“གངས་ལྗོངས་ཀྱི་སྦས་ལུང”དེང་རབས་ལ་སྒོ་མོ་ཕྱེ་བ།
གཞུང་ལམ་ཤར་གཏོང་ཐུབ་པས་མེ་ཏོག་རྫོང་ལ་འཕོ་འགྱུར་ཆེན་པོ་བྱུང་བ།
འདི་ནི་ཞོགས་པའི་སྤྲིན་གསེབ་ཀྱི་མེ་ཏོག་རྫོང་ཡིན་པ།
བོད་ཀྱི་ཤར་ལྷོའི་ཕྱོགས་ཀྱི་མེ་ཏོག་རྫོང་ནི་འཛམ་གླིང་གི་རོང་ཆེན་ཨང་དང་པོ་ཡིན་པའི་ཡར་ཀླུང་གཙང་པོའི་རོང་ཆེན་གྱི་མཐིལ་དུ་གནས་ཤིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་1200ཙམ་ལས་ཟིན་གྱི་མེད་པས་བོད་ནས་ས་བབ་དམའ་ཤོས་དང་ཁོར་ཡུག་ཡག་ཤོས་ཀྱི་ས་ཆ་ཞིག་ཡིན་པ་དང་། དེའི་ཁོངས་སུ་རང་བྱུང་ཐོན་ཁུངས་འབེལ་བས། ཡུལ་པད་མ་བཀོད་ཅེས་སུ་གྲགས། རང་བྱུང་དང་ལོ་རྒྱུས་ཀྱི་རྐྱེན་པས་མེ་ཏོག་ནི་དེ་སྔ་ཀྲུང་གོ་ཡོངས་ནས་གཞུང་ལམ་ཤར་གཏོང་མ་ཐུབ་པའི་རྫོང་འབའ་ཞིག་དེ་ཡིན་པ་དང་མང་ཚོགས་ཀྱི་འགྲོ་སྐྱོད་ལ་དཀའ་གནད་མང་པོ་འཕྲད་པས་ཡུལ་དེའི་མང་ཚོགས་མི་རབས་ནས་མི་རབས་བར་གྱིས་མེ་ཏོག་ལ་འགྲོ་སའི་གཞུང་ལམ་ཞིག་བཟོ་ཐུབ་ན་སྙམ་པའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།
2013ལོའི་ཟླ་10པར་ཁྲབ་རྨོག་ནས་མེ་ཏོག་བར་གྱི་གཞུང་ལམ་ཤར་གཏོང་ཐུབ་སྟེ་མེ་ཏོག་ཏུ་གཞུང་ལམ་ཤར་གཏོང་མ་ཐུབ་པའི་ལོ་རྒྱུས་ཡོངས་སུ་མཇུག་འགྲིལ། 2021ལོའི་ཟླ་5པར་མེ་ཏོག་རྫོང་དུ་བསྐྱོད་སའི་འགྲིམ་འགྲུལ་འགག་མདོ་སྟེ། ཕད་གྲོང་རྡལ་ནས་མེ་ཏོག་བར་གྱི་གཞུང་ལམ་ཤར་གཏོང་ཐུབ་ཅིང་། གཞུང་ལམ་དེ་གཉིས་ཤར་གཏོང་ཐུབ་པ་ལས་མི་རབས་ནས་མི་རབས་བར་མེ་ཏོག་ཏུ་འཚོ་སྡོད་བྱེད་མཁན་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་སྟེ་དེ་སྔའི“ས་མཐོའི་ཁེར་ཆགས་གླིང་ཕྲན”དེ་དེང་རབས་ཀྱི་སྒོ་དབྱེའི་ཕྱོགས་སུ་སྐྱོད་འགོ་ཚུགས།
བཙན་འགག་ཕྲ་མོ་གཞུང་ལམ་བདེ་མོར་གྱུར་པ།
གཞུང་ལམ་བཟོ་བའི་སྐོར་གླེང་ན་མེ་ཏོག་ཏུ་གཞུང་ལམ་བསྐྲུན་རྒྱུ་ཤིན་ཏུ་དཀའ། དུས་རབས་20པའི་ལོ་རབས་60པ་ནས་བཟུང་རྒྱལ་ཁབ་ཀྱིས་མེ་ཏོག་གི་གཞུང་ལམ(ཁྲབ་རྨོག་ནས་མེ་ཏོག་བར་གྱི་གཞུང་ལམ)བཟོ་བའི་འཆར་གཞི་བཏིང་སྟེ་2013ལོའི་ཟླ་10ཚེས་31ཉིན་དངོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ་བྱ་རྒྱུ་ཡིན་ཡང་ས་གཤིས་ཀྱི་གྲུབ་ཆ་རྙོག་འཛིང་ཆེ་བ་དང་རང་བྱུང་གནོད་འཚེ་ཡང་སེ་ཐོན་པ་སོགས་ཀྱི་རྐྱེན་པས་མེ་ཏོག་གི་གཞུང་ལམ་སྔ་རྗེས་སུ་ཐེངས་5བཟོ་དགོས་བྱུང་བ་རེད། “མེ་ཏོག་གཞུང་ལམ་གྱི་ལམ་རྒྱུད་ཧྲིལ་པོར་རི་ཉིལ་བ་དང་། གས་རྡིབ། འདམ་རྡོའི་ཆུ་རུད། ཆུས་འཁྱེར་བ་སོགས་རང་བྱུང་གནོད་འཚེ་སྣ་ཚོགས་ཐོན་ས་400ལྷག་ཙམ་ཡོད་པ་མ་ཟད། དེའི་ཁྲོད་ཀྱི་མང་ཆེ་བ་ད་དུང་ཡང་འཛམ་གླིང་རང་བཞིན་གྱི་དཀའ་གནད་ཅིག་རེད”
2022ལོར་ཕད་གྲོང་རྡལ་ནས་མེ་ཏོག་བར་གྱི་གཞུང་ལམ་གྱི་ལས་གྲྭ་གཙོ་བོ་ལས་མཇུག་འགྲིལ་བ་དང་། ཉིང་ཁྲི་ནས་མེ་ཏོག་བར་གྱི་གཞུང་ལམ་གྱི་ལམ་ཚད་དེ་སྔ་སྤོ་བོ་རྫོང་ནས་སྤྱི་ལེ་346ཡོད་པ་ནས་ཕད་གྲོང་རྡལ་བརྒྱུད་དེ་ཕྱིན་ན་སྤྱི་ལེ་180ལས་མེད་པ་དང་། འགྲོ་སྐྱོད་དུས་ཚོད་དེ་སྔ་ཆུ་ཚོད་12འགོར་གྱི་ཡོད་ཀྱང་ད་ཆ་ཆུ་ཚོད་4ལས་འགོར་གྱི་མེད། བཙན་འགག་ཕྲ་མོ་བདེ་མོའི་ཐང་ལ་གྱུར་ཞིང་། གསར་དུ་བསྐྲུན་པའི་ཕད་གྲོང་རྡལ་ནས་མེ་ཏོག་བར་གྱི་གཞུང་ལམ་དང་དེ་སྔའི་མེ་ཏོག་གི་གཞུང་ལམ་གྱིས་མེ་ཏོག་ཏུ་འགྲོ་འོང་བྱེད་པའི་འགྲིམ་འགྲུལ་ལམ་ཐིག་གྲུབ་སྟེ་མེ་ཏོག་གི་མང་ཚོགས་འགྲོ་སྐྱོད་བྱེད་དཀའ་བའི་གནད་དོན་རྩ་བ་ནས་འགྱུར་ལྡོག་ཕྱིན་ཏེ་མེ་ཏོག་གིས་འཛམ་གླིང་ལ་སྒོ་མོ་ཕྱེ་བའི་ལག་ཟུང་བརྐྱངས་ཡོད།
གཞུང་ལམ་ཤར་གཏོང་ཐུབ་པས་ཐོན་ལས་དར་རྒྱས་ལ་སྐུལ་ཁྲིད་བྱས་པ།
ཉེ་བའི་ལོ་ཤས་རིང་། མེ་ཏོག་དགུ་ཐང་གྲོང་ཚོས་ཉི་རི་ཁ་ནགས་ཁྲོད་ཐོན་ཁུངས་མཉམ་ལས་ཁང་ལ་བརྟེན་ནས་ནགས་ཁྲོད་ཐོན་ཁུངས་ཀྱིས་གཙོ་བོར་བྱས་པའི་ཞིང་འབྲོག་པའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། ཤང་ཡོངས་ཀྱི་རླམ་རྩྭ་ཕོ་སུལ་འདེབས་འཛུགས་ཀྱི་རྒྱ་ཁྱོན་མུའུ་60.72ཟིན་པ་དང་མིག་སྔར་སྤྱི་རྒྱ་4500ལྷག་ཙམ་བཏུས་ཡོད། “མེ་ཏོག་ཏུ་གཞུང་ལམ་ཤར་གཏོང་མ་ཐུབ་པའི་སྐབས་རླམ་རྩྭ་ཕོ་སུལ་སྐྱེ་འཚར་བྱུང་ཡང་འཚོང་ལམ་མེད”“གཞུང་ལམ་ཤར་གཏོང་ཐུབ་རྗེས་ང་ཚོས་གྲོང་ཚོ་6གི་མང་ཚོགས་ལ་ཤ་མོའི་སོན་རིན་མེད་ངང་མཁོ་འདོན་བྱས་པ་དང་། གྲོང་མིས་འདེབས་འཛུགས་བྱས་པའི་རླམ་རྩྭ་ཕོ་སུལ་ད་དུང་མཉམ་ལས་ཁང་གིས་རིན་གོང་འཚམ་པོ་སྤྲད་དེ་ཉོ་སྒྲུབ་བྱས་རྗེས། ཟོག་འགྲེམས་བརྒྱུད་ནས་བོད་ཀྱི་ས་གནས་གང་སར་སྐྱེལ་གྱི་ཡོད། སྤྱིར་ན་ཁྲོམ་རའི་རིན་གོང་བྱས་ན་རྒྱ་མ་རེར་སྒོར་650ནས་800རག་གི་ཡོད་པས་འདི་ལོ་སྔོན་དཔག་བྱས་ན་ཤང་ལ་འབབ་འཕར་སྒོར་ཁྲི་85ཡོང་རེ་འདུག”ཅེས་ཉི་རི་ཁ་ནགས་ཁྲོད་ཐོན་ཁུངས་མཉམ་ལས་ཁང་གི་འགན་འཁུར་བ་དཀོན་མཆོག་ཚེ་རིང་གིས་དེ་ལྟར་བརྗོད།
གཞུང་ལམ་ཤར་གཏོང་ཐུབ་པ་དང་བསྟུན་ནས་ཉེ་བའི་ལོ་ཤས་རིང་མེ་ཏོག་ཏུ་ཡོང་སྟེ་ཡར་ཀླུང་གཙང་པོའི་རོང་ཆེན་དང་སྒོར་སྒོར་ཐང་ཁུག་ཆེན་སོགས་རང་བྱུང་མཛེས་ལྗོངས་དང་ཡུལ་དེའི་མོན་པ་རིགས་དང་ལྷོ་པ་རིགས་ཀྱི་ཡུལ་གོམས་གཤིས་ལུགས་ལ་མྱོང་རོལ་བྱེད་མཁན་ཡུལ་སྐོར་བ་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད། 2021ལོར་མེ་ཏོག་ཡོངས་ཀྱི་ཡུལ་སྐོར་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཏེ་ཡུལ་སྐོར་མི་གྲངས་ཁྲི་20.58དང་ཡོང་འབབ་སྒོར་ཁྲི་7893.07ཟིན་ཏེ་དུས་མཚུངས་ལས་136%དང་264%སོ་སོར་འཕར་ཡོད།
སྟབས་བདེའི་འགྲིམ་འགྲུལ་གྱིས་ས་གནས་དེ་གའི་ཁྱད་ལྡན་ཞིང་འབྲོག་ལས་དང་། ཡུལ་སྐོར། ཚོང་ལས་སོགས་འཕེལ་རྒྱས་མྱུར་པོ་འགྲོ་བར་སྐུལ་འདེད་ནུས་ལྡན་ཐེབས་ནས་མི་སེར་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་ཕྱོཌ་ཡོངས་ནས་སྐུལ་ཁྲིད་ཐུབ་ཡོད། ཇ་ལོ་དང་། ཚ་ཁུལ་ཕལ་པའི་ཤིང་འབྲས། སྨྱུག་བསླས་ཐོན་རྫས། རླམ་རྩྭ་ཕོ་སུལ། ས་གནས་དེ་གའི་མོག་རོ་སོགས་ཁྱད་ལྡན་ཐོན་རྫས་དང་ཐོན་ལས་སྐྱེད་སྲིང་བྱས་པས་མི་སེར་གྱི་ཡོང་འབབ་དེ་བས་མང་དུ་ཕྱིན་པ་དང་འཚོ་བ་དེ་བས་སྐྱིད་དུ་ཕྱིན་པས་ཁོང་ཚོའི་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར། བསྡོམས་རྩིས་བྱས་པར་གཞིགས་ན། མེ་ཏོག་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་2012ལོའི་སྒོར་དུང་ཕྱུར་2.6ནས་2021ལོའི་སྒོར་དུང་ཕྱུར་8.52བར་འཕར་ནས་ལོ་རེར་ཆ་སྙོམས་13.8%འཕར་ཡོད་པ་རེད། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2012ལོའི་སྒོར་4875ནས་2021ལོའི་སྒོར་15278བར་འཕར་ནས་ལོ་རེར་ཆ་སྙོམས་13.5%འཕར་ཡོད་པ་རེད།
སྨན་པ་བསྟེན་པ་དང་སློབ་གྲྭ་འགྲིམ་པར་དཀའ་ངལ་མེད་པ།
ཉེ་བའི་ལོ་ཤས་རིང་། མེ་ཏོག་རྫོང་མི་དམངས་སྨན་ཁང་གི་གཞི་གཅིག་ཅན་གྱི་སྨན་ཁང་ཆ་འཕྲིན་མ་ལག་དང་རྒྱང་བསྟེན་སྨན་བཅོས་ལྟེ་གནས་སོགས་སྨན་བཅོས་ཀྱི་ཆ་རྐྱེན་ཧ་ཅང་ཡག་པོ་ཡོད། ཀོང་ཏུང་གི་བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣའི་རོགས་སྐྱོར་འོག་མཐོ་སློབ་ཐོན་པའི་སྨན་དོན་ཤེས་ལྡན་མི་སྣ་མི་ཉུང་བ་ཞིག་མེ་ཏོག་རྫོང་དུ་ཡོང་བས། སྨན་ཁང་གི་སྨན་བཅོས་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་པ་དང་སྨན་ཁང་གིས“ཀ་པ་རིམ་པ་གཉིས་པའི་སྨན་ཁང”གཏོད་པའི་ལས་དོན་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
“མེ་ཏོག་གི་མང་ཚོགས་ཚོས་སེམས་ཁྲལ་བྱེད་ས“སྨན་པ་བསྟེན་དཀའ་བ’ཕུད‘སློབ་གྲྭར་སྐྱོད་དཀའ་བའི’གནད་དོན”རེད། ད་ཆ་མེ་ཏོག་རྫོང་ཆ་ཚང་སློབ་ཆུང་གི་སློབ་སྤྱི་ཏིང་ཧུའེ་དབྱི་2005ལོར་སློབ་གྲྭ་ཐོན་རྗེས་མེ་ཏོག་རྫོང་སྤང་ཞིང་ཤང་སློབ་ཆུང་དུ་དགེ་རྒན་བྱས་ནས་བསྡད། སྐབས་དེ་དུས་ཤང་གི་སློབ་ཁྲིད་ཆ་རྐྱེན་གང་འདྲ་ཡོད་མེད་ཕྱིར་དྲན་བྱེད་སྐབས་ཁོང་གིས་སྨིན་མ་བསྡུ་བཞིན་དུ“སྐབས་དེ་དུས་སོ་ཕག་དང་ཨར་འདམ་གྱིས་བརྒྱབ་པའི་སློབ་ཁང་ནི་ཤང་ནས་ཁང་པ་ཡག་ཤོས་རེད། འགྲིམ་འགྲུལ་ཆ་རྐྱེན་ཞན་པའི་དབང་གིས་དགེ་རྒན་བསྡུས་ཀྱང་ལོ་གཅིག་གཉིས་ལས་སྡོད་ཀྱི་མེད། སློབ་མ་སློབ་གྲྭར་སྐྱོད་པར་རྐང་ཐང་མར་ཉིན་གཅིག་གཉིས་འགྲོ་དགོས་ཀྱི་ཡོད། ད་དུང་སློབ་མ་མང་པོ་ཞིག་སློབ་ལོ་ལོན་ཡང་སློབ་གྲྭར་བསྐྱོད་པའི་གོ་སྐབས་རག་གི་མེད”ཅེས་བཤད། 2013ལོའི་ཟླ་10པར་གཞུང་ལམ་ཤར་གཏོང་ཐུབ་རྗེས་དགེ་རྒན་དེ་བས་མང་བ་མེ་ཏོག་ཏུ་སློབ་ཁྲིད་བྱེད་པར་ཡོང་འདོད་བྱེད་པ་དང་ཁྱིམ་བདག་ཚོའི་སློབ་གསོའི་འདུ་ཤེས་ཀྱང་འགྱུར་ལྡོག་འགྲོ་འགོ་ཚུགས་ཡོད། “མེ་ཏོག་རྫོང་ཆ་ཚང་སློབ་ཆུང་གི་ངོས་ནས་བརྗོད་ན། སློབ་གྲྭར་བརྒྱུད་ལམ་སྣེ་མང་གི་སློབ་ཁང་དང་། ལན་ཆིའུ་སྤོ་ལོ་ཁང་། དཔེ་ཀློག་ཁང་བཅས་ཡོད་པས་སློབ་མས་རང་མོས་ངང་དགའ་མོས་གདམ་ཆོག ན་ནིང་སློབ་གྲྭར་སློབ་མ་498ཡོད་པ་དང་འདི་ལོ་སློབ་མ་534བར་མང་དུ་ཕྱིན་ཡོད” ཅེས་ཏིང་ཧུའེ་དབྱི་ཡིས་བཤད།
ལས་གཏོད་ཕྱུག་འགྱུར་ལམ་བུ་ཡངས་ཤིང་རྒྱ་ཆེ་བ།
མེ་ཏོག་གི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པ་དང་བསྟུན་ནས་རྫོང་གྲོང་གི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་1.1ནས་ད་ཆའི་སྤྱི་ལེ་ངོས་གྲུ་2.2བར་ཆེ་རུ་ཕྱིན་ཡོད། རྫོང་གྲོང་དབུས་ཀྱི་པད་མ་སྤྱི་གླིང་གི་ཐང་ཆེན་དུ་ས་རུབ་སྐབས་དེང་དུས་ཀྱི་ལམ་སྒྲོན་དང་རིག་གནས་ཀྱི་རྣམ་པ་ཟབ་མོ་ལྡན་པའི་སྒོ་རའི་གློག་སྒྲོན་གྱིས་སྤྱི་གླིང་གི་རྣམ་པ་དེ་བས་མཛེས་སུ་ཕྱིན་པ་དང་། ཚོན་མདངས་རྣམ་པའི་བཀྲ་བའི་གློག་སྒྲོན་སྤྱི་གླིང་གི་མཚེའུ་ཡི་ངོས་སུ་འཆར་སྐབས་ཧ་ཅང་མཛེས་པས། སྤྱི་གླིང་དེ་མེ་ཏོག་གི་ས་ཁམས་མཚོན་རྟགས་དང་མི་སེར་གྱི་སྤྲོ་གསེང་རོལ་རྩེད་བྱ་ཡུལ་ཞིག་ཏུ་གྱུར།
བདེ་ཞིང་ཤང་བདེ་ཞིང་གྲོང་ཚོ་ནས་ཡིན་པའི་ནོར་བུ་ཚེ་རིང་2015ལོར་སློབ་ཆེན་ཐོན་རྗེས་རང་ཁྱིམ་གྱི་ས་ཞིང་སྟེང“ཕྱུག་འགྱུར་ཤིང་འབྲས”འདེབས་རྒྱུའི་སེམས་ཐག་བཅད། ནོར་བུ་ཚེ་རིང་གིས་ཁྱིམ་ཚང་གི་ཤུགས་རྐྱེན་ཐེབས་པའི་དབང་གིས་ང་རང་ས་ཆ་གཞན་དུ་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་ཤིང་འབྲས་ཀྱི་སྣ་ཁ་ནང་འདྲེན་དང་འདེབས་འཛུགས་བྱེད་སྟངས་དམིགས་སུ་སྦྱངས་པ་ཡིན། མེ་ཏོག་གི་གནམ་གཤིས་ནི་ཚ་ཁུལ་གྱི་ཤིང་འབྲས་འདེབས་འཛུགས་བྱེད་པར་འཚམ་པ་ཤེས་རྟོགས་བྱུང་བ་དང་། གཞུང་ལམ་ཚང་མ་ཤར་གཏོང་ཐུབ་པས་ས་ཞིང་ལ་བརྟེན་ནས་ཕྱུག་འགྱུར་གྱི་ཐབས་ལམ་ཞིག་འཚོལ་དགོས་སྙམ་བྱུང་ཞེས་བཤད། དེར་བརྟེན་ནོར་བུ་ཚེ་རིང་གིས་དྲ་ཐོག་ནས་རང་སྦྱོང་བྱས་ཏེ་ལོ་གཅིག་ནང་སྤྲེལ་ཁམ་དང་ཤིང་འབྲས་ཧོ་ལུང་གོ་སོགས་ཤིང་འབྲས་སྣ་ཚོགས་ཚོད་ལྟ་དང་བཅས་བཏབ་པར་ཐོན་འབབ་ཡག་པོ་བྱུང་བ་རེད། “ཤིང་འབྲས་འདེབས་ཐུབ་པ་ཙམ་གྱིས་མི་འགྲིག་པར་ད་དུང་ཁེ་བཟང་ཆེ་ཤོས་ཀྱི་སྣ་ཁ་བདམས་ནས་གཞི་རྒྱ་ཆེན་པོས་འདེབས་འཛུགས་བྱེད་དགོས། དཔེར་ན་ཤིང་འབྲས་ཧོ་ལུང་གོ་ཐོག་མར་འདེབས་སྐབས་ལོ་གཉིས་སོང་རྗེས་གཞི་ནས་འབྲས་བུ་སྨིན་སྲིད་ཀྱང་། ལོ་གཉིས་སོང་རྗེས་ལོ་ཕྱེད་ལ་འབྲས་བུ་རེ་སྨིན་པས་ཐོན་འབོར་ཧ་ཅང་ཆེན་པོ་ཡོང་སྲིད།
2018ལོར་ནོར་བུ་ཚེ་རིང་གིས་གོང་རིམ་སྡེ་ཚན་ལ་ས་ཞིང་མུའུ་35འགན་གཙང་ལེན་རྒྱུའི་རེ་ཞུ་བྱས་པ་དང་། དང་ཐོག་མ་དངུལ་སྒོར་ཁྲི་8བཏང་སྟེ་ཚང་མ་ཤིང་འབྲས་ཧོ་ལུང་གོའི་མྱུ་གུ་ཉོས་པ་རེད། ལོ་གཉིས་ཀྱི་རྗེས་འབྲས་བུ་ཐོག་མར་སྨིན་པ་དང་ཐོན་འབབ་རྒྱ་མ་2000ཟིན་ནས་ཡོང་འབབ་སྒོར་ཁྲི་30རག་པ་རེད། “ང་རང་གཅིག་པུ་ཕྱུག་པོ་ཆགས་པས་ག་ལ་འགྲིག‘ཕྱུག་འགྱུར་འབྲས་བུ’མི་དེ་བས་མང་བས་ལོངས་སྤྱོད་ཐུབ་པ་བྱེད་དགོས། ལོ་དེ་དག་ནང་ངས་ཤིང་འབྲས་ཧོ་ལུང་གོ་འདེབས་སྟངས་རིན་པ་མི་དགོས་པར་ཉེ་འཁོར་གྱི་གྲོང་མིར་བསླབས་ནས་གྲོང་མི་ཡོངས་ཀྱིས་ཤིང་འབྲས་ཧོ་ལུང་གོ་འདེབས་འཛུགས་བྱེད་པར་སྐུལ་ཁྲིད་བྱས་པ་ཡིན། འདི་ལོ་ངས་ད་དུང་ལས་སྣོན་བཟོ་གྲྭ་ཞིག་བཙལ་ནས་རི་ཁུག་གི་ཤིང་འབྲས་ཧོ་ལུང་གོར་སྤུས་ལེགས་ཐུམ་སྒྲིལ་བརྒྱབ་སྟེ་ཚོང་ཤག་དེ་བས་མང་བའི་བློ་ལ་བབས་པ་བྱེད་ཀྱི་ཡིན”ཞེས་ནོར་བུ་ཚེ་རིང་གིས་རེ་བས་ཁེངས་བཞིན་བཤད།