྷ་ལ།  རི་བོ་རྩེ་ལྔ།  བསམ་ཡས། ཁྲ་འབྲུག    ས་སྐྱ་སོགས་གཙུག་ལག་ཁང་རྣམས་ཀྱི་ས་སྣ་དང་།   ཁ་འབབ་ཀྱི་ཆུ་བོ་ཆེན་པོ་བཞི་གཙོ་བོ་བྱས་པའི་ཆུ་སྣ་དང་།  ཡུལ་ཉེ་ཤུ་རྩ་བཞི་གནས་སོ་བཅུ་སོ་གཉིས་དུར་ཁྲོད་ཆེན་པོ་བརྒྱད་སོགས་གླིང་བཞི་གླིང་ཕྲན་བརྒྱད་བཅས་ཀྱི་ས་སྣ་རྡོ་སྣ་ཤིང་སྣ་སོགས་རྫས་ཀྱི་བྱེ་བྲག་མ་ཚང་བ་མེད་པར་དང་།   རྒྱལ་བའི་བཀའ་འགྱུར་རོ་ཅོག་དང་།  རྗེས་འཇུག་མཁས་པ་རྣམས་ཀྱི་བསྟན་བཅོས་སོགས་གསུང་རབ་ཡན་ལག་དྲུག་བཅུའི་སྙིང་པོ་རྣམས་དང་།   ཁྱད་པར་དུ་བླ་མ་ཡི་དམ་མཁའ་འགྲོ་ཆོས་བསྲུང་ཐམས་ཅད་གཅིག་ཏུ་འདུས་པའི་ངོ་བོ་རྡོ་རྗེ་ནག་པོ་ཆེན་པོའི་ཐུགས་སྒྲུབ་སྲོག་ཤིང་དང་ཤོག་དྲིལ།   གནོད་སྦྱིན་འཁོར་དང་།   གུར་མགོན་གྱི་སྐུ་གསུང་ཐུགས་ཀྱི་སྙིང་པོའི་གཟུངས་དྲིལ་སོགས་རྒྱུད་སྡེ་ལས་ཇི་ལྟར་བྱུང་བ་བཞིན་ཚད་ལྡན་གྱི་བཞེངས་གྲུབ་པ་ཡིན་ལ། དེ་ལྟར་རྒྱལ་བསྟན་སྤྱི་ལ་ཉིན་གྱི་བསྲུང་མ་དང་མཚན་གྱི་བྱ་ར་བྱེད་པའི། བསྟན་བསྲུང་ཀུན་གྱི་གཙོ་བོ་རྡོ་རྗེའི་གུར།  །བསྟན་འགྲོ་བུ་བཞིན་སྐྱོང་བའི་འདོད་ཁམས་མ། །བསྟན་དགྲའི་གཤེད་མ་དཔལ་མགོན་གདོང་བཞི་པ། །བསྟན་བསྲུང་རྒྱ་མཚོའི་ཚོགས་ལ་ཕྱག་བགྱིའོ།  །ཞེས་གསུངས་པ་ལྟར།  རྒྱལ་བ་ཤཱཀྱ་སེངྒེའི་རིང་ལུགས་དྲི་མ་མེད་པར་མདོ་སྔགས་རིགས་གནས་དང་བཅས་པའི་བསྟན་པ་ལ་བཀའ་ཡི་བསྲུང་མ་ཆེན་མོ་ཞལ་གྱིས་བཞེས་པ་ནི།  སྔོན་ཚེ་རྡོ་རྗེ་འཆང་གི་སྤྱན་སྔར་རུ། །ཆོས་བཞིན་བསྒྲུབ་པར་བྱེད་པའི་གང་ཟག་ལ། །བར་ཆད་བསྲུང་ཞིང་སྐྱོང་བར་ཞལ་བཞེས་པའི།  ཆོས་སྐྱོང་བསྲུང་མ་རྣམས་ཀྱིས་དགོངས་སུ་གསོལ།   ཞེས་པ་ལྟར་རོ།   གང་ལྟར་ཡང་སྡེ་མགོན་པོ་འདིར་ས་དགེ་བཀའ་རྙིང་བོན་དང་བཅས་རིས་སུ་མ་ཆད་པའི་སྐྱེས་ཆེན་དམ་པ་རྣམས་ཀྱིས་གསོ་ཞིང་བསྲུང་མར་བཀུར་བ་ཡིན་ལ།   ས་གནས་འདིའི་གནའ་བོའི་ཧོར་སེར་ད་ར་ཁག་ལྔའི་དཔོན་རབས་མངའ་རིས་དང་བཅས་པས་ཤིན་ཏུ་རྩ་ཆེན་བྱས་པར་རྒྱུད།  སྐབས་དེའི་ལྷ་ཁང་ཉམས་གསོ་དང་བརྒྱ་བསྐྱེད་སོགས་ཐེངས་མང་བྱས་པའི་ལོ་རྒྱུས་ཧོར་བཀའ་བཅུ་ནམ་མཁའ་འོད་ཟེར་གྱིས་སྐུ་རིང་ལ་ལོ་རེ་བཞིན་ཆགས་མེད་དུ་ཧོར་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་བདུན་བརྒྱད་དགུ་སྟེ་ཉིནགསུམ་གྱི་རིང་ལ།   གུར་མགོན་གྱི་གཏོར་བསྒྲུབ་དང་དགུ་གཏོར་བརྒྱག་པའི་སྲོལ་བཙུགས་པ་དང་།    ཧོར་དཔོན་པོ་ནམ་མཁའ་བློ་བཟང་གིས་མགོན་ཁང་གི་དབུ་རྩེ་ནས་སངས་རྒྱས་རབས་བདུན་གྱི་བྲིས་འབུར་གོག་སྐྱོན་སོང་བ་རྣམས་ཞིབ་གསོ་དཔེ་མེད་མཛད་པའི་ལོ་རྒྱུས་དང་།    སྐུ་མདུན་བློ་བཟང་ངག་གི་དབང་པོས་དངུལ་གྱི་མནྜལ་དང་།   འཕན་དང་བླ་བྲེ་སྙན་ཤལ་སོགས་མང་དུ་ཕུལ་བར་གྲགས།    ཧོར་བཀའ་བཅུ་ནམ་མཁའ་རྒྱལ་མཚོ་དང་།   དཔོན་འབུམ་དགེ་རྒྱལ་གཉིས་ཀྱིས་མགོན་ཁང་ཕྱི་རོལ་དུ་བར་ཁྱམས་ཀྱི་འདུ་ཁང་གསར་པ་བརྒྱག་ནས་ལྡེབས་རིས་དང་གཙང་ཁང་ནང་གུར་ལྷ་བརྒྱད་ཀྱི་པད་གདན་སོགས་བཅས་ཞིབ་གསོ་རྒྱ་ཆེར་མཛད་ནས་མཚན་འབར་མཆོད་མེའི་གཞི་རྩ་བཙུགས་ནས་རྒྱུན་སྐྱོང་གནང་བར་དང་།   ལྷག་པར་དུ་ཧོར་ནམ་མཁའ་རྒྱལ་མཚན་གྱིས་གཙུག་ལག་ཁང་དེ་ལ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་མ་རྩ་རྒྱུན་འཇགས་དང་།   ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་རྣམ་པར་དཀར་བའི་མཛད་ཕྲིན་ལ་བརྟེན་ཧོར་དགོན་སྡེ་བཅུ་གསུམ་གྱིས་གཙུག་ལག་ཁང་དེར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་མཉམ་དུ་ཚོགས་རྒྱུའི་ལུགས་སྲོལ་བཙུགས་ཏེ།   དགེ་འདུན་གྱི་སྡེ་དང་ཆོས་སྐྱོང་བའི་བསྲུང་མ་དང་བཅས་པ་ལ་མཆོད་འབུལ་རྒྱ་ཆེར་གནང་བར་གྲགས།   དེ་ནས་བཟུང་ཧོར་མ་ཟུར་དབང་ལུའི་སྐུ་རིང་ལའང་སྔོན་གྱི་ལུགས་ལྟར་མཛད་ནས་ཆོ་འཕྲུལ་སྨོན་ལམ་གྱི་རྒྱུན་བསྐྱངས་གནང་།  དུས་ཕྱིས་ཉག་སྐེད་མགོན་པོ་རྣམ་རྒྱལ་ཕ་བུའི་རིང་ཧོར་ཉག་གཡུལ་འགྱེད་ཀྱི་སྡེ་གཟར་ལ་བརྟེན་ནས་ཧོར་དགོན་ཁག་གཞན་ནས་འདིར་སྨོན་ལམ་ཚོགས་ཕེབས་ཀྱི་རྒྱུན་ཆད་ཀྱང་།  ཧོར་དཀར་མཛེས་བཤད་སྒྲུབ་ནོར་བུའི་གླིང་གི་དགོན་སྡེའི་གྲྭ་རྒྱུན་རྣམས་སྔར་སྲོལ་ལྟར་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་རིང་མགོན་ཁང་འདིའི་ནང་ཚོགས་རྒྱུའི་རྒྱུན་བསྲིང་བར་བྱས་སོ།།  ཉེར་སྔོན་སྤྱི་ལོ་༡༩༩༣ལོར་རྒྱལ་གཅེས་དཔའ་བོ་བློ་བཟང་ཚེ་རིང་གིས་རིང་ལ་ཚོགས་པ་འདི་རྒྱུན་སྐྱོང་བ་དང་།   དེའི་རྗེས་སུ་ཆོས་ལུགས་ལ་འགོག་རྒོལ་ཐེབས་ནས་རེ་ཞིག་ཚོགས་རྒྱུ་མ་བྱུང་ཡང་།   ཕྱིས་སུ་རྒྱལ་གཅེས་ཆོས་གཅེས་ཀྱི་སྲིད་ཇུས་ཁུ་བྱུག་སྔོན་པོའི་མགྲིན་གླུ་བོད་ཁམས་ཡོངས་སུ་བསྒྲོགས་ནས།   ཆོས་ལུགས་ཀྱི་བྱ་འགུལ་སྔོན་གྱི་ སྲོལ་དེ་དག་སྐབས་དེར་རྒྱུན་འཛིན་བྱས་ཡོད་པར་བཤད།   ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་ཏྲེ་ཤོད་མངའ་སྡེའི་ཡུལ་འདིར་བསོད་ནམས་ཀྱི་རྟེན་དུ་དགོངས་ནས་བོད་རབ་བྱུང་བཅུ་གཅིག་པའི་ལོ་རབ་ཞེ་གཉིས་པ་ས་སྤྲེལ་ཏེ།  སྤྱི་ལོ་༡༦༦༨ལོར་དབུ་རྩེའི་རྒྱ་ཕིབས་ནས་སངས་རྒྱས་རབ་བདུན་གྱི་ལྷ་ཁང་སོགས་འདུ་ཁང་གི་སྟེང་ཤོད་དང་ཕྱི་ཁྱམས།   བར་སྐོར་སྟེང་འོག་ཡོངས་རྫོགས་ཀྱི་ཤིང་ཆ་གསར་རྗེ་དང་།  གཙུག་ལག་ཁང་འདིའི་དབུ་རྩེ་ནས་སྒོ་ཁྱམས་ཀྱི་རྒྱ་ཆེན་སྡེ་བཞིའི་བར།  སྟེང་འོག་བར་གསུམ་གྱི་ལྡེབས་རིས་ཚང་མ་གསར་བྲིས་ཐོག་སྨད་གཤམ་དུ་ཤིང་གི་ཀུན་དགའ་ར་བས་ཡོངས་སུ་བསྐོར་བ།   གཙུག་ལག་ཁང་འདིའི་ནང་དུ་བཞུགས་པའི་སྔོན་གྱི་འབུར་སྐུ་ཆག་གྲུམ་དུ་སོང་བ་རྣམས་ཞིག་གསོས་གནང་བར་མ་ཟད།   དཔལ་མགོན་ཞལ་བཞི་པ་ཡུམ་ཆེན་སྲིང་མོ་བཞི་དང་བཅས་པ་འབུར་སྐུ་གསར་དུ་བཞེངས་པ་ཡོད་པ་དང་།   གཙུག་ལག་ཁང་གི་གཉྫིར་དང་ནང་དུ་རྡོ་དྲིལ་འཕན་གདུག་སྙན་དར།    གོ་ཁྲབ་དང་མཚོན་ཆ་སོགས་བསྐང་རྫས་སྤྱན་གཟིགས་སོགས་རིགས་སྣ་ཚོགས།   མགོན་བླ་རྒྱུན་བཞུགས་ཆེད་འཛུགས་ཐོག་ཉིན་རྟག་པར་མཆོད་རྫས་རྣམ་ལྔ་དང་བདུན་ཚར་ཡོན་ཆབ་འཆག་མེད་དུ་འབུལ་བ།   ཟླ་རེས་ཚེས་བཅོ་ལྔའི་ཉིན་མཆོད་པ་རྣམ་ལྔ་བརྒྱ་ཚར་རེའི་མཆོད་འབུལ་གྱི་སྲོལ་རྒྱུན་ཆགས་སུ་འབུལ་བའི་མ་རྩ་འཛུགས་པ།     སྔོན་སྒ་ཨ་མྱེས་དམ་པས་སྡེ་མགོན་ཁང་གི་དཀར་ཆགས་བཟོས་གནང་ཡོད་པར་དུས་ཀྱི་འཕོ་འགྱུར་འོག་བོར་བརླགས་ཤོར་སོང་བས།  ཕྱིས་སུ་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་གསར་བརྩམས་མཛད་གནང་བ།   དེ་ནས་བཟུང་སྤྱི་ལོ་༡༩༦༩ལོ་བར་ཧོར་སེར་དར་ར་ཁག་ལྔའི་དཔོན་རབས་བླ་ཆེན་ཁག་རིམ་བྱུང་རྣམས་ཀྱིས་མགོན་ཁང་འདིར་རྒྱུན་འཛིན་དང་བདག་བསྐྱངས་གོང་སྤེལ་སོགས་ཉམས་གསོ་དཔག་མེད་གནང་ནས་ཡུལ་ཕྱོགས་འདིའི་བསྟན་པའི་མཆོད་སྡོང་འཛམ་གླིང་གི་རྒྱན་དུ་སྤུད་ནས་བྱིན་རླབས་ཀྱི་ཚན་ཁ་ཕྱོགས་མཐར་ཀུན་ལ་འབར་བ་གྲགས་སོ།།   དེ་ལྟར་ནའང་བོད་ཁམས་ཡོངས་སུ་རླུང་ནག་གི་བུས་པའི་ཐ་རྡུལ་འཚུབས་མའི་ནང་རིག་གསར་གྱི་སེམས་འགུལ་ཐེབས་པའི་ཧུར་བརྩོན་པ་ཁག་ཅིག་གིས་རྙིང་པ་བཞི་ལ་འགོག་རྒོལ་གྱི་དྲག་མནན་བྱས་པར་བརྒྱུད།    ཆོས་ལུགས་པའི་དགོན་སྡེ་དང་བླ་ཆེན་ཁག་ལ་གཏོར་བཤིག་ཐེབས་པའི་སྒང་དེར་ཕྱོགས་འདི་པའི་དགོན་སྡེ་དང་བླ་བྲང་ཁག་སོགས་ཀྱི་རྟེན་གསུམ་རྣམས་མེར་བསྲེགས་པ་དང་ཆུར་གཡུག་པ་ས་འོག་མནན་པ་རླུང་ལ་སྐུར་བ་སོགས་འབྱུང་བ་དགྲ་ལང་གི་དུས་རབས་ཀྱི་འོག     ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་མགོན་ཁང་འདིའི་ཕྱི་ནང་གསང་གསུམ་ལ་གནོད་འཚེ་གཅིག་མཚུངས་སུ་ཐེབས་ནས་ནང་གི་སྐུ་བརྙན་རྣམས་བཤིགས་པ་དང་གཏོར་བ།  ལྡེབས་རིས་རྣམས་དབྱི་བ་དང་འབྲད་པ།  གསུང་རབ་རྣམ་མེར་བསྲེགས་པ་དང་གཏོར་བ་སོགས་བྱས་པ་དང་།  སྟེང་གི་ཐུགས་ནག་དང་རྒྱ་ཕིབས་རྣམས་གཞི་མེད་རྩ་བྲལ་དུ་གཏོར་བ་སོགས་བྱས་ཏེ་གཙུག་ལག་ཁང་སྤྱིའི་ཚོགས་ཁང་དུ་བཀོལ་སྤྱད་བྱ་ཡུལ་དུ་འཇོག་ནས་ལྷག་ལུས་བྱུང་བ་ཡིན་ལ།   དེ་ནས་བགྲང་བྱ་བཅུ་ཕྲག་ལྷག་ལ་ཆོས་ཀྱི་སྒྲ་ཡང་གྲགས་མི་ཆོག་པའི་དུས་ཀྱི་བསྒྲིབས་པའི་མུན་ནག་གི་ཀློང་ན་གུ་ཡངས་ཀྱི་སྲིད་ཇུས་བཟང་པོའི་སྤྲིན་གསེབ་ཀྱི་ཉི་ཟེར་ཕྲ་མོའི་འོད་ཀྱི་སྐུད་པའི་དྲ་བའི་ཉི་ཞུར་གྱི་གསལ་སྣང་ཐོན་པའི་གོ་སྐབས་དང་བསྟུན་ནས།   ཡུལ་མི་གྲོང་སྡེ་ཡོངས་ཀྱིས་དཀར་མཛེས་དགོན་ལ་ཕྱིར་འབུལ་ཞུས་པ་དང་།   ཁང་དམར་སྤྲུལ་སྐུ་བློ་བཟང་ཐུབ་བསྟན་དཔལ་ལྡན་རྒྱ་མཚོ་དཔལ་བཟང་པོ་མཆོག་གིས་ཐུགས་ཁུར་གནང་ནས།  གཙུག་ལག་ཁང་ཉམས་གསོ་མཛད་རྒྱུའི་དབུ་ཚུགས།   ཉེ་འཁོར་གྱི་དད་ལྡན་ཕོ་མོ་འགའ་རེས་སྔོན་གྱི་གཏོར་བརླགས་ཐེབས་པའི་ལྷ་སྐུའི་ནང་གི་བྱིན་བརྟེན་ཉར་ཚགས་བྱས་ཡོད་པ་རྣམས་ཕྱིར་འབུལ་བྱུང་སྐད།   ཡུལ་འདིའི་དུད་ཚང་ཆེ་གྲས་དང་རྒྱ་དཀར་ནག་གི་ཡོན་བདག་རྣམས་ཀྱིས་དཔལ་འབྱོར་གྱིས་མཐུན་རྐྱེན་སྦྱར་བ་ལ་བརྟེན་ནས་སྔར་ཡོད་ནང་རྟེན་རྣམས་གཞི་བཞག་ཐོག     ས་དགེ་བཀའ་རྙིང་གི་མཁན་སྤྲུལ་ཆེ་གྲས་ཁག་རྣམས་ཀྱིས་རྟེན་གསུམ་གཟུངས་གཞུག་དང་དམ་རྫས་རིང་བསྲེལ་སོགས་བྱིན་ལྡན།    དཔལ་ཀྱེེ་རྡོ་རྗེའི་བཤད་པའི་རྒྱུད་རྡོ་རྗེ་གུར་ལས་ཇི་ལྟར་བྱུང་བ་བཞིན་ཕྱག་ལེན་དུ་བསྟར་ནས་དཔལ་ལྡན་གུར་གྱི་མགོན་པོའི་སྲོག་སྙིང་ཤོག་དྲིལ་དང་།  ཡང་གསང་བླ་ན་མེད་པའི་མན་ངག་དམར་བཅང་གི་ལག་ལེན་གྱི་གུར་ལྷ་བརྒྱད།   མགོན་པོ་སྟག་ཞོན་རུ་འདྲེན་སྡེ་བཞི་སོགས་རྒྱུད་ལས་ཇི་ལྟར་བྱུང་བ་བཞིན་བཞེངས་གྲུབ་ནས།   རབ་བྱུང་བཅུ་དྲུག་པའི་ཤིང་གླང་སྟེ་སྤྱི་ལོ་༡༩༨༥ལོར་ཆོས་སྒོ་ཕྱེས་ནས་དཀར་མཛེས་བཤད་བསྒྲུབ་ནོར་བུའི་གླིང་གི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་པའི་རྒྱུན་བསྐྱར་གསོ་བྱས་ཏེ།    ཏང་དང་སྲིད་གཞུང་གིས་སྲིད་ཇུས་གུ་ཡངས་འོག་རྒྱ་ཆེ་བའི་ཆོས་དད་མང་ཚོགས་ཀྱི་སྔར་སྲོལ་ལྟར་མཆོད་གནས་སུ་བཀུར་ཞིང་།  དཀར་མཛེས་དགོན་པའི་འགོ་འཛིན་དང་དགེ་བསྐོས་རྣམ་པས་མགོན་བླ་རྒྱུན་བསྡོད་ཀྱི་སྒྲིག་སྲོལ་འཛུགས་ནས་མཆོད་འབུལ་དང་མགོན་པོའི་གཏོར་ཆོག་བསྟོད་པ་སོགས་བསྒྲུབ་པའི་རྒྱལ་མཚན་ཚུགས་པ་མ་ཟད།    སླར་ཡང་དད་ལྡན་མཆོད་ཡོན་གཉིས་ཀའི་མཆོད་གནས་སུ་སྔར་བཞིན་བཞུགས་སོ་གསོལ་བ་དང་བཅས་ལགས་སོ།།   


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1