ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་འདིར་ལན་ཆ་བཟང་པོ་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 05-29


        ཀྲུའུ་ཞི་ཞི་ཅིན་ཕིང་གིས་2023ལོའི་ཀྲུང་ཀོན་ཚུན་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་པར་ཚོགས་ཞུགས་མི་སྣ་དང་སྤྱི་ཚོགས་ལས་རིགས་ཁག་གི་ཁྲོད་ལན་ཆ་བཟང་པོ་བྱུང་ཡོད། ཚང་མས། རྒྱལ་སྤྱིའི་མཉམ་ལས་དང་སྒོ་དབྱེའི་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་ཚན་རིག་ལག་རྩལ་མཆོང་བརྒལ་གོང་འཕེལ་ཡོང་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་ཚན་རྩལ་གྱིས་རྒྱལ་ཁབ་ཁག་གི་མི་དམངས་ལ་སྔར་བས་བདེ་སྐྱིད་བསྐྲུན་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

        སྐབས་འདིའི་ཀྲུང་ཀོན་གྲོང་ཚོའི་གླེང་སྟེགས་ཐོག་ཕྱི་རྒྱལ་གྱི་སྲིད་གཞུང་སྡེ་ཚན་དང་། རྒྱལ་སྤྱིའི་རྩ་འཛུགས། སྒྲིག་གཞི་བཅས་200ཙམ་ཞུགས་ཡོད་པ་དང་། རྩེར་སོན་རིགས་གཅིག་མཁས་ཅན་120ཙམ་གྱིས་ཆུ་ཚད་མཐོ་བའི་གཙོ་དོན་གཏམ་བཤད་སྤེལ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་པར་ཚོགས་ཞུགས་སྐུ་མགྲོན་ཚོའི་ཁྲོད་དུའང་ལན་ཆ་བཟང་པོ་བྱུང་བ་དང་། ཚང་མས། ལག་གདང་སྦྲེལ་ནས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་བཏང་སྟེ་ཚན་རིག་ལག་རྩལ་གྱིས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

        ཀྲུང་གོ་ཚན་རིག་ཁང་དངོས་ལུགས་རྫས་འགྱུར་ལག་རྩལ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཀའོ་པོ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཀོན་ཚུན་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་གནང་བས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང་། སྔོན་ཆད་ང་ཚོ་ནི་རྒྱལ་སྤྱིའི་མཉམ་ལས་ཀྱི་ཁེ་ཕན་ཐོབ་མཁན་ཡིན་ཞེས་བཤད་ཆོག་ཅིང་། མ་འོངས་པར་ང་ཚོས་མུ་མཐུད་དུ་རྒྱལ་སྤྱིའི་ལས་རིགས་གཅིག་པའི་མི་སྣ་དང་མཉམ་དུ་སྔར་ལས་ལེགས་པའི་མཉམ་ལས་ཀྱི་ཁོར་ཡུག་བསྐྲུན་རྒྱུ་དང་། རིག་གཞུང་ཚན་ཁག་གི་འཕེལ་རྒྱས་དང་དེ་བཞིན་དེའི་གྲུབ་འབྲས་ཀྱིས་མིའི་རིགས་ལ་ཕན་པ་བསྐྲུན་རྒྱུ་ཡིན་པས། ང་ཚོས་མུ་མཐུད་དེ་འབད་པ་ལྷུར་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

        ཀྲུང་ཀོན་ཚུན་གླེང་སྟེགས་ཀྱི་ཚོགས་ཞུགས་མི་སྣ་ཏེང་ཀྲི་ཧྭ་ཡིས། ཚན་རྩལ་ལས་དོན་པ་ཞིག་གི་ངོས་ནས་བརྗོད་ན་ང་རང་ལ་ལྕག་སྐུལ་ཆེན་པོ་ཐེབས་བྱུང་། མིག་སྔའི་རྒྱལ་སྤྱིའི་སྤྱི་ཚོགས་ལ་གནད་དོན་དང་འགྲན་སློང་མང་པོ་འཕྲད་ཡོད་པས་ང་ཚོ་ཚན་རྩལ་ལས་དོན་པ་ཚང་མས་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པ་དང་། རྒྱལ་སྤྱིའི་སྤེལ་རེས་དང་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་ཆེད་ང་ཚོ་ཚན་རྩལ་མི་སྣས་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

        ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། མིའི་རིགས་ཀྱིས་ཐུན་མོང་འཕེལ་རྒྱས་ལ་འཕྲད་པའི་དཀའ་གནད་སེལ་དགོས་ན་དེ་སྔའི་དུས་སྐབས་གང་རུང་ཞིག་ལས་རྒྱལ་སྤྱིའི་མཉམ་ལས་དང་སྒོ་དབྱེ་མཉམ་སྤྱོད་བྱེད་དགོས་ཞེས་བསྟན་ཡོད། རྒྱལ་ཁབ་ཕྱི་ནང་གི་མི་སྣས། དེའི་ཐོག་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་གི་ཚན་རྩལ་གསར་གཏོད་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་མཁྱེན་རྟོགས་ཐུབ་པ་དེ་ལས་ཀྲུང་གོའི་བློ་རྒྱ་དང་འགན་འཁྲི་འཁུར་སེམས་མངོན་པའི་ངོས་འཛིན་གནང་ཡོད།

        རྒྱལ་སྤྱིའི་ཤེས་ལྡན་མི་སྣའི་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས(AGTO)ཀྱི་ཀྲུའུ་ཞི་ཏན་ཉི་སི་ཤིས་མེང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་ཀྲུང་གོས་རྒྱལ་ཁབ་གཞན་དག་དང་མཉམ་ལས་དང་སྤེལ་རེས་བྱ་རྒྱུར་གཞོལ་རྒྱུ་ཡིན་ཞེས་གསུངས་འདུག་པས། དེ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ང་ཚོས་ཀྲུང་གོ་འདི་ཉིད་རྒྱལ་སྤྱིའི་ཚན་ཞིབ་མ་ལག་ཧྲིལ་པོའི་ཁྲོད་ཀྱི་གཙོ་རྒྱུག་ཁོངས་གཏོགས་སུ་གྱུར་བ་དང་། ཚན་རིག་ལག་རྩལ་ཐད་ཀྱི་འཕེལ་རྒྱས་ཀྱིས་གོ་ལ་ཧྲིལ་པོའི་ཚན་རྩལ་ཡར་ཐོན་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་མཐོང་ཐུབ་ཅེས་གསུངས་པ་རེད།

        གློག་ཤུགས་གློག་རྡུལ་བཟོ་བཀོད་པའི་མཐུན་ཚོགས(IEEEE)ཀྱི་ཀྲུའུ་ཞི་སའེ་དབྱི་ཧྥུའུ་ལ་མན་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ཐོག་ནས། ཁོང་གིས་མིག་སྔའི་ཚན་རྩལ་འཕེལ་རྒྱས་ཀྱི་གནད་དོན་དང་ཐབས་ཇུས་ལ་རྒྱུས་མངའ་ཧ་ཅང་ཆེ་བ། ཚང་མས་ངེས་པར་དུ་མཉམ་ལས་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་གཏོང་དགོས་ཀྱི་ཡོད་པ་མཐོང་ཐུབ། ང་རང་ཕྱིར་ལོག་རྗེས་ངའི་ལས་རོགས་དང་སློབ་མ་ཚོར། རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ཁྲོད་ཀྲུང་གོར་འཆར་གཞི་མང་པོ་ཞིག་ཡོད་པ་གསལ་བཤད་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

        ཀྲུང་གོ་ཚན་རིག་ཁང་གི་རང་འགུལ་ཅན་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཙེང་དབྱི་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་ད་ཐེངས་ཀྱི་རྟེན་འབྲེལ་འཕྲིན་ཡིག་ནང་ཚན་རྩལ་འཕེལ་རྒྱས་གཏོང་བར་རྒྱལ་སྤྱིའི་མཉམ་ལས་དེ་བས་མང་བ་བྱེད་དགོས་པ་དམིགས་སུ་བཀར་ནས་ནན་གསུངས་གནང་ཡོད། ཀྲུང་ཀོན་ཚུན་གླེང་སྟེགས་ཐོག་གོ་ལ་ཧྲིལ་པོའི་རྩེར་སོན་ཚན་རྩལ་དང་བློ་གྲོས་ཀྱི་སྙིང་བཅུད་བསྡུ་རུབ་བྱས་པ་མ་ཟད། དེ་བས་འགག་རྩ་ནི་སྟེགས་བུ་དེ་འདྲ་ཞིག་མཁོ་འདོན་བྱས་ནས་ང་ཚོའི་མཁས་དབང་དང་། སྲིད་གཞུང་། ཐོན་སློབ་ཞིབ་གསུམ་ལས་རིགས་བཅས་ཀྱིས་མཉམ་ལས་ཐོག གནད་དོན་གང་དག་ཐུན་མོང་ཐོག་ཐག་གཅོད་བྱ་རྒྱུ་དང་། གོ་སྐབས་གང་དག་མཉམ་སྤྱོད་བྱས་ནས་གོ་ལ་ཧྲིལ་པོ་རྒྱུན་མཐུད་གོང་འཕེལ་ལ་ལེགས་སྐྱེས་འབུལ་རྒྱུ་རེད་ཅེས་གསུངས་ཡོད།

        ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། པེ་ཅིང་གིས་སྔོན་ཐོན་གྱི་ལག་རྩལ་གསར་གཏོད་དང་མཐོ་ཞིབ་རྩེ་གསུམ་གྱི་ཐོན་ལས་གོང་འཕེལ་ཐད་ནུས་ཤུགས་ཡོད་རྒུས་མདུན་གྲལ་དུ་བསྐྱོད་དགོས་ཞེས་ནན་གསུངས་གནང་ཡོད། པེ་ཅིང་གིས་མུ་མཐུད་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས་ཀྱི་ལེགས་ཆ་སྔར་བས་འདོན་སྤེལ་བྱས་ཏེ་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་ཚན་རྩལ་གསར་གཏོད་ལྟེ་གནས་གཏོད་པའི་ཕྱོགས་སུ་དཔུང་སྐྱོད་བྱེད་མགྱོགས་སུ་གཏོང་རྒྱུ་ཡིན་པ་རེད།

        ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི། པེ་ཅིང་སྦྲག་ཟམ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀྲང་ཕིང་གིས། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོ་ཚན་རྩལ་ལས་དོན་པར་ཁ་ཕྱོགས་གསལ་སྟོན་གནང་བ་སྟེ། ཚན་རྩལ་ལས་དོན་དེ་བས་ཡག་པོ་བསྒྲུབ་ནས་ང་ཚོའི་ཚན་རྩལ་གྱི་མཐོ་ས་གཏོད་པ་དང་། ང་ཚོའི་དཔལ་འབྱོར་འཛུགས་སྐྲུན་ལ་ཞབས་འདེགས་ཞུས་ཐོག རང་རྒྱལ་གྱི་མ་འོངས་པའི་6Gཆེད་ལས་དོན་དེ་བས་མང་བ་སྒྲུབ་སྟེ། ང་ཚོའི་ལེགས་སྐྱེས་འབུལ་ཡུལ་གསར་པ་གཏོད་རྒྱུ་ཡིན་ཞེས་གསུངས་ཡོད།

        པེ་ཅིང་གྲོང་ཁྱེར་ཧའེ་ཏེན་ཆུས་ཨུད་ཀྱི་ཧྲུའུ་ཅི་ཝང་ཧོ་ཧྲེང་གིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཧུར་ཐག་གཏོད་པ་དང་། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གནས་བབ་ལ་ཤུགས་སྣོན་རྒྱག་པ། ཀྲུང་ཀོན་ཚུན་གྱིས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ། རྒྱལ་སྤྱིའི་རྩེར་སོན་གྱི་སྒོ་དབྱེ་གསར་གཏོད་ཀྱི་ཁོར་ཡུག་གཏོད་པ། དེང་རབས་ཀྱི་ཐོན་ལས་མ་ལག་འཛུགས་པ། རྒྱལ་ཁབ་ཀྱི་ཚན་རྩལ་རང་ཚུགས་རང་འཕེལ་དང་རྒྱལ་སའི་སྤུས་མཐོའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་བཅས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

        པེ་ཅིང་གྲོང་ཁྱེར་འཕེལ་བསྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་དབྱང་ཤིའུ་ལིང་གིས། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གྱི་དགོངས་དོན་ལྟར་འདུས་གྲུབ་གློག་ལམ་དང་། མི་བཟོས་རིག་ནུས། རིག་ནུས་དྲ་སྦྲེལ་རླངས་འཁོར། སྐྱེ་དངོས་གསོ་རིག་སོགས་རྩེར་སོན་ཐོན་ལས་ཁྱབ་ཁོངས་ལ་དམ་པོར་དམིགས་པ་དང་། རྒྱལ་ཁབ་ཚོད་ལྟ་ཁང་དང་སྣོལ་འདྲེས་ཞིབ་འཇུག་བྱེད་པའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཁེ་ལས་ཀྱིས་གཙོ་གཟུགས་བྱེད་པའི་གསར་གཏོད་མ་ལག་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཐོག གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཐེབས་ཤུགས་ལྡན་པའི་ཚན་རྩལ་གསར་གཏོད་ཀྱི་མཐོ་ས་ཞིག་མགྱོགས་མྱུར་ཆགས་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1