ཤེས་རྟོགས་ཐེངས་དང་པོ་བྱུང་བའི་བྲག་བརྐོས་རི་མོ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 05-30


        ཉིན་ཤས་གོང་། གསར་འགོད་པས་བོད་ལྗོངས་རྒྱལ་རྩེ་རྫོང་ཡུལ་སྐོར་རིག་གནས་ཅུས་ནས་ཤེས་རྟོགས་བྱུང་བར། རྒྱལ་རྩེ་རྫོང་ཁོངས་སུ་བྲག་བརྐོས་རི་མོའི་ས་ཚིགས་ཤིག་ཐོག་མར་ཤེས་རྟོགས་ཐུབ་ཡོད།

        གསར་འགོད་པས་ཤེས་རྟོགས་བྱུང་བར། བོད་ལྗོངས་རྒྱལ་རྩེ་རྫོང་རིག་གནས་ཤུལ་བཞག་ཡོངས་བཤེར་ལས་དོན་འགོ་བཙུགས་ནས་ད་བར་ཟླ་ཕྱེད་ཙམ་ཕྱིན་ཡོད། སྤོ་འགུལ་མི་རུང་བའི་རིག་དངོས་ཡོངས་བཤེར་ཚོགས་ཆུང་གིས་སྔ་རྗེས་སུ་ཤང་དང་གྲོང་རྡལ། གྲོང་ཚོ་ཁག་གི་ས་ཡུལ་དངོས་བཅས་སུ་རྟོག་ཞིབ་གཏིང་ཟབ་བྱས་པ་དང་། མང་ཚོགས་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་མི་སྣ་དང་། དམངས་ཁྲོད་ཀྱི་རིག་གནས་མཁས་པས་རྟོག་ཞིབ་བྱས་པ་བརྒྱུད། མིག་སྔའི་བར་དུས་མཚམས་རང་བཞིན་གྱི་འཕེལ་རིམ་གལ་ཆེན་ཐོན་ཡོད།

        བྲག་བརྐོས་རི་མོའི་ས་ཚིགས་དེ་ནི་ས་བབ་མཚོ་འཕགས་སྨི་5200ཟིན་པའི་རི་འགོའི་སར་གནས་པ་དང་། བྲག་ངོས་8ཀྱི་སར་ཁྱབ་ཡོད་དེ། བྲག་བརྐོས་རི་མོའི་ནང་། རྟ་ཞོན་པའི་མི་46ཡོད་པའི་ཁྲོད་མི་22ཀྱིས་མདའ་གཞུ་ལག་ཏུ་ཐོགས་པ་དང་། མི་5ཡིས་མདུང་ལག་ཏུ་བཟུང་བ། ད་དུང་སྔ་རབས་ཀྱི་མཆོད་རྟེན་4དང་། ཡིག་ཁྲི་མ་1བཅས་ཡོད་ཅིང་། དེས་རྔོན་རྒྱག་དང་། འཐབ་རྩོད། དད་མོས་སོགས་གནའ་དུས་འཚོ་བ་དངོས་མཚོན་པར་བྱས་ཡོད།

        བོད་རང་སྐྱོང་ལྗོངས་དང་། གཞིས་རྩེ་གྲོང་ཁྱེར་རིག་གནས་དངོས་མང་འགྲེམ་སྟོན་དང་། གནའ་ཤུལ་རྟོག་ཞིབ་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་པ་བཅས་ཀྱིས་ཐོག་མར་ཁུངས་འདེད་བྱས་པ་ལྟར་ན། དེ་ནི་ཐང་རྒྱལ་རབས་ནས་ཡོན་རྒྱལ་རབས་བར་གྱི་ཡིན་པ་ར་སྤྲོད་བྱས་འདུག ཞིབ་ཕྲའི་ལོ་རབས་ད་དུང་མུ་མཐུད་ཞིབ་འཇུག་དཔང་ལེན་བྱེད་དགོས་ཀྱི་ཡོད།

        བྲག་བརྐོས་རི་མོའི་ས་ཚིགས་དེ་ནི་རྒྱལ་རྩེ་རྫོང་ཁོངས་སུ་ཐོག་མར་ཤེས་རྟོགས་ཐུབ་པའི་གནའ་ཤུལ་ཤིག་ཡིན་པས་རྒྱལ་རྩེ་རྫོང་ཁོངས་སུ་བྲག་བརྐོས་རི་མོའི་ས་ཚིགས་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་བ་དང་། ཐེངས་འདིའི་ཡོངས་བཤེར་ཁྲོད་ཀྱི་ཤེས་རྟོགས་གལ་ཆེན་ཞིག་ཀྱང་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1