ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་མཐོ་རིམ་གླེང་སྟེགས་སྐབས་དང་པོ་འགོ་ཚུགས་པར་རྟེན་འབྲེལ་ཞུས་པ་དང་འབྲེལ་ནན་བཤད་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 06-09


        ཤིན་ཧྭ་གསར་འགྱུར་ཁང་ཧྲེན་ཀྲེན་ནས་ཟླ་6ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་གྱི་ཕྱི་དྲོར། རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་མཐོ་རིམ་གླེང་སྟེགས་སྐབས་དང་པོ་ཧྲེན་ཀྲེན་དུ་འགོ་ཚུགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དང་འབྲེལ་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།

        ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། རང་རེའི་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ཀྱི་འོད་སྟོང་གསར་པ་གཏོད་རྒྱུར་གཞོལ་བཞིན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་རིག་གནས་འཛུགས་སྐྱོང་བྱེད་རྒྱུ་རྒྱལ་སྲིད་སྐྱོང་ལུགས་ཀྱི་གནས་བབ་མངོན་གསལ་དོད་པོར་བཞག་ནས་རིག་གནས་འཛུགས་སྐྱོང་གི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་ཟམ་མི་ཆད་པར་བྱེད་ཟབ་ཏུ་བཏང་བ་དང་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་བརྒྱུད་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ང་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རིག་གནས་ཀྱི་འགན་འཁྲི་གསར་པ་དེ་བས་ཡག་པོ་འཁུར་བ་དང་། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། སྒོ་དབྱེ་བསྟུན་མཁས་རྒྱུན་འཁྱོངས་བྱེད་པ། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱེད་པ། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་འཕེལ་བ་བཅས་བྱས་ནས། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་རིག་གནས་དར་རྒྱས་དང་། རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་བསམ་པའི་སྟོབས་ཤུགས་ཆེན་པོ་སྣོན་དགོས།

        གླེང་སྟེགས་གཙོ་བོའི་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཧྲུའུ་ལེས་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་འབྲེལ་བཞེད་དོན་གཙོ་བོའི་གསུང་བཤད་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་རིག་གནས་ཀྱི་གདེང་ཚོད་ཧ་ཅང་བརྟན་པོ་དང་རིག་གནས་ཀྱི་རང་རྟོགས་ཧ་ཅང་ཆེན་པོ་མཚོན་ཡོད་པས། རིག་གནས་ཀྱི་འགན་འཁྲི་གསར་པ་འཁུར་བ་དང་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བྱེད་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ད་ཐེངས་ཀྱི་རྟེན་འབྲེལ་འཕྲིན་ཡིག་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་འགན་འཁྲི་འཁུར་བ་དང་། འབད་འབུངས་ཡར་བརྩོན་བྱེད་པ། བསམ་བློའི་དར་ཆ་མཐོན་པོར་སྒྲེང་བ། བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བ། རིག་གནས་ཀྱི་རྩ་བ་བརྟན་དུ་གཏོང་བ། དར་རྒྱས་གོང་འཕེལ་ལ་སྐུལ་སྤེལ་གཏོང་བ། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧོང་ཁུན་མིང་ཚོགས་འདུར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཐེ་ཉིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

        རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་མཐོ་རིམ་གླེང་སྟེགས་སྐབས་དང་པོའི་བརྗོད་དོན་གཙོ་བོ་ནི“རིག་གནས་ཀྱི་རང་རྟོན་རང་དར་ལ་སྐུལ་སྤེལ་བཏང་ནས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་པ་དེ་ཡིན་པ་དང་། ཀྲུང་དབྱང་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པ་ཞིག་རེད། ཀྲུང་དབྱང་གི་དྲིལ་བསྒྲགས་དང་རིག་གནས་ཚན་པ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གི་ཏང་ཨུད་དྲིལ་བསྒྲགས་པུའུ། རིག་གནས་ཁེ་ལས་དང་བྱ་གཞག་ཚན་པ་ཁག་གཅིག་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་འབྲེལ་ཡོད་ཇུས་འདོན་ཚོགས་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་གླེང་སྟེགས་ལ་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1