༄༅།།རིགས་གཏེར་རབ་བྱེད་དང་པོའི་འགྲེལ་པ།

དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-15


དྲི་མེད་རྡུལ་བྲལ་ཡེ་ཤེས་ལུས་གྲིམ་མཁྱེན་གཉིས་ཨུཏྤལ་བཞད་པའི་དཔལ། །

དྲང་སྲོང་སྨྲ་བའི་ཞལ་གྱི་པདྨོ་ཆུ་སྐྱེས་དགོད་པའི་རྣམ་འཕྲུལ་ལས། །

ཕན་བདེའི་ཟིལ་མངར་རྟག་ཁྱབ་འཛག་པའི་ཕྲིན་ལས་བྱེ་བའི་གཟི་བྱིན་གྱིས། །

གདུལ་བྱའི་སྐྱེད་ཚལ་མ་ལུས་རྒྱས་མཛད་སྟོན་པ་ཚད་མའི་སྐྱེས་དེར་འདུད།

 

དངོས་སྟོབས་རིགས་པ་འབུམ་གྱིས་གཏེར་མངའ་ཡང་དག་ལུང་གི་བསྔགས་པ་ཡིས།།

བྲམ་ཟེ་དཔའ་བོའི་གཟུགས་ཀྱིས་བསྙེམས་པའི་རྟོག་གེའི་གསང་ཚིག་མདུད་རྒྱ་དཀྲོལ།།

རིག་པའི་མེ་ཆར་དྲག་ཏུ་བསྙིལ་བས་ཕས་རྒོལ་གླང་པོའི་ཀླད་པ་འགེམས།།

མཁྱེན་རབ་བདུད་རྩི་སྙིང་ལ་སིམ་པའི་ཕྱོགས་གླང་ཆོས་གྲགས་རྣམ་གཉིས་དད།

              

བརྩེ་ཆེན་ཟླ་དཀར་གདུལ་བྱའི་ཡིད་མཁར་རུ། །

མཁྱེན་རབ་བདུད་རྩིའི་བསིལ་ཟེར་སྤྲོས་དང་ལྷན། །

མཚན་དཔེའི་དཀྱིལ་འཁོར་ཆ་ཤས་ཡོངས་རྫོགས་པའི། །

རིགས་གསུམ་རྣམ་འཕྲུལ་ས་སྐྱའི་འཇམ་མགོན་རྒྱལ། །

            

རྨད་བྱུང་རྣམ་དཔྱོད་པད་དཀར་འཛུམ་ཟེར་ལས། །

ཐོས་བརྩོན་རིག་པའི་ཟེའུ་ཕྲེང་ཚར་མངར་བ། །

གསུང་རབ་པདྨོ་རྒྱས་པའི་དགའ་ཚལ་དུ། །

རིག་པའི་འདབ་སྟོང་རྣམ་དཔྱོད་རྒྱན་དུ་བཞད །  །


དེ་ཡང་སློབ་དཔོན་དབྱིག་གཉེན་གྱིས། བསྟན་བཅོས་བྱེད་པོའི་སྟོན་པ་ལ། །མཆོད་པ་བརྗོད་པར་འབྲས་མེད་མིན། །སྟོན་པ་དང་ནི་བསྟན་བཅོས་ལ། །དད་དང་འདུན་པར་སྐྱེད་ཕྱིར་རོ།།ཞེས་གསུངས་པ་ལྟར་མཆོད་པ་བརྗོད་པས་མེ་ཏོག་སིལ་མའི་ཆར་ཅུང་ཟད་སྙིལ་ནས་འདིར་གང་གླེང་བར་བྱ་བ་ནི་འཇམ་མགོན་ས་སྐྱ་པཎྜི་ཏས་མཛད་པའི་སྡེ་བདུན་མདོ་དང་བཅས་པའི་དགོངས་དོན་ཕྱིན་ཅིང་མ་ལོག་པ་ཚད་མ་རིགས་པའི་གཏེར་ཞེས་བྱ་བའི་བསྟན་བཅོས་རབ་བྱེད་བཅུ་གཅིག་གི་བདག་ཉིད་ཅན་དེ་ཉིད།  ལས་དང་པོ་པའི་བློ་ངོར་འཆར་བདེ་བར་བྱེད་པའི་ཐབས་སུ་ཡུལ་བརྟག་པའི་རབ་བྱེད་ལས་འཕྲོས་པའི་དཔྱད་བརྗོད་མདོ་ཙམ་སྨོས་ན།  དེ་ནས་ཤེས་བྱ་སྤྱི་ལྡོག་ནས་གཏན་ལ་དབབ་པ་དང་།  ཤེས་བྱེད་ཚད་མའི་རང་བཞིན་ངེས་པ་བྱ་བ་གཉིས་ལས།  དང་པོ་ཤེས་བྱའི་ཡུལ།  ཤེས་བྱེད་ཀྱི་བློ།  བློ་དེས་ཡུལ་རྟོགས་ཚུལ་དང་བཅས་པའོ།།  དེའང་ཤེས་བྱའི་ཡུལ་ལའང་ཡུལ་གྱི་མཚན་ཉིད་དང་།  དབྱེ་བ།  དོན་བསྡུ་བ་དང་གསུམ་ཡོད་པ་ལས་དང་པོ་ཤེས་བྱ་ཡུལ་གྱི་མཚན་ཉིད་ནི་རང་འཛིན་གྱི་བློས་རིག་པ་བྱ་བ་དེ་ཡིན་ལ།  འདི་ལ་ཁ་ཅིག་གིས་མཚན་ཉིད་འདི་ལ་མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ་གྱི་སྐྱོན་སྤོང་མཛད་མི་ཐུབ་པས་འདི་ལ་ཁྱབ་ཆེ་བའི་སྐྱོན་ཡོད་དེ།  གང་ལ་ཁྱབ་ཆེ་བའི་སྐྱོན་ཡོད་ཅེ་ན་རབ་རིབ་ཅན་ལ་སྐྲ་ཤད་སྣང་བ་དང་མིག་བཙིར་བའི་གང་ཟག་ལ་ཟླ་བ་གཉིས་སྣང་ལྟ་བུ་དེ་ལ་ཁྱབ་ཆེ་བའི་སྐྱོན་ཡོད་ཅེས་བཤད་དེ།  དེས་ན་འཛིན་སྟངས་མ་འཁྲུལ་བའི་བློས་རིག་པ་བྱ་བ་དེ་ཡུལ་གྱི་མཚན་ཉིད་ཡིན་ཞེས་བརྗོད་ཀྱང་།  ཀུན་ཆེན་གོ་རམས་པས་དེ་འདྲ་དོགས་གཞི་མཛད་མི་དགོས་ཏེ། ཟླ་་བ་གཉིས་སྣང་དེ་ཡུལ་མ་ཡིན་ཞེས་གསུངས་སོ།།   ཟླ་བ་གཉིས་སྣང་དེ་ཟླ་གཉིས་འཛིན་པའི་བློ་ལ་ལྟོས་ན་བློ་དེས་སྣང་ཡུལ་ལྟ་བུ་མཐོང་གི་ཡོད་རེད་ལ།  ཟླ་གཉིས་དེ་སྤྱི་ཁྱབ་འཇིག་རྟེན་མཐུན་སྣང་ལ་ལྟོས་ནས་བཞག་པ་ཞིག་ཡིན་ན།  ཟླ་གཉིས་དེ་ཤེས་བྱ་ལ་གྲུབ་མྱོང་མེད།  ཟླ་གཉིས་ཡིན་ན་ཤེས་བྱ་ལ་མ་གྲུབ་པས་ཁྱབ།  ཟླ་གཉིས་ཡིན་ན་གཞལ་བྱ་མ་གྲུབ་པས་ཁྱབ།  དེས་ན་ཟླ་བ་གཉིས་སྣང་དེ་ཡུལ་ཡིན་མིན་གྱི་ཐེ་ཚོམ་མམ་དོགས་པ་གཏན་ནས་སྐྱེ་མི་དགོས་པས་ཟླ་གཉིས་མེད་པའི་ཕྱིར་ན་ཟླ་གཉིས་ཡུལ་དུ་མི་འཛིན།  ཟླ་གཉིས་ཡུལ་དུ་མི་འཛིན་པའི་ཕྱིར་ན་འདིར་ ཡུལ་གྱི་མཚན་ཉིད་བློས་རིག་བྱ་ཞེས་མཚན་ཉིད་ཡང་དག་གཞུང་དོན་དངོས་བསྟན་སྒྲ་ཇི་བཞིན་པ་ཡིན་པར་གོ་དགོས།  གཞན་དུ་ན་འཛིན་སྟངས་མ་འཁྲུལ་བའི་བློས་རིག་པ་བྱ་བ་དེ་ཡུལ་གྱི་མཚན་ཉིད་ཡིན་ཞེས་རྣམ་བཞག་བྱ་དགོས་ན།  དེས་ན་དོན་སྤྱི་ཆོས་ཅན་ཁྱོད་སྣང་ཡུལ་མ་ཡིན་པ་ཐལ།  འཛིན་སྟངས་མ་འཁྲུལ་བའི་གཟུང་བྱ་མ་ཡིན་པའི་ཕྱིར་ཏེ་རྟོག་པ་ངོ་བོ་ཉིད་ཀྱི་འཁྲུལ་པ་ཡིན་པའི་ཕྱིར་ཞེས་གཏན་ཚིག་གིས་གནོད་པ་འབྱུང་ངེས་པས།  དོན་སྤྱི་ཞེས་པ་འདིར་ཡང་འོག་ཏུ་སྤྱི་བྱེ་བྲག་བརྟག་པའི་སྐབས་དང་།  ཡུལ་བརྟག་པའི་སྐབས་འདིར་ཅུང་ཟད་བཤད་རྒྱུ་ཡོད་པར་བཞིན་དུ།  བུམ་པ་ལྟ་བུ་ཞིག་ལ་མཚོན་ནས་དཔེར་བཞག་པ་ཞིག་ཡིན་ན།  གསེར་གྱི་བུམ་པ་དང་དངུལ་གྱི་བུམ་པ་ཟངས་ཀྱི་བུམ་པ་སའི་བུམ་སོགས་གང་ཡིན་རུང་།  དེ་དག་ཐམས་ཅད་རང་མཚན་ལ་ལྟོས་བཞག་པ་ཞིག་ཡིན་ན་ཡུལ་མ་འདྲེས་པར་ཤར་ལྷོ་ནུབ་བྱང་སོགས་གང་དུ་ཡོད་ན་དེར་ཡོད་རེད་མ་གཏོགས།  གཅིག་གཅིག་གི་ནང་འཛུལ་ནས་གཅིག་རེད་འགྲོ་རྒྱུ་གཏན་ནས་མེད་ལ།  དུས་ཀྱང་འདས་མ་འོངས་པའི་བུམ་པ་རྣམས་གཅིག་རེད་འགྲོ་རྒྱུ་མེད།  རང་བཞིན་ཡང་གསེར་བུམ་དང་དངུལ་བུམ་སོགས་གཅིག་རེད་འགྲོ་རྒྱུ་མེད་དེ།  ཡུལ་དུས་རང་བཞིན་མ་འདྲེས་པར་སོ་སོར་གནས་ཡོད་པའི་ཕྱིར་ན།  དེས་ན་རང་རེ་ལྟ་བུའི་རྟོག་བྱེད་ཀྱི་བློས་གཅིག་གཟུང་འོང་དུས།  ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་སོགས་དོན་བྱེད་ནུས་པའི་མཚན་ཉིད་ཅན་གྱི་བུམ་པ་སྤྱི་ལ་འཛིན་སྟངས་གཅིག་ལྟ་བུ་ཞིག་འབྱུང་གི་ཡོད་པ་རེད།   བུམ་པ་སྤྱི་ལ་འཛིན་སྟངས་གཅིག་ལྟ་བུ་ཞིག་འབྱུང་གི་ཡོད་པའི་རང་གིས་རྟོགས་པའི་ངོར་ཤར་བའི་བུམ་པའི་རྣམ་པ་དེ་ཉིད་ཡུལ་དུས་རང་བཞིན་ཐུན་མོང་བ་སྒྲོ་བཏགས་པའི་ཆ་དེ་སྐབས་འདིར་དོན་སྤྱི་ཞེས་གོ་དགོས་པ་ཡིན།   འདི་ལ་ཁ་གཅིག་གིས་རྟོག་པ་ལ་བུམ་པའི་རྣམ་པ་སྣང་ཙམ་པ་དེ་དོན་སྤྱི་ཡིན་ཟེར་ནས་སྤྱི་དང་སྤྱི་མཚན་ཁག་མ་ཕྱེས་ནས་བཤད་པ་ཡོད་མོད།

རིགས་གཏེར་གྱི་དགོངས་པ་ལ་དེ་སྤྱི་དང་སྤྱི་མཚན་ཐ་དད་མེད་པའི་ཕྱིར་ན་དོན་སྤྱི་ཡིན་ཟེར་ནས་ཁས་མི་ལེན་པས།  རྟོག་པ་ལ་རྣམ་པ་སྣང་ཙམ་པ་དེ་ཤེས་པ་རང་མཚན་ཡིན་པའི་ཕྱིར་ན་རང་རིག་མངོན་སུམ་ཚད་མའི་གཞལ་བྱ་དང་ཤེས་པ་རང་མཚན་སོགས་སུ་འཇོག་པ་ལས་དོན་སྤྱི་དང་སྤྱི་མཚན་སོགས་སུ་འཇོག་རིགས་པ་མ་ཡིན་ནོ།།   དེ་བཞིན་དུ་ཕྱི་རོལ་གྱི་བུམ་པ་སྒྲོ་བཏགས་པའི་དངོས་མེད་ཀྱི་ཆ་དེ་ལ་དོན་སྤྱི་ཞེས་བརྗོད་པ་ཡིན་ཏེ།  གསེར་བུམ་དང་དངུལ་བུམ་འདས་མ་འོངས་ཀྱི་བུམ་པ་སོགས་སོ་སོར་ཁྱད་པར་གཏན་ནས་མ་ཕྱེས་པར་རང་གིས་རྟོག་པའི་དངོས་ཡུལ་དུ་བུམ་པའི་རྣམ་པ་ཞིག་ཤར་འོང་རྒྱུ་དེ་ཕྱི་རོལ་གྱི་བུམ་པ་ཡིན་སྙམ་པ་ལྟ་བུའི་སྒྲོ་བཏགས་ཀྱི་ཆ་དེ་ལ་དོན་སྤྱི་ཞེས་བརྗོད་པ་ཡིན།  དེ་བཞིན་དུ་ཤིང་ཡིན་ནའང་དཔེ་དེ་མཚུངས་ཡིན་ལ།   ཤིང་གླང་མ་དང་སྟག་པ་འབོ་ལོ་ཤ་པ་དང་ཤུག་པ་སོགས་ཡུལ་དུས་རང་བཞིན་རྣམ་པ་ཐ་དད་པའི་ཤིང་མང་པོ་ཞིག་ཡོད་ནའང་།  དེ་དག་ཐམས་ཅད་ཡལ་ག་ལོ་མ་དང་ལྡན་པའི་མཚན་ཉིད་ཅན་དེ་ཡིན་ཚར་ནས་བཟུང་རྟོག་ཅན་གྱི་བློས་འདྲ་བ་ལ་གཅིག་ཏུ་ཞེན་ཟེར་བ་ལྟར།   ཤུག་པའང་ཡལ་ག་ལོ་མ་དང་ལྡན།  སྟག་པའང་ཡལ་ག་ལོ་མ་དང་ལྡན།  གླང་མའང་ཡལ་ག་ལོ་མ་དང་ལྡན། རྟོག་པའི་བློས་དེ་དག་ཐམས་ཅད་ལ་ཤིང་ཟེར་ནས་གཅིག་ཏུ་གཟུང་བ་ལས་སོ་སོར་མ་ཕྱེས་པར་ཤིང་ཟེར་ནས་གཅིག་ཏུ་ཞེན་པའི་ཡལ་ག་ལོ་མ་དང་ལྡན་པའི་རྣམ་པ་ལ་ཕྱི་རོལ་ཏུ་ཞེན་པའི་ཆ་དེ་ཤིང་གི་སྤྱི་ཞེས་བརྗོད་པ་ཡིན།   དེ་ཤིང་སྤྱི་ཡིན་ཏེ་གླང་མ་དང་སྟག་པ་སོགས་ཐམས་ཅད་ལ་ཁྱབ་པ་ཡིན་ཏེ།  དཔེར་ན་ཁྱོད་ལ་ཤིང་ཡོད་དམ་ཞེས་དྲིས་པ་ན་གླང་མ་ལྟ་བུ་གཅིག་ཡོད་ནའང་ཤིང་ཡོད་ཅེས་ལན་འདེབས་པར་སྨོས་མ་དགོས་པ་རེད།   དེ་ཚོ་ཚང་མ་ལ་ཤིང་ཟེར་གཅིག་ཏུ་འཁྲུལ་ནས་རྟོག་པའི་ངོ་ལ་ཡལ་ག་ལོ་མ་དང་ལྡན་པའི་རྣམ་པ་སྣང་ཞིང་དེ་ཉིད་ཕྱི་རོལ་ཏུ་ཤིང་དུ་སྒྲོ་བཏགས་པའི་ཆ་དེ་ལ་ཤིང་གི་སྤྱི་ཡིན་ཏེ། འོག་ཏུ་བྱེ་བྲག་གྲུབ་ན་སྤྱི་གྲུབ་པ་རང་བཞིན་གྱི་རྟགས་ཡིན་གསུངས་པ་ལྟར།  ཤུག་པ་ཡོད་ན་ཤིང་ཡོད་པས་ཁྱབ།  འབོལ་ལོ་ཡོད་ན་ཤིང་ཡོད་པས་ཁྱབ་པའི་ཕྱིར་ན། བྱེ་བྲག་གྲུབ་ན་སྤྱི་གྲུབ་པ་དེ་ཡང་དེ་འདྲའི་ཤིང་གི་སྤྱི་དེ་བྱེ་བྲག་ཤུགས་པ་ལྟ་བུ་ལའང་སྒྲོ་བཏགས་ཏེ་ཤིང་ཡོད་སྙམ་ཆོག་སྟེ།  གང་ཡིན་ཞེ་ན་ཡལ་ག་ལོ་མ་དང་ལྡན་ཚད་སོ་སོར་གཏན་ནས་མ་ཕྱེས་པར་ཤིང་ཟེར་ནས་རྟོག་པའི་བློས་ཤིང་གི་ཐུན་མོང་དུ་སྒྲོ་བཏགས་ནས་དོན་གྱིས་བཟུང་བ་དེ་ལ་དོན་སྤྱི་ཞེས་བརྗོད་པ་ཡིན།  དོན་སྤྱི་དེ་ཡང་གཞལ་བྱ་ཡིན་ཏེ། རྟོག་པའི་བློ་ལ་དངོས་སུ་སྣང་བཞིན་ཡོད་པ་དང་།  འོ་ན་དེ་ཕྱི་རོལ་དུ་སྒྲོ་བཏགས་པའི་དངོས་མེད་ཀྱི་ཆ་ཡིན་པའི་ཕྱིར་ན་ཟླ་བ་གཉིས་སྣང་ཡུལ་མ་ཡིན་པ་བཞིན་དུ་དོན་སྤྱི་ཡང་སྣང་ཡུལ་མ་ཡིན་པ་ཐལ་ཟེར་ན་དེའི་སྐྱོན་མེད་དེ།  འོག་ཏུ་འཆད་འགྱུར་བཞིན་དུ་ཟླ་བ་གཉིས་སྣང་ལ་རང་མཚན་གྱི་ཡུལ་དུ་མེད་ཅིང་ཡུལ་ཡིན་པ་སྒྲོ་བཏགས་པ་ལ་དགོས་པ་ཅུང་ཟད་ཙམ་ཡང་མེད།  དོན་སྤྱི་འདི་ལ་རང་མཚན་གྱི་ཡུལ་དུ་མེད་ཀྱང་དེ་ལ་ཡུལ་དུ་སྒྲོ་བཏགས་ན་དགོས་པ་ཡོད་དེ།  གང་ཡིན་ཞེ་ན་དཔེར་ན་དགག་སྒྲུབ་ཅིག་ཅར་དུ་རྟོག་པའི་དགོས་པ་ཡང་སྤྱི་ལ་ལྟོས་ནས་གྲུབ་ཡོང་བར་ཡིན་པས།  བུམ་པ་ཚང་མ་ལ་བུམ་པ་ཞེས་སྤྱི་གཅིག་ཏུ་འཁྲུལ་པའི་བློ་དེ་ཡོད་ན་དགག་སྒྲུབ་ཐམས་ཅད་ཅིག་ཅར་དུ་རྟོགས་འགྲོ་བ་ཡིན་ཏེ།  དགག་པའི་ཚེ་ན་བུམ་པ་མེད་ཅེས་བརྗོད་པ་ཙམ་གྱིས་བུམ་པ་ཐམས་ཅད་མེད་པར་གོ་བར་ལྟར།  བསྒྲུབ་པའི་ཚེ་ནའང་ཁྱོད་ལ་བུམ་པ་ཡོད་དམ་ཞེས་ཐོས་མ་ཐག་བུམ་པ་གསེར་བུམ་མ་རེད་དངུལ་བུམ་མ་རེད་ང་རང་ལ་ཡོད་པ་དེ་ཟངས་བུམ་རེད་ཟེར་བ་ལྟ་བུ་དེ་འདྲའི་བྱེ་བྲག་གཏན་ནས་ཕྱེ་མི་དགོས་པར་བུམ་པ་ཡོད་དམ་ཞེས་དྲིས་མ་ཐག་ཏུ་གསེར་བུམ་ཡིན་ན་དངུལ་བུམ་ཡིན་ན་ཁྱེད་རང་ལ་བུམ་པ་གཅིག་ཡོད་པ་དེ་སྒྲུབ་པ་ཡང་གཅིག་ཆར་དུ་རྟོགས་འགྲོ་བ་ཡིན་པས།  དེ་འདྲ་མ་ཡིན་པར་བུམ་པ་ཐམས་ཅད་ལ་སྤྱི་གཅིག་ཏུ་འཁྲུལ་རོགས་གཏན་ནས་མ་བྱས་ན་དགག་སྒྲུབ་ཐམས་ཅད་གཅིག་ཆར་དུ་རྟོགས་པར་མི་འགྱུར་བས།  ཁྱོད་ལ་བུམ་པ་ཡོད་དམ་ཞེས་དྲིས་ན་བུམ་པ་གཅིག་པུའི་བུམ་པ་ཚང་མ་མེད་པར་མི་གོ་བར། སྤྱི་གཅིག་ཏུ་མི་འཁྲུལ་བའི་རྐྱེན་གྱིས་གསེར་བུམ་མེད་དངུལ་བུམ་མེད་རྫ་བུམ་མེད་ཟེར་ནས་བུམ་པ་མིང་ཤེས་ཚད་ཚང་མ་ཡར་བཏགས་ཏེ་དེ་དང་དེ་མེད་ཟེར་ནས་དགག་པའི་ཚེ་ན་སོ་སོར་དེ་འདྲ་དགག བསྒྲུབ་པའི་ཚེ་ནའང་གསེར་བུམ་མེད་དངུལ་བུམ་མེད་ཟངས་བུམ་ཡོད་ཟེར་བ་ལྟ་བུ་དེ་འདྲ་བཤད་དགོས་ན་བུམ་པ་ལྟ་བུ་གཅིག་ཡོད་མེད་རྩོད་པའི་ཚེ་ནའང་ཉི་མ་མང་པོར་བཤད་རྒྱུ་གཏམ་རྒྱུ་ཐོན་པ་ཞིག་ཡོང་གི་ཡོད་པས། འོན་ཀྱང་བུམ་པ་ཚང་མ་ལ་བུམ་པ་ཞེས་སྤྱི་གཅིག་ཏུ་འཁྲུལ་རོགས་བྱེད་རྒྱུ་འདི་ཡི་བུམ་པ་མེད་ཟེར་བཞག་དུས་དགག་པ་ཐམས་ཅད་གཅིག་ཅར་དུ་རྟོགས་འགྲོ་རྒྱུའི་དགོས་པ་ཡོད་པའི་ཕྱིར་ན། དེས་ན་མེད་པ་གསལ་སྣང་དང་དོན་སྤྱི་གཉིས་རང་མཚན་མེད་པར་གཅིག་ན་ཡང་མེད་པ་གསལ་སྣང་ནི་ཡུལ་དུ་འཇོག་པ་ལ་དགོས་པ་མེད་ཅིང་དོན་སྤྱི་སྣང་ཡུལ་དུ་འཇོག་པའི་རྒྱུ་མཚན་ནམ་དགོས་པ་ཡང་དེ་ཡིན།  དེ་ན་འཛིན་སྟངས་མ་འཁྲུལ་བའི་བློའི་རིག་པ་བྱ་བ་ལྟར་འཇོག་ན་དོན་སྤྱིའང་ཡུལ་མ་ཡིན་པ་ཐལ་དགོས་ན་དེ་མི་འཐད་པའི་ཕྱིར་ན་ཡུལ་གྱི་མཚན་ཉིད་བློའི་རིག་བྱ་ཞེས་རྩ་བའི་དངོས་བསྟན་སྒྲ་ཇི་བཞིན་འཇམ་མགོན་ས་པཎ་གྱིས་ཇི་ལྟར་གསུང་པ་བཞིན་དུ་ཡུལ་གྱི་མཚན་ཉིད་ཡང་དག་ཡིན་པ་ཉིད་དུ་གོ་དགོས།  དེས་ན་གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས་ཞེས་པའི་ལུང་འདྲེན་འཆད་པའི་སྐབས་སུ་འཇུག་ཚུལ་གྱི་སྒོ་ནས་གཞལ་བྱ་ལ་རང་སྤྱི་གཉིས་ཡོད་གསུངས་པ་དང་། མེད་པ་གསལ་སྣང་དེ་དང་མི་འདྲ་བའི་ཕྱིར་ན། གལ་སྲིད་མེད་པ་གསལ་སྣང་ཡང་འཇུག་ཚུལ་གྱི་སྒོ་ནས་ཡུལ་ཡིན་ཟེར་དགོས་ན་ཡུལ་རང་སྤྱི་གཉིས་སུ་མ་ངེས་པར་ཡུལ་རང་མཚན་སྤྱི་མཚན་མེད་པར་གསལ་སྣང་གསུམ་ཡོད་ཟེར་དགོས་ཀྱི་ཡོད་པས་ཆོས་རྗེའི་དེ་འདྲ་མ་གསུངས་ཤིང་རང་སྤྱི་གཉིས་སུ་འཇུག་ཚུལ་གྱི་སྒོ་ནས་ཡོད་གསུང་རྒྱུ་འདིའི་དོན་སྤྱི་སྣང་ཡུལ་དུ་བཞག་གི་མེད་པར་གསལ་སྣང་སྣང་ཡུལ་དུ་མི་བཞག་ཞེས་པའི་དགོངས་པ་ཡང་དེ་ཡིན་ནོ།།  

ལས་དང་པོ་པས་མེད་པ་གསལ་སྣང་ཞེས་པ་དེ་ཡང་གང་ཡིན་གསལ་པོ་ཞིག་ཤེས་པར་མི་འགྱུར་བས།   དོན་རང་མཚན་ལ་དེ་འདྲ་ཞིག་མེད་པར་གསལ་བས་དབང་ཤེས་ལ་དེར་སྣང་བའི་ཕྱིར་ན་མེད་པ་གསལ་སྣང་ཞེས་ངེས་ཚིག་འདིས་རྟོག་མེད་ལོག་ཤེས་ཀྱི་སྣང་ཡུལ་ཐམས་ཅད་མེད་པ་གསལ་སྣང་སྟེ། དཔེར་ན་མཁྲིས་ནད་ཅན་ལ་དུང་སེར་པོར་སྣང་བ་དང་། རབ་རིབ་ཅན་ལ་སྐྲ་ཤད་སྣང་བ།  མིག་བཙིར་བའི་གང་ཟག་ལ་ཟླ་གཉིས་སྣང་བ།  གྲུ་ལ་ཞུགས་པ་ན་ལྗོན་ཤིང་འགྲོ་བར་སྣང་བ། ཉ་ཕྱིས་ལ་དངུལ་དུ་སྣང་བ་སོགས་མངོན་སུམ་ལྟ་སྣང་གི་ཡུལ་འདིའི་རིགས་ཐམས་ཅད་རྟོག་མེད་ལོག་ཤེས་ཀྱི་གཟུང་ཡུལ་ཡིན་ལ།

ཁ་གཅིག་གི་མེད་པ་གསལ་སྣང་འདི་ལ་ལྗོན་ཤིང་ཙམ་སྣང་བ་དེ་བློ་མ་འཁྲུལ་བ་དང་ལྗོན་ཤིང་འགྲོ་བ་སྣང་བའི་བློ་དེ་འཁྲུལ་ཤེས་སུ་བཞག་པ་དང་ནམ་མཁའ་ལ་ཟླ་བ་སྣང་བའི་མིག་ཤེས་མངོན་སུམ་ཚད་མ་དེ་བློ་མ་འཁྲུལ་བ་དང་ཟླ་བ་གཉིས་སྣང་བ་དེ་འཁྲུལ་ཤེས་ཡིན་ཟེར་ནས་འཁྲུལ་མ་འཁྲུལ་གྱི་ཆ་གཉིས་རེ་བཞག་ནས་བཤད་པ་ཡོད་ཀྱང་རིག་གཏེར་གྱི་དགོངས་པ་ལ་དེ་འདྲའི་རྣམ་བཞག་དེ་ཁས་མི་ལེན་པའི་ཕྱིར་ན།  ལྗོན་ཤིང་འགྲོ་བ་དེ་ཤེས་བྱ་ལ་མི་སྲིད་ཟླ་གཉིས་ཤེས་བྱ་ལ་མི་སྲིད་ཟླ་གཉིས་མཐོང་བ་ཡིན་ན་འཁྲུལ་ཤེས་ཡིན་པས་ཁྱབ་པའི་ཕྱིར་ན་འཁྲུལ་མ་འཁྲུལ་ཆ་གཉིས་ཀྱི་རྣམ་བཞག་བྱེད་མི་དགོས་པར་ཟླ་གཉིས་སྣང་བ་དེ་འཁྲུལ་པ་ཡིན།  ལྗོན་ཤིང་འགྲོ་བ་སྣང་བའི་བློ་དེ་འཁྲུལ་པ་ཡིན།  འོན་ཀྱང་དེ་ཉིད་ཁ་ནང་ལྟས་ཀྱི་བློ་དེ་ཚད་མ་ཡིན་ཞེས་རྣམ་བཞག་བྱས་ཡོད་ལ།  ཀུན་མཁྱེན་གོ་རམས་པས་སྤྱི་བཏང་གི་ཟླ་བ་གཉིས་སྣང་ལྟ་བུ་དེ་བློ་དེའི་སྣང་ཡུལ་ཡིན་ཀྱང་སྤྱིར་སྣང་ཡུལ་མ་ཡིན་ཞེས་རིགས་གཏེར་གྱི་དགོངས་པ་ཡིན་ནོ་སྙམ་གསུངས་པའི་དགོས་པ་ཡང་དོན་འདི་ལ་དགོངས་པ་ཡིན་པར་ཤེས་པར་བྱ་རིགས་སོ།།  སྤྱིར་བློ་དེའི་ངོར་སྣང་གི་ཡོད་པ་ཙམ་གྱིས་རྣམ་བཞག་བྱས་མ་བྱས་ཙམ་ལས་དོན་དུ་ཡུལ་ཡོད་མེད་ཀྱི་རྣམ་བཞག་བྱ་དགོས་ན་འཇམ་མགོན་ས་པཎ་གྱིས་ཡུལ་མེད་ཅེས་གསུང་པ་ལྟར་ཟླ་གཉིས་དེ་ཤེས་བྱ་ལ་གྲུབ་མྱོང་མེད་པ་ཉིད་དུ་ཀུན་གྱིས་མཁྱེན་གསལ་ལྟར་ལགས་སོ།།  དོན་སྤྱི་དགོས་པ་ལ་བརྟེན་ནས་སྣང་ཡུལ་ཡིན་གསུང་པ་དེ་རིགས་གཏེར་གྱིས་དགོངས་པ་ཡིན་ལ།  དེང་སང་ཚད་མ་སྨྲ་བའི་ལུགས་ཁ་གཅིག་གིས་ནམ་མཁའ་འདིའང་རང་མཚན་ཞིག་ཡོད་པ་ལྟ་བུ་ཞིག་དང་།  འདུས་མ་བྱས་པའི་དངོས་པོ་ཞིག་ཕལ་ཆེས་བྱེ་བྲག་སྨྲ་བའི་ཚུལ་མཚུངས་པ་ལྟ་བུ་ཞིག་ཁས་བླང་མཛད་ནས་བཤད་པ་ཡོད་ཀྱང་།   ཡང་རིག་གཏེར་གྱི་དགོངས་པ་ལ་ནམ་མཁའ་ཟེར་བ་དེ་ཅི་ཡང་མེད་པ་ཞིག་ལ་ནམ་མཁའ་ཞེས་སྒྲོ་བཏགས་ནས་བརྗོད་པ་ཞིག་མ་གཏོགས་ནམ་མཁའ་ཞེས་ཇི་ལྟར་བརྗོད་ཀྱང་དབྱིབས་དང་ཁ་དོག་སོགས་དོན་དུ་རང་མཚན་དུ་གྲུབ་པ་ཞིག་གང་ཡང་མེད་དེ།  སྐབས་འདིར་ཡང་སོར་མོའི་རྩེ་མོས་བསྟན་པ་ན། །ནམ་མཁའ་མཐོང་ཞེས་བླུན་པོ་འཁྲུལ་ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའི་དོན་དེ་ལྟ་བུ་ལ་དགོངས་ནས་གསུང་པ་ཡིན།  ཆོས་མངོན་པ་ལྟ་བུའི་ཚད་མ་འདི་ལ་ཡར་བཀལ་ནས་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཏེ་ཡུལ་དྲུག་གི་རྣམ་བཞག་བྱས་ནས་ནམ་མཁའ་ཆོས་ཁམས་ཀྱི་ཁོངས་སུ་བསྡུས་ནས་ནམ་མཁའ་ཆོས་ཅན་ཡོད་པ་ཐལ།  ཡུལ་ཡིན་པའི་ཕྱིར། ཡུལ་ཡིན་ཏེ་ཆོས་ཁམས་ཡིན་པའི་ཕྱིར་ཞེས་པ་ལྟ་བུ་བསྒྲུབ་བྱེད་བཀོད་ཆོག་ལ།  ཡིན་ཀྱང་ཚད་མ་རྣམ་འགྲེལ་བཞིན་ཚད་མའི་རང་ལུགས་ལྟར་ན་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་མ་གཏོགས་ཡུལ་དྲུག་པའི་ཐ་སྙད་ཞིག་གཏན་ནས་འབྱུང་གི་མེད་པས་ཆོས་མངོན་པའི་ལུགས་ལྟར་བསྒྲུབ་པར་བྱས་ཀྱང་ཐ་སྙད་དེ་མི་འབྱུང་བའི་ཕྱིར་ན་བསྒྲུབ་མི་ནུས་ལ།  དེ་ལྟར་མ་ཡིན་པར་ནམ་མཁའ་ཆོས་ཁམས་སུ་བཞག་ཆོག་ཅིའི་ཕྱིར་ཞེ་ན་རྟོག་པའི་ཡུལ་ཡིན་པའི་ཕྱིར་ཟེར་ནས་རྣམ་འགྲེལ་དང་རིགས་གཏེར་སོགས་ཀྱི་དགོངས་པ་ལྟར་གཏན་ཚིག་བཀོད་དེ་ཡུལ་དྲུག་པ་བཞག་ཆོག་ཀྱང་།  རྟོག་པའི་ཡུལ་་ཡིན་པའི་ཕྱིར་ན་ནམ་མཁའ་རང་མཚན་ཡིན་ཟེར་ན་གཏན་ནས་འགྲིག་གི་ཡོད་མ་རེད།  ཅིའི་ཕྱིར་ཞེ་ན་རྟོག་པའི་རང་མཚན་ནི་མི་གཞལ་བ་དེ་ཚད་མའི་དགོངས་པ་ཡིན་ལ། ནམ་མཁའ་ནི་ཅི་ཡང་མེད་པ་ཞིག་ལ་གོ་དགོས། དེང་སང་བསྡུས་གྲྭ་བ་དེ་ཚོ་ཕལ་མོ་ཆེས་ཀྱང་རྟགས་དངོས་ཀྱི་ཡོད་པའི་དབང་དུ་བྱས་ནས།   ནམ་མཁའ་རང་མཚན་ལྟ་བུ་ཡོད་པ་གཞི་བཞག་བྱེད་པ་རྣམས་ཀྱི་རྣ་ལམ་དུ་འགྲོ་བར་མི་འགྱུར་མོད་ཆོས་རྗེ་ས་པཎ་གྱིས་ནམ་མཁའ་ཡོད་ལ་སྒྲུབ་བྱེད་མེད་གསུང་སྟེ་གལ་སྲིད་ནམ་མཁའ་དེ་རང་མཚན་ཞིག་ཡོད་པར་གྲུབ་པའི་དངོས་པོའི་ཆོས་ཞིག་ཡིན་ན། ཡང་ན་མངོན་སུམ་ཚད་མ་དང་ཡང་ན་རྗེས་དཔག་ཚད་མ་གཉིས་ཏེ་མངོན་འགྱུར་དང་ལྐོག་འགྱུར་གྱི་ཚད་མ་གཉིས་ཀྱིས་གཞལ་བྱའི་ཡུལ་ལས་མི་འདའ་བའི་ཕྱིར་ན་མངོན་སུམ་ཚད་མའི་ངོར་གྲུབ་པའི་ཡུལ་ལྔ་སྟེ་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་ལས་མ་འདུས་པ་མེད་པའི་ཕྱིར་ན།  མིག་གིས་གཞལ་བྱ་ཡིན་ན་གཟུགས་ཡིན་དགོས་པས་དབྱིབས་དང་ཁ་དོག་གཉིས་སུ་མ་གྲུབ།  རྣ་བའི་གཞལ་བྱ་ཡིན་ན་སྒྲ་ཡིན་དགོས་པས་སྒྲ་ལའང་སྙན་དང་མི་སྙན་སོགས་མ་གྲུབ།  དེ་བཞིན་དྲི་དང་རོ་དང་རེག་བྱ་སོགས་གང་ཡང་མ་གྲུབ་པས་མངོན་སུམ་ཚད་མའི་ཡུལ་མ་ཡིན་ཞིང་།  རྗེས་དཔག་གི་ནམ་མཁའ་ཡོད་པར་གྲུབ་ཟེར་ན་ནམ་མཁའ་ལ་འབྲས་བུའི་ཆོས་ཤིག་ཡོད་ན་ནམ་མཁའ་སྒྲུབ་ཆོག་ལ་དཔེར་ན་དེ་བྱུང་གི་འབྲེལ་བ་ལྟ་བུ་ཞིག་ཡིན་ན་འབྲས་བུའི་རྟགས་སུ་བཀོད་ནས་རྒྱུ་ནམ་མཁའ་ཡོད་པར་སྒྲུབ་ཆོག་པ་དང་།  ཡང་ན་ནམ་མཁའ་དང་འབྲེལ་བའི་ངོ་བོ་བདག་གཅིག་གི་འབྲེལ་བའི་ཆོས་ཞིག་རྟགས་སུ་བཀོད་ནས་ནམ་མཁའ་ཡོད་པར་སྒྲུབ་ཆོག་ལ་དེ་ལྟ་བུའི་སྒྲུབ་བྱེད་ཀྱི་རྟགས་ཡང་དག་གཏན་ནས་མེད་པས་ནམ་མཁའ་ཡོད་ལ་སྒྲུབ་བྱེད་ཀྱི་ཚད་མ་མེད་པའི་ཕྱིར་ན་ནམ་མཁའ་ཞེས་བཏགས་པ་ཙམ་ལས་དོན་ལ་རྟགས་དངོས་ཤིག་མེད་ཅེས་པའོ།།

   རྩ་བར་ལས།  དོན་སྤྱི་དང་ནི་མེད་སྣང་གཉིས། །ཡུལ་ཡིན་ཞེ་ན་ཞེས་སྨོས་ཏེ །  དེ་ལ་བོད་ཁ་གཅིག་གཙང་ནག་པ་རྩོན་འགྲུས་སེངྒེ་དང་དན་འབག་པ་སྨྲ་བའི་སེངྒེ་གཉིས་གཙོ་བོ་བྱས་ཏེ་དེའི་རྗེས་འབྲངས་རྣམས་ཕལ་མོ་ཆེས་ཀྱང་དེ་བཞིན་དུ་ཁས་བླང་དེ་གཟུང་གི་ཡོད་པས། བློ་རྣམ་རྟོག་གིས་གཟུང་ཡུལ་དོན་སྤྱི་དང་རྟོག་མེད་ལོག་ཤེས་ཀྱི་གཟུང་ཡུལ་མེད་པ་གསལ་སྣང་དེ་གཉིས་ཁྱོད་བོད་སྔ་རབས་པ་རྣམས་ཀྱིས་གཟུང་ཡུལ་ཡིན་ནོ་ཞེ་ན་ཞེས་གོ་དགོས་ཤིང་།  འདིའི་འཁྲུལ་གཞི་དེ་རྒྱ་གར་འཕགས་པའི་ཡུལ་དུ་སློབ་དཔོན་ཆོས་མཆོག་གི་རྣམ་འགྲེལ་གྱི་འགྲེལ་བའི་སྐབས་སུ་དོན་སྤྱི་ཡང་བཟུང་ཡུལ་ལྟ་བུ་ཞིག་དང་མེད་པར་གསལ་སྣང་ཡང་བཟུང་ཡུལ་ཡིན་འདུག་པ་འདྲ་ཞིག་གསུངས་ཏེ་བོད་སྔ་རབས་པ་རྣམས་ཀྱིས་ཀྱང་དེའི་རྗེས་འབྲངས་གཙོ་བོ་བྱས་ཏེ་སྣང་ཡུལ་དང་གཟུང་ཡུལ་དོན་གཅིག་ཡིན་ཟེར་ནས།  གཟུང་ཡུལ་ཟེར་རྒྱུ་དེ་གསུམ་ཡོད་ཅེས།  གཅིག་རང་མཚན་ཡིན་ལ།  གཉིས་མེད་པར་གསལ་སྣང་ཡིན། གསུམ་པ་དོན་སྤྱི་རེད་ཟེར་ནས་དེ་ཐམས་ཅད་བཟུང་ཡུལ་ཡིན་ཞེས་བཟུང་ཡུལ་དང་སྣང་ཡུལ་དོན་གཅིག་ཡིན་པ་བཤད་ཡོད་པ་དེ།  ཆོས་རྗེ་ས་པཎ་གྱིས་དེ་དགག་པ་ལ་དོན་སྤྱི་དང་མེད་པ་གསལ་སྣང་གཉིས་བཟུང་ཡུལ་མ་ཡིན་ཏེ།  བཟུང་ཡུལ་ཡིན་ན་ཚད་མ་རྣམ་འགྲེལ་གྱི་སྐབས་སུ་རྒྱུ་ཡི་དངོས་པོ་མ་གཏོག་པར། བཟུང་བ་ཞེས་བྱ་ཅི་ཡང་མེད་ཅེས་གསུང་པ་དང་། ཤེས་པ་རང་སྐྱེད་བྱེད་ཀྱི་རང་འཛིན་མངོན་སུམ་ལ་རང་འདྲིའི་རྣམ་པ་གཏོད་བྱེད་ཀྱི་ཡུལ་ཡིན་ན་དེ་བཟུངས་ཡུལ་ཡིན་དགོས་ཏེ་རྣམ་འགྲེལ་གྱིས་བཟུང་ཡུལ་གྱི་མཚན་ཉིད་དེ་ལ་ཡོད་མ་གཏོགས་བློ་ལ་སྣང་ཚད་ཚང་མ་དེར་བཟུང་ཡུལ་གྱི་མཚན་ཉིད་ཞུགས་མེད་དེ།  མེད་སྣང་དེ་རྟོག་མེད་ལོག་ཤེས་མ་ཡིན་ན་མངོན་སུམ་ཚད་མ་ཡིན་དགོས་ལ། རྟོག་མེད་ལོག་ཤེས་ཡིན་དུས་མངོན་སུམ་ལྟ་སྣང་ཡིན་ནོ།།  དེ་དགག་པ་ལ་གོ་རམས་ཀྱིས་རིག་པའི་གཙོ་བོ་རྣམ་པ་གཉིས་གསུངས་ཡོད་པར།  ཡུལ་སྣང་རུང་དུ་ཐལ་བས་དགག་པ་དང་།  ཡུལ་ཅན་གྱི་བློ་མ་འཁྲུལ་བ་ཐལ་བས་དགག་པ་གཉིས་ཙམ་གྱིས་འཐུས་པར་བྱས་ཡོད་ཀྱང་།  རྩ་བའི་གཞུང་ལས་དང་པོ་ཐལ་བ་དགོད་ཅིང་།  དེའི་རྩོད་སྤོང་གི་ལན་དགག་པ་དང་།  དེའི་ལན་དང་ཡང་ལན་སོགས་རིགས་པ་མང་པོ་ཞིག་བླང་ནས་རྩོད་སྤོང་དང་དགག་སྒྲུབ་སོགས་མང་པོ་ཞིག་མཛད་པར་མངོན་ཡང་དོན་དུ་གོ་རམས་ཀྱི་རིགས་པ་འདི་གཉིས་ཀྱིས་མ་འཐུས་པ་མེད་པར་མངོན་ནོ།  དེ་ལ་ཐལ་བ་འཕེན་པ་ནི། རྩ་བ་ལས།  དེ་འཛིན་གྱི། །ཤེས་པ་གཉིས་པོ་འཁྲུལ་པ་འགལ་ཞེས་པས་བསྟན་ཏེ།   དེ་མི་འཐད་དེ།  ཡུལ་དེ་གཉིས་རང་འཛིན་གྱི་ཤེས་པ་སྒྲ་དོན་འདྲེས་འཛིན་གྱི་རྟོག་ཅན་གྱི་བློ་དོན་སྤྱི་དང་ཡུལ་མེད་པ་གསལ་བར་རྟོག་པའི་མིག་ཤེས་གཉིས་པོ་འཁྲུལ་པ་ཡིན་པ་འགལ་ཏེ་མ་འཁྲུལ་བ་ཡིན་པ་ཐལ།  གཟུང་ཡུལ་ཅན་གྱི་ཤེས་པ་ཡིན་པའི་ཕྱིར།  དཔེར་ན་བུམ་འཛིན་གྱི་མིག་ཤེས་བཞིན་ནོ།  །གཟུང་ཡུལ་བུམ་པ་མདུན་ན་ཡོད་བཞིན་པའི་བུམ་པ་ལ་ལྟ་བའི་མིག་ཤེས་མངོན་སུམ་ཚད་མ་དེ་གཟུང་ཡུལ་ཅན་གྱི་ཤེས་པ་ཡིན་ཏེ་ཡུལ་བུམ་པ་དེ་རང་འཛིན་མངོན་སུམ་ལ་རང་འདྲའི་རྣམ་པ་གཏོད་པའི་དོན་གྱིས་སྐྱེད་པའི་ཤེས་པ་ཡིན་པའི་ཕྱིར་རོ།།    དེའི་སྐྱོན་སྤོང་གི་ལན་གདོན་པ་ལ། རྩ་བ་ལས།   ཡུལ་ཡོད་ན་ཡང་ཐག་པ་ལ། །སྦྲུལ་འཛིན་བཞིན་དུ་འཁྲུལ་ཞེ་ན་ཞེས་པས་བསྟན་ཏེ།  མ་འཁྲུལ་བ་ཐལ་བའི་སྐྱོན་མེད་དེ།  དོན་སྤྱི་འཛིན་པའི་རྟོག་པ་དང་མེད་པ་གསལ་སྣང་འཛིན་པའི་མིག་ཤེས་ལྟ་བུའི་ཤེས་པ་དེ་གཉིས་ལ་གཅིག་ཤོས་ལ་དོན་སྤྱི་དང་གཅིག་ཤོས་ལ་ཟླ་གཉིས་ལྟ་བུའི་གཟུང་ཡུལ་ཡོད་ན་ཡང་འཁྲུལ་པ་ཡོད་པར་འགྱུར་ཏེ།  དཔེར་ན་ཐག་པ་ལ་སྤྲུལ་དུ་འཛིན་པ་དང་ཉ་ཕྱིས་ལ་དངུལ་དུ་འཛིན་ནས་འཁྲུལ་པ་བཞག་པ་བཞིན་དུ་ཡུལ་ཐག་པ་ཡོད་པར་བཞིན་དུ།  དོན་སྤྱི་དང་ཟླ་བ་གཉིས་སྣང་ལྟ་བུའི་གཟུང་ཡུལ་གཉིས་པོ་དེ་ཡོད་ནའང་འཁྲུལ་པ་བཞག་ཆོག་པ་དེ་བཞིན་དུ་ཡིན་སྙམ་ནས་ཐག་ཁྲ་ལ་སྤྲུལ་འཛིན་བཞིན་དུ་རྟོག་པ་རང་འཁྲུལ་པ་ཡིན་གྱི་ཡུལ་རང་མཚན་མེད་པ་དང་གཟུང་ཡུལ་མེད་པས་འཁྲུལ་ཤེས་སུ་བཞག་པ་མིན་ནོ་ཞེ་ན།  དེ་དགག་པ་ལ།  རྩ་བ་ལས། ཁྲ་འཛིན་ཡུལ་ཡོད་ཕྱིར་མ་འཁྲུལ། །ཡུལ་མེད་པས་ན་སྦྲུལ་འཛིན་འཁྲུལ་ཞེས་པས་བསྟན་ཏེ།   ཡུལ་ཡོད་ནའང་ཐག་པ་ལ་སྦྲུལ་དུ་འཛིན་པ་བཞིན་དུ་འཁྲུལ་ལོ་ཞེས་བརྗོད་པའི་དཔེ་མི་འཐད་དེ།   ཐག་པ་ལ་སྦྲུལ་དུ་འཛིན་པའི་ཚེ་ན་ཁྲ་འཛིན་ནི་ཡུལ་ཡོད་པའི་ཕྱིར་ན་མ་འཁྲུལ་ལ།  ཐག་ཁྲལ་གཟུང་བའི་མིག་ཤེས་མངོན་སུམ་ཚད་མ་དེ་འཁྲུལ་པ་མ་ཡིན་ཏེ་བློ་ཡང་དག་ཡིན་པའི་ཕྱིར།  ཡུལ་སྦྲུལ་མེད་པའི་ཕྱིར་ན་སྦྲུལ་འཛིན་གྱིས་རྟོག་པ་རང་འཁྲུལ་བ་ཡིན་ནོ་ཞེས་དཔེ་མི་རུང་བ་ཐལ་བས་དགག་པ་དང་།  དེ་བཞིན་དུ་དོན་སྤྱི་དང་མེད་པ་གསལ་སྣང་གཉིས་ཀྱང་ཡུལ་མེད་བཞིན་དུ་དེར་འཛིན་པར་འཁྲུལ་པ་ཡིན་པའི་ཕྱིར་ན་འཁྲུལ་ཤེས་སུ་བཞག་པ་ཡིན་གྱི་ཁྱོད་ཀྱི་འདོད་པ་ལྟར་ཡུལ་ཡོད་ནའང་འཁྲུལ་ཤེས་སུ་བཞག་ཞེས་པའི་དོན་མ་ཡིན་ནོ།། དེ་ཡིས་རིག་པའི་གཙོ་བོར་གཅིག་ཡུལ་ཅན་གྱི་བློ་མ་འཁྲུལ་བ་ཐལ་བས་དགག་པ་ཞེས་པ་དེ་གོང་དུ་སོང་ནས།   གཉིས་པ་ཡུལ་སྣང་རུང་དུ་ཐལ་བ་ལ་དངོས་དང་དེའི་སྐྱོན་སྤོང་གི་ལན་དགག་པ་གཉིས་ལས།  དང་པོ་རྩ་བ་ལས།   སྣང་ཡུལ་གཉིས་པོ་ཤེས་པ་ལས། །ཐ་དད་ཡིན་ན་ཡུལ་རུང་བར། །གནས་པའི་གང་ཟག་གཞན་གྱིས་ཀྱང་། །མཐོང་འགྱུར་བུམ་པ་ལ་སོགས་བཞིན་ཞེས་གསུང་སྟེ།   སྣང་ཡུལ་དོན་སྤྱི་རྟོག་པའི་ཤེས་པ་དང་མེད་པ་གསལ་སྣང་རྟོག་མེད་ལོག་ཤེས་གཉིས་པོ་དེ་ཆོས་ཅན། ཁྱོད་བོད་སྔ་རབས་པའི་འདོད་པ་ལྟར་ཤེས་པ་གཉིས་པོ་དེ་ལས་རྫས་ཐ་དད་པའི་ཡུལ་རུང་བ་ཞིག་ཡིན་ན།  ཁྱོད་ཀྱིས་རྟོག་ངོ་ལ་སྣང་བའི་དོན་སྤྱི་དང་ཁྱོད་ཀྱིས་མིག་ཤེས་ལ་སྣང་བའི་ཟླ་གཉིས་དེར་ཁྱོད་ཀྱི་དྲུང་ན་གནས་པའི་བྱམས་པ་དང་ཉེ་སྦས་སོགས་གང་ཟག་གཞན་གྱིས་ཀྱང་མཐོང་བར་འགྱུར་དགོས་པ་ཐལ།  ཅིའི་ཕྱིར་ཞེ་ན།  ཤེས་པ་ལས་རྫས་ཐ་དད་པའི་ཡུལ་སྣང་རུང་དུ་གནས་པར་ཁས་བླང་བའི་ཕྱིར།  དཔེར་ན་བུམ་འཛིན་གྱི་མིག་ཤེས་བཞིན་ནོ།།  བུམ་པ་མདུན་ན་ཡོད་པའི་མིག་ཤེས་དེ་གཅིག་ཤོས་ལྷ་སྦྱིན་གྱིས་མཐོང་བ་བཞིན་ཡུལ་རུང་བ་ལ་གནས་པའི་ས་དེར་གཅིག་ཤོས་གང་ཟག་མཆོད་སྦྱིན་གྱིས་ཀྱང་ཡིད་གཏད་ན་མཐོང་བར་འགྱུར་དགོས་ཏེ་གཟུང་ཡུལ་ཅན་གྱི་ཤེས་པ་ཡིན་པར་ཁས་བླང་བའི་ཕྱིར་རོ།།  གཉིས་པ་དེའི་སྐྱོན་སྤོང་གི་ལན་དང་དེ་དགག་པ་གཉིས་ལས།  དང་པོ་སྐྱོན་སྤོང་ལ།  ཡང་བོད་སྔ་རབས་པ་ཁོ་ན་རེ། རྩ་བ་ལས།  དོན་ཉིད་ཡིན་ཡང་ལུས་ཀྱི་ནང་། །མི་མཐོང་བཞིན་དུ་འཁྲུལ་སྣང་གཉིས། །བདག་ལ་རྟག་ཏུ་འབྲེལ་བའི་ཕྱིར། །གཞན་གྱིས་རྟོག་པ་མེད་ཅེ་ན་ཞེས་པས་བསྟན་ཏེ།    བློ་རྣམ་རྟོག་གིས་གཟུང་ཡུལ་དོན་སྤྱི་དང་རྟོག་མེད་ལོག་ཤེས་ཀྱི་ཡུལ་མེད་པ་གསལ་སྣང་གཉིས་པོ་དེ་ཤེས་པ་ལས་ཐ་དད་པའི་ཕྱི་དོན་ནམ་ཡུལ་ཉིད་ཡིན་ཡང་།  ལྷ་སྦྱིན་གྱིས་མཐོང་བ་བཞིན་དུ་མཆོད་སྦྱིན་སོགས་ཀྱིས་མི་མཐོང་སྟེ། དཔེར་ན་ལྷ་སྦྱིན་གྱི་ལུས་ཀྱི་ནང་གློ་མཆིན་སོགས་དོན་སྣོད་རྣམས་རང་མཚན་དུ་ཡོད་ན་ཡང་ལྷ་སྦྱིན་ཁོ་རང་དང་འབྲེལ་ནས་ལྷ་སྦྱིན་གྱིས་དྲུང་ན་ཡོད་པའི་མཆོད་སྦྱིན་དང་བྱམས་པ་ཉེ་སྦས་སོགས་གང་ཟག་གཞན་གྱིས་ཡིད་གཏད་ཀྱང་མཐོང་བར་མི་འགྱུར་བར།  དཔེ་དེ་བཞིན་དུ་ལྷ་སྦྱིན་ལ་སྣང་བའི་དོན་སྤྱི་དང་ཟླ་གཉིས་ལྟ་བུའི་འཁྲུལ་ཤེས་གཉིས་པོ་དེ་ལྷ་སྦྱིན་ཁོ་རང་གི་བློ་ཁོ་ན་དང་དུས་རྟག་ཏུ་འབྲེལ་བའི་ཕྱིར་ན་གཞན་མཆོད་སྦྱིན་དང་བྱམས་པ་ཉེ་སྦས་སོགས་གང་ཟག་གཞན་གྱིས་རྟོག་པ་མེད་ཅེ་ན།   

གཉིས་པ་ལ་དཔེ་དགག་པ་དང་དོན་དགག་པ་གཉིས་ལས།   དང་པོ་དཔེ་དགག་པ་ནི།  རྩ་བ་ལས།  ནང་གི་ལུས་ནི་ཡུལ་རུང་མིན། །དེ་བས་རང་གིས་ཀྱང་མི་མཐོང་ཞེས་པས་བསྟན་ཏེ།   བོད་སྔ་རབས་པ་རྣམས་ཀྱི་བརྗོད་པ་ལྟར་དོན་སྤྱི་དང་མེད་པ་གསལ་སྣང་དེ་གཉིས་ཡུལ་རུང་བ་ན་གནས་པའི་གང་ཟག་གཞན་གྱིས་རྟོགས་པ་མེད་དེ་བདག་ཁོ་ན་ལ་འབྲེལ་བའི་ཕྱིར་ཞེས་བརྗོད་པ་དང་།  ལུས་ཀྱི་ནང་བཞིན་དུ་ཞེས་བརྗོད་པའི་དཔེ་གཉིས་པོ་དེ་མི་མཚུངས་ཏེ།   ལུས་ཀྱི་ནང་ཡུལ་དུ་རུང་བ་མ་ཡིན་སྟེ་ཕྱིའི་ཤ་དང་པགས་པ་སོགས་ཀྱིས་བསྒྲིབས་པས་ཆོད་པའི་ཕྱིར་ན་ཡུལ་དུ་རུང་བ་མ་ཡིན་ནོ།། སྒྲིབ་པས་མ་ཆོད་པར་ཡིད་གཏད་པ་ཙམ་གྱིས་མཐོང་རུང་ཡིན་ན་ཡུལ་རུང་བ་ལ་གནས་པའི་གང་ཟག་ཅེས་བརྗོད་ཆོག་ལ།   དེ་ལྟར་མ་ཡིན་པར་ཡུལ་རུང་བ་ན་གནས་པའི་གང་ཟག་གཞན་གྱིས་རྟོག་པ་མེད་ཅེས་པའི་དཔེ་མི་འཐད་དེ་ནང་གི་ལུས་ནི་ཡུལ་མི་རུང་བས་སྒྲིབ་པས་ཆོད་པའི་ཕྱིར།   དེ་བས་ལྷ་བྱིན་རང་ཉིད་ཀྱིས་ལུས་ཀྱི་དོན་སྣོད་རྣམས་ལྷ་སྦྱིན་རང་གིས་ཀྱང་མི་མཐོང་ངོ་།།   གཉིས་པ་དོན་དགག་པ་ལ་གཉིས་ལས་དངོས་དང་དེའི་སྐྱོན་སྤོང་གི་ལན་དང་དེ་དགག་པ་གཉིས་ལས།  དང་པོ། སྐྱོན་མེད་དེ།   རྩ་བ་ལས།   རང་དང་རྟག་ཏུ་འབྲེལ་ས་ན། །གཉིས་པོའང་ཡུལ་རུང་མིན་ཞེ་ན་ཞེས་བསྟན་ཏེ།   དོན་སྤྱི་དང་མེད་པ་གསལ་སྣང་གཉིས་པོ་དེ་ཡུལ་ཅན་ལྷ་སྤྱིན་རང་ཁོ་ན་ལྟ་བུ་དང་དུས་རྟག་ཏུ་འབྲེལ་བས་ན་དོན་སྤྱི་རྟོག་པའི་བློ་དང་ཟླ་གཉིས་འཛིན་པའི་མིག་ཤེས་གཉིས་པོ་དེའང་གང་ཟག་གཞན་མཆོད་སྦྱིན་དང་བྱམས་པ་ཉེ་སྦས་སོགས་ཀྱི་ཐུན་མོང་གི་ཡུལ་དུ་རུང་བ་མ་ཡིན་ཕྱིར་མཐོང་བ་མིན་ནོ་ཞེ་ན།   གཉིས་པ་དེ་དགག་པ་ལ། རྩ་བ་ལས། རང་བློ་ཁོ་ན་དང་འབྲེལ་ཕྱིར། །བརྗོད་ཀྱང་གཞན་གྱིས་རྟོགས་མི་འགྱུར་ཞེས་བསྟན་ཏེ།  འོ་ན་ལྷ་སྦྱིན་རང་གི་བློ་ཁོ་ན་དང་འབྲེལ་བའི་ཕྱིར་ན་གཞན་མཆོད་སྦྱིན་སོགས་གང་ཟག་སུ་དང་ཡང་ཐུན་མོང་མིན་པས་ན་རང་རིག་བཞིན་དུ་ཤེས་པ་ཉིད་རང་རིག་རང་གསལ་བའི་ཚེ་ན་རང་གིས་ཤེས་པ་དེ་རང་ཁོ་ནས་ཉམས་སུ་མྱོང་བ་ལས་གང་ཟག་གཞན་གྱིས་ཤེས་པས་གང་ཟག་གཞན་གྱི་ཤེས་པ་རང་རིག་ཅེས་བརྗོད་དུ་མེད་པའི་ཕྱིར་ན་དཔེར་རང་རིག་པ་བཞིན་དུ་ལྷ་སྦྱིན་རང་གི་དོན་སྤྱི་དང་མེད་པ་གསལ་སྣང་གཉིས་བརྒྱུད་ཀྱང་ལྷ་སྦྱིན་རང་དང་འབྲེལ་བ་ལས་གང་ཟག་གཞན་གྱིས་དོན་སྤྱི་དང་མེད་པ་གསལ་སྣང་གཉིས་བརྗོད་ཀྱང་གོ་བ་དུས་ནམ་ཡང་མི་འགྱུར་རོ།།

གཉིས་པ་ལ་དེའི་སྐྱོན་སྤོང་གི་ལན་ལ། རྩ་བ་ལས།  རང་རང་བློ་དང་འབྲེལ་པའི་ཕྱིར། །བརྗོད་པས་དེ་ཉིད་རྟོགས་ཤེ་ན་ཞེས་གསུང་ཏེ།   ཁོ་ན་རེ་ཡུལ་སོ་སོར་མིན་ཀྱང་རང་རང་གི་བློ་དང་འབྲེལ་བའི་ཕྱིར་ན་ལྷ་སྦྱིན་ལྟ་བུ་གཅིག་གིས་རང་ཡུལ་དེ་བརྗོད་པས་གཅིག་ཤོས་མཆོད་སྦྱིན་གྱིས་ཀྱང་རང་གི་ཡུལ་དེ་ཉིད་རྟོགས་སོ་ཤེ་ན།  དེ་དགག་པ་ལ།  རྩ་བ་ལས།  གང་ཟག་གཉིས་ཀྱི་བརྗོད་བྱའི་དོན། །སོ་སོ་ཡིན་ཕྱིར་སྦྱོར་མི་ནུས་ཞེས་གསུང་སྟེ། །ལྷ་སྦྱིན་ལ་སྣང་བའི་དོན་སྤྱི་དེ་ཉིད་མཆོད་སྦྱིན་ལ་མི་སྣང་ཞིང་མཆོད་སྦྱིན་ལ་སྣང་བའི་དོན་སྤྱི་དེ་ཉིད་ལྷ་སྦྱིན་ལ་མི་སྣང་བས་གང་ཟག་དེ་གཉིས་ཀྱི་བརྗོད་བྱའི་དོན་གཅིག་མ་ཡིན་པར་འབྲེལ་མེད་སོ་སོ་བ་ཡིན་པའི་ཕྱིར་ན་ལྷ་སྦྱིན་གྱིས་དོན་སྤྱི་དེ་འཆད་པ་ན་མཆོད་སྦྱིན་གྱིས་ཁོ་རང་གི་དོན་སྤྱི་དེ་གོ་བ་ལས་ལྷ་སྦྱིན་གྱི་དོན་སྤྱི་དེ་མི་གོ་བས་གང་ཟག་དེ་གཉིས་ཀྱི་ཕན་ཚུན་ཐུན་མོང་གཅིག་ཏུ་མཚམས་སྦྱོར་བར་བྱ་མི་ནུས་པས་གཅིག་ཏུ་གོ་བར་མི་ནུས་སོ།།  གཉིས་པ་ཡང་ལན་བཤད་པ་ནི།  དེའི་སྐྱོན་སྤོང་གི་ལན་ལ་རྩ་བ་ལས།  གང་ཟག་སོ་སོ་ལ་ཡོད་པའི། །སེམས་ཀྱི་རྣམ་པ་གཉིས་འདྲ་བས། །འདྲ་བ་གཅིག་ཏུ་ཞེན་པ་ལ། །ཐ་སྙད་སྦྱོར་ཕྱིར་མི་འགལ་ན་ཞེས་གསུངས་ཏེ།  ཡང་ཁོ་ན་རེ་སྐྱོན་མེད་དེ། འཆད་ཉན་གྱི་གང་ཟག་སོ་སོ་ལ་ཡོད་པའི་བུམ་པའི་དོན་སྤྱི་ལ་ཆ་མཚོན་ན་འཆད་པ་པོ་ལྷ་སྦྱིན་གྱིས་ཁོ་རང་གི་རྟོག་ངོར་བུམ་པའི་དོན་སྤྱི་དེ་འཆད་པ་ན་ཉན་པ་པོ་མཆོད་སྦྱིན་གྱི་ཁོ་རང་གིས་རྟོག་ངོར་དོན་སྤྱི་དེ་གོ་བའི་སྒོ་ནས་འཆད་ཉན་གྱི་གང་ཟག་སོ་སོ་ལ་ཡོད་པའི་ལྟོ་ལྡིར་ཞབས་ཞུམ་གྱི་བུམ་པའི་དོན་སྤྱི་གཟུང་བའི་སེམས་ཀྱི་རྣམ་པ་གཉིས་པོ་དེ་འདྲ་བས་ལྷ་སྦྱིན་ལའང་ལྟོ་ལྡིར་ཞབས་ཞུམ་གྱི་རྣམ་པ་སྣང་ཞིང་མཆོད་སྦྱིན་ལའང་ལྟོ་ལྡིར་ཞབས་ཞུམ་གྱི་རྣམ་པ་སྣང་བས་ན་ཡུལ་འདྲ་བ་ལ་གཅིག་ཏུ་ཞེན་པ་དེ་ལ་དོན་སྤྱི་གཅིག་ཞེས་པའི་ཐ་སྙད་སྦྱོར་བའི་ཕྱིར་ན་མི་འགལ་ལོ་ཞེ་ན།   དེ་ནི་ནམ་ཡང་འཐད་པར་མི་འགྱུར་ཏེ།  ཁྱོད་ཀྱིས་འདྲ་བ་ལ་གཅིག་ཏུ་ཞེན་ཞེས་ཟེར་བ་དེ་དཔེར་ན་དང་པོ་གང་ཟག་གཅིག་གི་ངོར་་བུམ་པ་ལྟ་བུ་གཉིས་གྲུབ་དགོས་ལ་དེ་ནས་བུམ་པ་དེ་གཉིས་ཕན་ཚུན་རྣམ་པ་དང་ངོ་བོ་སོགས་འདྲ་བ་ན་འདྲ་བ་ལ་གཅིག་ཏུ་ཞེན་ཞེས་བརྗོད་ན་འགལ་བར་མེད་མོད།  བུམ་པ་གཅིག་མ་གཏོགས་མ་མཐོང་བར་བུམ་པ་འདི་གཉིས་འདྲ་ཞེས་དུས་ནམ་ཡང་བརྗོད་པར་མི་བྱའོ།། དཔེ་དེ་བཞིན་དུ་ལྷ་སྦྱིན་གྱི་རྟོག་ངོར་དོན་སྤྱི་དེ་མཆོད་སྦྱིན་གྱིས་མཐོང་མ་མྱོང་ལ་མཆོད་སྦྱིན་གྱི་དོན་སྤྱི་དེ་ལྷ་སྦྱིན་གྱིས་ཀྱང་མ་མཐོང་བར་གང་ཟག་གཉིས་ཀྱི་དོན་སྤྱི་དེ་ཕན་ཚུན་གཏན་ནས་ཤེས་པར་མི་འགྱུར་བས་བརྗོད་བྱ་ཐ་དད་ཡིན་ཕྱིར་ནམ་ཡང་འདྲ་བར་མི་གྲུབ་པས་ཁྱོད་ཀྱིས་འདྲ་བ་ལ་གཅིག་ཏུ་ཞེན་ཞེས་བརྗོད་པ་དེ་ཡང་མི་གྲུབ་བོ།།  རྩ་བ་ལས། རང་ལ་ཤར་ན་རང་ཡུལ་ཡིན། །མ་ཤར་ན་ནི་དེ་ཡུལ་མིན། །དེས་ན་ཐ་དད་གཟུང་བ་ལ། །གཅིག་ཏུ་འཛིན་པ་ག་ལ་སྲིད་ཅེས་གསུམ་སྟེ།   འཆད་པ་པོའི་ལྷ་སྦྱིན་གྱི་བརྗོད་བྱ་དོན་སྤྱིའི་ཡུལ་དེ་དང་ཉན་པ་པོ་མཆོད་སྦྱིན་གྱི་དོན་སྤྱིའི་ཡུལ་དེ་གཉིས་འཆད་ཉན་བྱེད་པའི་གང་ཟག་གཉིས་ཆར་གྱི་དོན་སྤྱི་དེ་ལྷ་སྦྱིན་རང་གཅིག་པུ་ལ་ཤར་བར་གྱུར་ན་དོན་སྤྱི་དེ་གཉིས་གཅིག་མཚུངས་ཡིན་ན་འདྲ་བའོ་ཞེས་བརྗོད་རིགས་ལ། འོན་ཀྱང་ལྷ་སྦྱིན་རང་གི་ཐུན་མིན་གྱི་ཡུལ་ཡིན་པས་མཆོད་སྦྱིན་ཉིད་དང་ཐུན་མོང་དུ་འཛིན་མི་སྲིད་ལ། ལྷ་སྦྱིན་ལ་ཤར་བའི་དོན་སྤྱི་གཉིས་པོ་དེ་ལྷ་སྦྱིན་ཁོ་རང་གི་ཡུལ་ཡིན་པ་ལས་མཆོད་སྦྱིན་དང་ཐུན་མོང་མིན་ཕྱིར་ཇི་ལྟར་འཆད་ཀྱང་མཆོད་སྦྱིན་གྱིས་ཡུལ་མིན་པས་གོ་བར་མི་འགྱུར་བའི་སྐྱོན་དེ་སོ་ན་གནས་པ་ཡིན་ནོ།། རང་རང་གི་བློ་ལ་ཤར་ན་ནི་དེ་རང་ཡུལ་ཐུན་མིན་ཡིན་གྱི་འཆད་ཉན་བྱེད་པའི་གང་ཟག་གཉིས་ཀྱི་ཐུན་མོང་དུ་འཛིན་མི་སྲིད་དེ།  གཞན་ལ་འཆར་བ་དེ་རང་ལ་འཆར་མི་སྲིད་པའི་ཕྱིར་རོ།།  གལ་ཏེ་ལྷ་སྦྱིན་ནམ་མཆོད་སྦྱིན་ལྟ་བུའི་རང་གི་བློ་ལ་རང་ཡུལ་དེ་མ་ཤར་ན་དེ་ཉིད་བློ་དེའི་ཡུལ་མིན་པས་ན་དེས་ན་འདི་གཉིས་ཕན་ཚུན་འདྲ་བ་ཞེས་བརྗོད་མི་སྲིད་པ་དོན་དམ་པའོ།།  གསུམ་པ་དེ་ལ་བརྩོད་པ་སྤོང་བར།  རྩ་བ་ལས། ཐ་དད་ཡིན་ཡང་ཡུལ་གཅིག་ཏུ། །འཁྲུལ་བའི་སྒོ་ནས་འཛིན་ཞེ་ན་ཞེས་བསྟན་ཏེ།  གང་ཟག་གཉིས་ཀྱི་བརྗོད་བྱ་དོན་སྤྱི་འཛིན་པའི་ཡུལ་དེ་དོན་ལ་ཐ་དད་པ་ཡིན་ཡང་།  ཐ་དད་ཡིན་པ་ཉིད་དུ་མ་ཤེས་པར་སོ་སོའི་བློའི་ངོར་དེ་དང་ཡུལ་རང་མཚན་གཅིག་ཏུ་རློམ་སྟེ་འཁྲུལ་པའི་སྒོ་ནས་གཅིག་ཏུ་འཛིན་པ་ཡིན་ནོ་ཞེ་ན།  དེའི་ལན་བཤད་པ་ལ།  རྩ་བ་ལས། གཅིག་ཏུ་འཛིན་པ་འཁྲུལ་པའི་ཕྱིར། །གཟུང་ཡུལ་མེད་པར་གྲུབ་པ་ཡིན་ཞེས་པས་བསྟན་ཏེ། དོན་སྤྱི་ཐུན་མོང་དུ་གཟུང་བའི་ཡུལ་ཞིག་མེད་པ་ལ་སོ་སོའི་སྣང་ཆ་ཡིན་པ་མ་ཤེས་ནས་གཅིག་ཏུ་འཛིན་པ་ནི་ཡུལ་གྱི་གནས་ཚུལ་དང་མི་མཐུན་པར་འཁྲུལ་པའི་བློ་ཡིན་པའི་ཕྱིར་ཏེ། མི་ཤེས་བཞིན་དུ་ཡང་ལྷ་སྦྱིན་གྱིས་བུམ་པའི་དོན་སྤྱི་དེ་དང་བུམ་པ་རང་མཚན་རྣམ་པ་གཅིག་ཏུ་ཞེན། མཆོད་སྤྱིན་གྱིས་བུམ་པའི་དོན་སྤྱི་དེ་དང་བུམ་པ་རང་མཚན་གཅིག་ཏུ་ཞེན་ནས་ལྷ་སྦྱིན་དང་མཆོད་སྦྱིན་བར་གྱི་བུམ་པའི་དོན་སྤྱི་ཞེས་གཅིག་ཏུ་ཞེན་པ་མ་གཏོགས་སོ་སོར་མི་འཛིན་བའི་སྒོ་ནས་གཅིག་ཏུ་འཛིན་པ་དེ་ནི་ཡུལ་གྱི་གནས་ཚུལ་ལ་མེད་བཞིན་དུ་དེ་འཛིན་པར་ནི་འཁྲུལ་པའི་བློ་ཡིན་པའི་ཕྱིར་ཞེས་རིག་པས་འཕུར་བ་ན་དོན་སྤྱི་གཟུང་ཡུལ་ཡིན་པའི་དམ་བཅའ་ཉམ་ནས་འཁྲུལ་པའི་བློ་ཡིན་པ་ཁས་བླང་བ་ནི་དོན་སྤྱི་དེ་དོན་རང་མཚན་དང་གཅིག་ཏུ་འཁྲུལ་པའིརྒྱུ་མཚན་གྱིས་གཟུང་ཡུལ་མ་ཡིན་པ་ཉིད་དུ་བསྟན་པའོ།། དེ་བཞིན་དུ་འཁྲུལ་པའི་བློ་ཡིན་པ་ཁས་བླང་བ་དེ་ཉིད་རྟགས་སུ་བཀོད་ནས་དེ་ལྟ་བུའི་དོན་སྤྱི་དེ་ཤེས་པ་ལས་ཐ་དད་པའི་གཟུང་བའི་ཡུལ་རང་མཚན་དུ་མེད་པར་འཁྲུལ་པའི་བློ་ཡིན་པ་དེ་ཉིད་ཀྱིས་གྲུབ་ཟིན་པ་ཡིན་ནོ།། གསུམ་པ་མཇུག་བསྡུ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པས་བསྟན་པ་ལ། རིགས་པས་བརྟགས་ན་མེད་བཞིན་དུ། །ད་དུང་ཕལ་ཆེར་ཡུལ་དུ་ཞེན། །སོར་མོའི་རྩེ་མོས་བསྟན་པ་ན། །ནམ་མཁའ་མཐོང་ཞེས་བླུན་པོ་འཁྲུལ།  །བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།  ཞེས་གསུང་སྟེ།   དངོས་སྟོབས་ཀྱིས་རིགས་པས་ཡུལ་སྣང་རུང་དུ་ཐལ་བ་དང་ཡུལ་ཅན་གྱི་བློ་མ་འཁྲུལ་བར་ཐལ་བ་སོགས་འཁྲུལ་ཤེས་གཉིས་པོ་དེ་ལ་བརྟགས་ཤིང་དཔྱད་པ་ན་གཟུང་ཡུལ་རང་མཚན་པ་ཞིག་མེད་བཞིན་དུ་ད་དུང་བོད་སྔ་རབས་པ་སོགས་ཕལ་ཆེས་དོན་སྤྱི་དང་མེད་པ་གསལ་སྣང་གཉིས་གཟུང་ཡུལ་རང་མཚན་པ་ཞིག་ཡོད་པར་ཉིད་དུ་ཞེན་པ་ནི་མི་འཐད་དེ།  དཔེར་ན་ནམ་མཁའ་ག་རེད་ཅེས་དྲིས་བ་ན། བར་སྣང་སྟོང་པ་ལ་མཛུབ་མོ་ཞིག་ཀེར་ནས་ནམ་མཁའ་འདིའོ་ཞེས་སོར་མོའི་རྩེ་མོས་བསྟན་པ་ན།  སོར་མོས་རྩེར་བར་སྣང་སྟོང་པ་དེ་ལ་བལྟས་ནས་དབྱིབ་དང་ཁ་དོག་སོགས་གང་ཡང་མ་མཐོང་བ་དེ་ལ་བླུན་པོ་རྣམས་ཀྱིས་ནམ་མཁའ་མཐོང་ངོ་ཞེས་སྨྲ་བ་བྱེད་པ་དང་ཀུན་ནས་མཚུངས་སོ་ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པས་བསྟན་པའོ།། གོང་དུ་ཞུས་པ་ལྟར་ཚད་མའི་བསྟན་བཅོས་འདི་ཡིས་ཚུར་མཐོང་གི་དབང་དུ་བྱས་ཏེ་ཕྱི་དོན་ཡུལ་གྱི་རྣམ་བཞག་བཤད་པ་ལ་གཙོ་བོ་མདོ་སྡེ་པའི་ལུགས་དང་།  ནང་ཡུལ་ཅན་ཤེས་པའི་རྣམ་བཞག་བཤད་པ་ལ་སེམས་ཙམ་པའི་ལུགས་གཙོ་བོ་བྱས་ནས་འཐད་པ་སྒྲུབ་པའི་རིགས་པ་འདི་གཉིས་བྱུང་བ་ཡིན་ལ།   ཇི་སྲིད་ཕྱི་རོལ་ཁས་ལེན་པ། །དེ་སྲིད་རྒྱུ་ལ་གཟུང་ཡུལ་ཟེར། །ཤེས་བྱ་ནང་གིར་ཞུགས་པ་ལ། །ཡུལ་དང་ཡུལ་ཅན་གྲུབ་པ་མེད། །ཅེས་གསུང་པ་ནི་ཕྱི་དོན་ཁས་ལེན་པའི་ཚེ་ན་ཤེས་པ་སྐྱེད་བྱེད་ཀྱི་རྒྱུ་ལ་གཟུང་ཡུལ་དུ་འཇོག་པ་ཡིན་གྱི། སེམས་ཙམ་པའི་སྐབས་སུ་ཡུལ་དང་ཡུལ་ཅན་ཐ་དད་དུ་གྲུབ་པ་མེད་པས་གཟུང་ཡུལ་མེད་ཅེས་གཟུང་ཡུལ་རང་མཚན་ལ་རྩོད་པའི་ལན་གསུངས་པས་ཤེས་པའི་ཕྱིར་དང་། སྡེ་བདུན་རབ་གསལ་ལས། རང་གི་ངོ་བོ་ལ་རང་མཚན་རང་ངོས་ནས་གཏད་པའི་རྣམ་པ་ལ་རང་གི་ངོ་བོར་གཞག་པ་དང་། རང་མཚན་ཉིད་ལ་རང་གི་ངོ་བོར་བཞག་པ་གཉིས་ལས། སྔ་མ་ནི་དོན་རང་མཚན་དང་། ཕྱི་མ་ནི་ཤེས་པ་རང་མཚན་རང་གི་ངོ་བོའི་དོན་ཡིན་ལ་ཞེས་པ་དང་། སྔ་མ་དེ་དོན་རང་མཚན་རང་གི་ངོ་བོར་མི་འཐད་དེ། དེ་ལས་རྫས་གཞན་ཡིན་པའི་ཕྱིར་ཞེ་ན། སྐྱོན་མེད་དེ་རང་མཚན་རང་ངོས་ནས་གཏད་པའི་རྣམ་པ་ཡིན་པས་རང་གི་ངོ་བོའི་མིང་གིས་བཏགས་པའི་ཕྱིར་རོ། །རྟོག་པ་ལ་སྣང་བའི་རྣམ་པ་ནི། རང་མཚན་རང་ངོས་ནས་མ་གཏད་པར་གཞན་བག་ཆགས་ཀྱིས་བཞག་པའི་རྣམ་པ་ཡིན་པས་གཞན་གྱི་ངོ་བོ་ཞེས་གསུངས་སོ། །གནད་འདི་མ་རྟོགས་ན། དེ་ནི་རང་གཞན་ངོ་བོ་ཡིས། །ཞེས་སོགས་ཀྱི་གཞུང་དོན་བསྐལ་བའི་བར་དུ་རྙེད་པར་མི་འགྱུར་རོ།། གོང་གི་ལུང་དོན་གྱི་དགོངས་པ་ཡང་དངོས་བསྟན་མདོ་སེམས་གཉིས་ཀྱི་གྲུབ་མཐའི་ལུགས་ཡིན་པ་གསལ་བར་མཐོང་ཐུབ་བོ།། 

སླར་སྨྲས་པ།

དེ་སྐད་གཞུང་བཟང་པདྨའི་དགའ་ཚལ་དུ།།

ཐབས་ཤེས་རིག་པས་འཇུག་པའི་བྷྲ་མ་རས།།

རྣམ་དཔྱོད་བློ་གྲོས་བཤོགས་ཟུང་བཏེགས་པ་ཡིས།།

རྒྱ་ཆེན་ཤེས་བྱའི་མཁའ་ལ་ཐོགས་མེད་འཇུག།

 

སྙིགས་དུས་བློ་གསལ་རིག་པའི་གཞོན་ནུ་ལ།།

རིག་པའི་རྩ་ཁམས་རྣམ་དཔྱོད་ཀྱིས་འབྱེད་པའི།།

དང་པོའི་ལས་ཅན་སྐྱེས་བུའི་ལམ་སྟེགས་སུ།།

ཅུང་ཟད་ཕན་སྙམ་རྒན་པོའི་འདི་བྱས་སོ།།

 

འདི་ལ་འགལ་དང་མ་འབྲེལ་མི་མཐུན་པའི།།

ནོངས་པ་གང་མཆིས་མཁས་པའི་སྤྱན་སྔར་འཆགས།།

རྣམ་དཀར་བསོད་ནམས་དགེ་བའི་ཆ་གང་མཆིས།།

ཕ་མས་ཐོག་དྲངས་སེམས་ཅན་ཀུན་ལ་བསྔོའོ།།།།

ཞེས་པ་ནི་སྡེ་དགེ་ཤར་ཕྱོགས་ལ་བཞིའི་མཚོན་པའི་ཡུལ་དབུས་སུ་སྐྱེས་ཤིང་རིག་པའི་གནས་མཐའ་དག་ལ་བློ་གྲོས་ཀྱིས་འཇུག་པར་སོན་པའི་དབང་ཆེན་གྱིས་ལས་དང་པོ་པ་ལ་ ཅུང་ཟད་ཕན་ནམ་སྙམ་པའི་སྐུལ་སློང་གིས་རྒྱ་ནག་ཁྲེན་ཏུའུ་ལས་ཀའི་ཞོར་དཔྱད་རྩོམ་གྱིས་ཚུལ་དུ་བྲིས་པའོ།།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1