༄༅། །ང་ཡི་ཨ་ཕྱི།

དཔོན་གསས། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 05-16


        ངའི་ཨ་ཕྱི་ནི་དུས་དང་ལས་ཀྱི་དབང་གིས་འབྲོག་ས་ནས་ལོ་ངོ་བརྒྱད་ཅུ་ཐོད་དུ་བརྒལ་བའི་ཨ་མ་རྒན་མོ་ཞིག་ཡིན། ངས་སྟོན་ཁ་ཉི་ཤུ་ལྷག་ཅིག་ཕར་བསྐྱལ་ཟིན་ནའང་ངའི་དྲན་པར་ཨ་ཕྱིས་ང་ལ་རྡུང་རྡེག་བྱས་མྱོང་མེད་ལ། ཐ་ན་ཁྲོ་ཉམས་ཤིག་ཀྱང་བསྟན་མྱོང་བ་དྲན་རྒྱུ་མི་འདུག ཨ་ཕྱིའི་ངོ་ཤ་དཀར་རྒྱུ་མེད་ནའང་ཨ་ཕྱི་ང་ལ་ཕྱོགས་ནས་འཛུམ་པའི་དུས་སུ་ཞལ་ལ་དུངས་པ་དང་བརྩེ་བས་ཕྱུག་པས་ཧ་ཅང་དཀར་སྣང་གི་ཚོར་བ་དྲགས་ཆེ་བ་ཞིག་ཡོང་རྒྱུ་ཡོད། ངས་དེ་ལྟ་བུའི་ཞལ་ལ་བརྩེ་བས་ཕྱུག་པ་ཞིག་ཨ་མའི་ཞལ་ནས་ཀྱང་མཐོང་མྱོང་མེད་པས་ངའི་སེམས་པའི་གྲལ་རིམ་དུ་ཨ་ཕྱིའི་གོ་གནས་ཧ་ཅང་མཐོ། ངའི་ཨ་ཕྱི་ནི་ངའི་ཨ་ཕྱི་ལས་གཞན་མིན་ཡང་ངའི་ཚོར་ཤེས་ཀྱིས་ང་དང་ཨ་ཕྱིའི་བར་དུ་ཨ་ཕྱི་དང་ཚ་བོ་ལས་ཀྱང་ཉེ་འབྲེལ་ཆེ་བའི་ཚོར་བ་འགྲེལ་མི་བཏུབ་པ་ཞིག་རྟག་པར་སྦྱིན་ཡོང་། དེ་ནི་ཕལ་ཆེར་ཨ་ཕྱིས་ང་རང་གཅེས་སྟངས་འདིའི་སྟེང་ནས་བྱུང་བ་འདྲ།

        ངའི་ཨ་ཕྱི་ལོ་ངོ་བརྒྱད་ཅུའི་ཁར་ཟིན་ཡང་འབྲི་ཟོག་ཡར་མར་འདེད་པ་ལ་ཐེ་ཚོམ་སྤུ་ཙམ་མེད་པས་ཕ་ཡུལ་གྱི་རྒན་རྒོན་དག་ལས་ངའི་ཨ་ཕྱི་རྐང་ལག་ཆེས་བདེ་གྲས་ཡིན་ཞེས་བཤད་ཆོག ངའི་དུས་ཚོད་མང་ཤོས་ནི་སློབ་གླིང་ནས་བསྐྱལ་བས་ང་རང་ཨ་ཕྱི་དང་མཉམ་དུ་སྡོད་གྲངས་ཤིན་ཏུ་ཉུང་། སློབ་གླིང་དུ་སྡོད་པའི་དུས་ཚོད་དག་ལ་ཨ་ཕྱི་དྲན་རྒྱུ་ནི་ངའི་ཉི་མ་རེའི་ལས་བྱ་འདྲ་བོ་ཞིག་ཆགས་ཡོད། གཉིད་མི་ཡོང་བའི་མཚན་མོ་རེ་རེ་ལ་ངས་མལ་ཐོག་ནས་འགྲེ་ལྡོག་རྒྱག་གིན་ཨ་ཕྱི་དྲན་གྱིན་ཡོད། ང་རང་དྲན་པར་ཡེངས་པའི་སྐབས་དང་སྐབས་སུ་ངས་མི་འདོད་བཞིན་ཨ་ཕྱིས་ཚེ་ཡི་རི་བོ་རིམ་གྱིས་བརྒལ་ཚེ་ཇི་བྱ་ཨང་སྙམ་པའི་རྟོག་བཏགས་ཀྱི་སྣང་བ་མུར་གྱིས་འཆར་དུས། ང་ལ་རྒྱུན་མི་ཆད་པའི་མིག་ཆུ་མང་པོ་འབབ་རྒྱུ་ཡོད། འཛིན་རེག་མེད་པའི་དུས་ཚོད་འདི་ལྟར་ཕར་ལ་འགྲོ་དུས་ངས་གདོང་གཏོད་མི་འདོད་པའི་རྟོག་བཏགས་ཀྱི་སྣང་བ་མངོན་སུམ་དུ་འགྱུར་ངེས་པས་རྟོག་བཏགས་འདི་མངོན་སུམ་དུ་མ་གྱུར་སྔོན་ལ་ངས་རྒྱུས་ཡོད་ཅིང་མེད་པའི་འཇིག་རྟེན་འདིའི་གྱེས་སར་སྙེག་ཐུབ་པའི་རེ་བ་ཡང་བརྒྱབ་མྱོང་། ང་ནི་ཞེན་ཆགས་པ་དག་ལ་རྟག་འཛིན་གྱི་བློ་ཉར་རྒྱུ་དགའ་བས། ངས་ཨ་ཕྱི་ལའང་རྟག་པར་འཛིན་པའི་སེམས་པ་འདི་ད་དུང་ཡང་སྔར་བཞིན་བཙན་ཆེ་བ་ཞིག་ཏུ་འདུག དེས་ན་ངས་ཨ་ཕྱིའི་ཚེ་ཡི་དར་སྐུད་ཆུ་ལ་སྦྲེལ་ཐུབ་པའི་སྨོན་ལམ་ཡང་ཡང་འདེབས་སོ། །

        བས་མཐའ་ནས་དུས་ཚོད་ཀྱི་འགྲོས་དང་འགྲན་པའི་མི་དག་ཕྱིར་ཕ་ཡུལ་དུ་ལོག་རྒྱུ་ནི་ལས་སླ་མོ་ཞིག་མ་ཡིན་པས་རང་ཡང་ཕྱིར་ཕ་ཡུལ་དུ་ལོག་མ་ཐུབ་པར་ཡུན་རིང་འགོར་ཡོད། ཁེར་རྐྱང་གི་གྲིབ་མའི་འོག་ཡུན་རིང་འཚོས་པའི་ལོ་དང་ཟླ་བ་འདི་དག་གི་རིང་ལ་ངས་ཁ་པར་གྱི་སྐུད་ལམ་བརྒྱུད་དེ་ཨ་ཕྱི་དང་ཁ་བརྡ་བྱས་པ་ཤིན་ཏུ་ཉུང་ཉུང་ཡིན། དེ་ནི་སྟབས་མ་ལེགས་པའམ་དུས་ཚོད་མ་གླགས་པ་མ་ཡིན་པར་ང་རང་སྒེར་སེམས་ཆེ་བ་ཁོ་ནས་ཡིན་ཞེས་བཤད་ཆོག་སྟེ། ངས་གཉེར་མས་བདག་ཏུ་བཟུང་བའི་ཨ་ཕྱིའི་ཞལ་ངོ་དང་། ཐུང་ཞིང་དཀར་བའི་དབུ་སྐྲ། རིད་ཅིང་རྒུད་པའི་སྐུ་ལུས། དམར་ལ་སྐྱ་མདོག་དོད་པའི་སྐུ་མདོག འཁྱུག་ཅིང་འདར་བའི་ཕྱག་ལག

        འགྲེང་ན་ངལ་ཞིང་བསྡད་ན་སྙེས་དགོས་པ་བཅས་མཐོང་མི་འདོད་པས་བས་མཐའ་ནས་འཆམ་པའི་ལོ་ངོ་འདི་དག་གི་རིང་ལ་ངས་ཨ་ཕྱི་དང་ཁ་པར་བརྒྱུད་དེ་ཁ་བརྡ་བྱས་གྲངས་བཅུ་ཁ་མི་ལོངས། ཡིན་ཡང་ངས་ཨ་ཕྱི་དྲན་གྲངས་ནི་བརྩིས་ཀྱང་བགྲང་གིས་མི་ལོངས་ལ་བཤད་ཀྱང་ཚར་ཐུབ་པ་ཞིག་གཏན་ནས་མིན།

        ཉིས་སྟོང་ཉེར་གསུམ་ལོའི་ཟླ་དང་པོའི་ཚེས་བཅོ་ལྔའི་ཕྱི་དྲོར་ངས་ཨ་ཕྱི་ལ་ཁ་པར་བཏང་བ་ཡིན། ངའི་ཨ་སྲིས་སློབ་གླིང་ངལ་གསོའི་སྐབས་ཀྱང་ཕྱིར་ཡོང་རྒྱུ་མིན་ནམ་ཨ་ཕྱི་རྒས་འཁོགས་གྱུར་འདུག སྒུར་འདུག་ཟེར་བཞིན་ཁ་པར་གྱི་འཆར་ངོས་ཨ་ཕྱི་ལ་གཏད་སོང་། ངས་ཨ་ཕྱི་ལ་བལྟས་ཏེ་སྐྱོན་མི་འདུག་ཞལ་མདངས་སྔར་བཞིན་དྭངས་པོ་འདུག་རབས་དང་ད་ལོའི་དབྱར་གསེང་དང་དགུན་གསེང་གང་རུང་ལ་ང་རང་ཕྱིར་ཨེ་འབྱོར་བལྟ་ཡོང་ཞེས་བཤད། ཨ་སྲིས་འོ་ཡ་གཅེས་ཕྲུག་ཅེས་མིག་ཀོང་མཆི་མས་བཀང་སོང་། རང་ཡང་ངུ་འདོད་ཅིག་སྐྱེས་ཀྱང་གཟབ་ནན་གྱིས་མིག་ཆུ་འབབ་ཏུ་མ་བཅུག ཨ་ཕྱིས་ཀྱང་མིག་ཆུ་འདོན་གྲབས་བྱེད་ཀྱིན་འདུག་ཀྱང་ཨ་སྲིས་ཁ་པར་གྱི་འཆར་ངོས་རང་ལ་གཏད་སོང་། ངས་ཨ་སྲི་ཤིན་ཏུ་དྲན། ཨ་ཕྱི་ལྷག་ཏུ་དྲན། ཁྱིམ་མི་གཉེན་འབྲེལ་དྲན། འཇིག་རྟེན་དང་གྱེས་ཕྱག་བཞག་པའི་ཨ་མ་ལགས་དྲན། ད་དུང་ངས་ཕ་ཡུལ་གྱི་རི་ལ་ནགས་ཀྱིས་བརྒྱན་པའི་རི་བོ་དྲན། ལུང་ལ་ཆུ་ཡིས་བརྒྱན་པའི་ལུང་པ་དྲན། ཐང་ལ་ཡངས་ཤིང་ཆེ་བའི་སྤང་ཐང་སོགས་རྟག་པར་དྲན། གང་ལྟར། ངས་ཟླ་མེད་མཛེས་སྡུག་གི་ཕ་ཡུལ་ཤིན་ཏུ་དྲན།

        ཡང་ན། ངའི་ཕ་ཡུལ་ནི་ངའི་དྲན་ཤེས་ཀྱི་གྱེས་ས་ན་ཡོད་དེ། ངའི་ཕ་ཡུལ་ནི་དུག་ལྔའི་དགུན་རླུང་ལྷག་པར་ཆེ་ས་ཞིག་ཡིན། ཕྲག་དོག་གི་ཚེར་མ་ལྷག་པར་རྣོ་ས་ཞིག་ཡིན། རློམ་སེམས་ཀྱི་སྨུག་པ་ལྷག་པར་མཐུག་ས་ཞིག་ཡིན། ངའི་ཕ་ཡུལ་ནི་ས་ཆ་གཞན་དང་སྡུར་ཐབས་ཡེ་ནས་མེད། ངའི་ཕ་ཡུལ་ནི་གོ་ལ་འདིའི་སྟེང་གི“འཛོམས”བུ་གླིང་ཡིན། ངའི་ཕ་ཡུལ་ནི་ཅི་ཡང་མེད་ལ་ཅི་ཡང་འཛོམས་ས་ཞིག་ཡིན། ངའི་ཕ་ཡུལ་ནི་ཤིན་ཏུ་དབུལ་ལ་ཧ་ཅང་ཕྱུག་ས་ཞིག་ཀྱང་ཡིན། ངའི་ཕ་ཡུལ་ནི་ཁྱོད་ཀྱིས་རྒྱུས་ལོན་ཐུབ་ས་ཞིག་གཏན་ནས་མིན། ངའི་ཕ་ཡུལ། སྨུག་པ་འཐིབ་པའི་གཙང་པོའི་གཞུང་ན་ཡོད།

        ངས་ཕ་ཡུལ་དང་ཁ་གྱེས་པའི་ས་ཆ་གཞན་ནས་མི་ཚེ་སྐྱེལ་དུས། ང་ཕ་ཡུལ་ལ་སྡང་ཞིང་ཕ་ཡུལ་ལ་ཆགས་པའི་སེམས་པ་ལ་འགོག་ཐབས་ཤིག་གཏན་ནས་མེད། ཆུང་དང་འགྲོགས་ཤིང་འདྲིས་པའི་མི་དང་། ང་ལ་བརྩེ་ཞིང་ང་ལ་དུངས་པའི་མི་ཚོས་ཕྱིར་ཤོག་དང་མཉམ་དུ་ལོ་སར་ཟེར་བ་ཐོས་དུས། ང་རང་ཕ་ཡུལ་དུ་ལོག་པའི་འདུན་པ་ནི་རྟ་རྒོད་ཅིག་དང་འདྲ་བར་བཀག་ན་མི་ཐུབ་པ་ཞིག་རེད། འོན་ཀྱང་ང་ནི་སྒེར་སེམས་ཆེ་བས་ང་དང་འདྲིས་མི་བཏུབ་པའམ་ཁོ་བོའི་མིག་ཏུ་མི་ཤོང་བའི་ཕ་ཡུལ་གྱི་ཆ་ཤས་མང་པོ་མང་པོ་ཞིག་དྲན་ཡོང་དུས། ང་རང་ཕ་ཡུལ་དུ་སྐྱོད་པའི་འདུན་པ་ལ་གཉའ་གནོན་ཤུགས་ཆེན་བྱས་ཡོང་། དེར་བརྟེན། ངས་ད་ལྟའི་རང་ཉིད་ཀྱི་བདེ་སྐྱིད་འདིའམ་སེམས་ཁམས་འདི་ལ་གནོད་སྐྱོན་ཙམ་མི་ཐེབས་པའི་ཆེད་དུ་ཕ་ཡུལ་དུ་འཚོ་བཅས་པའི་སེམས་མཐུན་གྱི་མི་དག་ལ་ཕྱིར་ལོག་མི་ཐུབ་པའི་གཏན་ཚིགས་མང་པོ་བརྫུས་ཏེ་ལུང་ལྟར་དྲངས་པ་ཡིན།

        འོན་ཀྱང་ངས་ཨ་ཕྱི་རྒས་ཏེ་འགྲེང་སྡོད་ལའང་དཀའ་ཁག་ཆེ་བ་ཐོས་དུས། ངའི་རྩ་ཁྲིམས་སམ་ང་རང་ཕ་ཡུལ་དུ་མི་སྐྱོད་པའི་འདུན་པ་ལ་རྦད་དེ་འགྱུར་བ་ཐེབས་པས་ངས་རང་གི་རྩ་ཁྲིམས་ལ་ངོ་རྒོལ་བརྒྱབ་སྟེ། ད་ནས་ང་རང་ཕྱིར་ཕ་ཡུལ་དུ་ལོག་པའི་ཐར་ལམ་བཙལ་རྒྱུ་ཡིན། ནམ་ཞིག་ཏུ་ང་རང་ཕྱིར་ལོག་ཡོང་ངེས། ང་ཨ་ཕྱིའི་འགྲམ་དུ་ཕྱིར་ལོག་ཡོང་ངེས།

        ངའི་ཨ་ཕྱི་ནི་ཀ་ར་ཟ་རྒྱུར་དགའ་བོ་ཡོད། འབྲོག་ས་ན་ཀ་ར་ཉུང་ཡང་ཨ་ཕྱིའི་ལྕེ་ཐོག་ཏུ་ཀ་ར་ཞིག་ཕལ་ཆེར་ཆད་རྒྱུ་མེད། ནམ་རྒྱུན་སྦྲ་གུར་དཀར་པོའི་གཡོན་ཕྱོགས་སུ་ཆུར་བ་ཉི་མར་ལྡེ་བཞིན་སྡོད་ལ། ལག་གཡས་སུ་ལག་འཁོར་དང་ལག་གཡོན་དུ་ཕྲེང་བ་བཟུང་སྟེ་སྙིང་པོ་འདོན་པའི་གདངས་ལ་བྱིངས་ནས་རྒྱུན་མི་ཆད། ཕྲེང་བ་རེ་རེ་བཞིན་དེད་པས་ཨ་ཕྱིའི་ལག་གཡོན་པའི་མཐེ་བོང་གི་སེན་མོའི་གཞུང་ནས་ཟད་དེ་ཕྱོགས་གཉིས་སུ་གས་ཡོད། བྱིས་དུས་སུ། ངས་ལད་མོ་བྱས་ཏེ་སྐུད་པའི་ངོས་ལ་རང་གི་སེན་མོ་ཡང་ཡང་བརྡར་ཡང་ཨ་ཕྱིའི་སེན་མོ་འདྲ་ཞིག་མི་ཡོང་བས་ངས་སོ་ཡིས་བྲད་དེ་ཨ་ཕྱིའི་སེན་མོ་འདྲ་ཞིག་བྱས་ནས་ཨ་ཕྱིར་སྟོན་དུས། ཨ་ཕྱིའི་གདོང་ལ་འཛུམ་གྱིས་ཁེངས་ཏེ་ངའི་མགོ་ལ་ལག་པས་ཡང་ཡང་བྱུག་ཡོང་ངེས། ང་ཨ་ཕྱི་དང་མཉམ་དུ་འབྲོག་ས་ནས་འདུག་དུས་ང་ལ་ལས་ཀ་གཞན་མེད་པས་ངས་མགོ་བོ་ཨ་ཕྱིའི་པང་དུ་བཞག་སྟེ་གཉིད་དུས་ཨ་ཕྱིས་ངའི་རྒྱབ་ནས་ལག་པ་འཇམ་འཇམ་གྱིས་བྱུག་སྟེ་ང་རང་གཉིད་དུ་བཅུག་པ་རེད། དེ་ནི་བདེ་སྐྱིད་ཅིག་ཡིན།

        སྟོན་པ་གཤེན་རབ་མཆོག་གིས“བོན་ཐམས་ཅད་འཁྲུལ་པ་སོ་སོའི་རྗེས་སུ་མི་གཏོགས”ཞེས་གསུངས་པ་བཞིན་ཨ་ཕྱི་ང་ལ་ཕྱོགས་པའི་དུས་མ་བཅོས་པར་ལྷད་མེད་པའི་དྭངས་གཙང་གི་བརྩེ་བས་ཡོངས་སུ་བཅོམ་པས་ང་ལ་མཚོན་ན་ཨ་ཕྱི་ནི་ང་ཡི་འཁྲུལ་པ་སོ་སོའི་རྗེས་སུ་མི་གཏོགས་པར་མ་བཅོས་པའི་རང་བཞིན་དུ་གནས་པའི་དྲི་མེད་དྭངས་གཙང་གི་རྒྱལ་ཡུམ་བྱམས་མ་ཡིན།

        འཁོར་བ་ནི་ནམ་མཁའི་ངང་ཚུལ་ཅན་ཡིན་པས་ང་དང་ཨ་ཕྱི་ནི་རྡུལ་ཕྲན་གྱི་རང་བཞིན་ཅན་ཏེ། ནམ་མཁའི་དབྱིངས་སུ་ཐིམ་ཡང་། བསོད་ནམས་དང་ལས་དབང་གི་རྐྱེན་པས་འདི་ལྟར་འཛོམས་པ་ལ། ངས་ཚེ་རབས་ཅི་ཙམ་གྱིས་བསོད་ནམས་ཀྱི་རླུང་རྟ་འགྱེད་དགོས་ཨང་། ཨ་ཕྱི། ང་ཡི་རྒྱལ་ཡུམ་བྱམས་མ། ཁྱེད་ཀྱི་སྐུ་ཚེ་བརྟན་དགོས། ཚེ་རིང་ནད་མེད་ཤོག ང་ཡི་ཨ་ཕྱི། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1