དམངས་ཕན་ཟློས་གར་འཁྲབ་སྟོན་བྱས་ནས་གྲོང་གསེབ་རིག་གནས་དར་སྤེལ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-09


        ཧུང་ཡོན་རྫོང་ཡོངས་ཀྱི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། སྲོལ་རྒྱུན་གྱི་ཟློས་གར་རིག་གནས་དར་སྤེལ་གཏོང་བའི་སྙིང་སྟོབས་ཇེ་ཆེར་བཏང་ནས། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་སྔར་བས་མཐོ་རུ་གཏོང་ཆེད། ཟླ་5ཚེས་29ཉིན་ནས་བཟུང་ཧུང་ཡོན་རྫོང་རིག་གནས་ལུས་རྩལ་ལྗོངས་སྐོར་ཅུས་ཀྱིས་ཧུང་ཡོན་རྫོང་སྒྱུ་རྩལ་ཚོགས་པ་དང་མཉམ་འབྲེལ་བྱས་ཏེ་2023ལོའི་ཟློས་གར་འཁྲབ་སྟོན་ཡུལ་གྲོང་ཁག་ཏུ་སྐྱེལ་བའི་དམངས་ཕན་བྱེད་སྒོ་སྤེལ།

        བྱེད་སྒོ་སྤེལ་ཡུལ་དུ། ཧུང་ཡོན་རྫོང་སྒྱུ་རྩལ་ཚོགས་པས་མང་ཚོགས་རྣམས་ལ་བོད་ཀྱི་ཟློས་གར་ཆེན་མོ་བརྒྱད་ཀྱི་ཡ་གྱལ་ལས་རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་པའི་མཐུན་ཚོགས་ཞེས་པའི་ལེ་ཚན་འཁྲབ་སྟོན་བྱས་པ་དང་། འཁྲབ་སྟོན་པ་རྣམས་ཀྱིས་གདོང་གི་རྣམ་འགྱུར་དང་ལུས་པོའི་སྟངས་སྟབས་ངོམ་ནས། ལྟད་མོ་བ་ཚོའི་ཡིད་དབང་རབ་དུ་འཕྲོག་པར་བྱེད་པའི་ལྟད་མོ་གཟབ་རྒྱས་ངང་བསྟན་པ་དང་། བྱེད་སྒོའི་ཡུལ་དངོས་ཧྲིལ་བོ་ལྟད་མོ་བ་རྣམས་ཀྱི་དགའ་སྤྲོའི་དགོད་སྒྲ་དང་ཐལ་མོའི་རྡེབ་སྒྲའི་ཁེངས་འདུག

        མིག་སྔའི་བར་ཧུང་ཡོན་རྫོང་གིས་དམངས་ཕན་ཟློས་གར་ཐེངས་8འཁྲབ་སྟོན་བྱས་ཡོད་པ་དང་། རྒྱུས་ལོན་པ་ལྟར་ན། ཧུང་ཡོན་རྫོང་རིག་གནས་ལུས་རྩལ་ལྗོངས་སྐོར་ཅུས་ཀྱིས་ད་རུང་མུ་མཐུད་དུ་ཧུང་ཡོན་རྫོང་ཁོངས་གཏོགས་ཀྱི་སྲིད་འཛིན་གྲོང་ཚོ་དང་སློབ་གྲྭ དམག་སྡེ་སོགས་སུ་ཐེངས་66ལ་འཁྲབ་སྟོན་བྱས་ནས་གཞི་རིམ་གྱི་མི་སེར་ཚོར་རང་རང་སོ་སོའི་སྒོ་འགྲམ་དུ་ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་པའི་ཟློས་གར་རིག་གནས་ཀྱི་ལྟད་མོ་ལོངས་སུ་སྤྱོད་ཐུབ་པར་འབད་བརྩོན་བྱས་ནས། ཧུང་ཡོན་རྫོང་ཡོངས་ཀྱི་གྲོང་གསེབ་རིག་གནས་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1