གཅིག ཅི་ཞིག་ལ་ཞུ་གཏུག་ནུས་ལྡན་དུས་ཡུན་ཟེར།
དེ་ནི་ཁེ་དབང་འཛིན་མཁན་གྱིས་ཁྲིམས་བཀོད་ཀྱི་དུས་ཡུན་ནང་རང་གི་ཁེ་དབང་མ་སྤྱད་པས། འོས་འགན་འཁུར་མཁན་གྱིས་ཁྲིམས་བཀོད་ཀྱི་དུས་ཡུན་ལོངས་རྗེས་འཇལ་སྤྲོད་འོས་འགན་དང་ལེན་མ་བྱས་ན། ཁེ་དབང་འཛིན་མཁན་གྱི་ཁེ་དབང་ལ་སྲུང་སྐྱོང་མི་ཐོབ་པའི་བཅའ་ཁྲིམས་ཀྱི་ལམ་ལུགས་ཤིག་ལ་ཟེར།
གཉིས། ཞུ་གཏུག་ནུས་ལྡན་དུས་ཡུན་གྱི་བཅའ་ཁྲིམས་མཇུག་འབྲས།
1. ཞུ་གཏུག་ནུས་ལྡན་དུས་ཡུན་ལོངས་ཚེ། འོས་འགན་འཁུར་མཁན་གྱིས་ཁེ་དབང་འཛིན་མཁན་ལ་ཕྱིར་དགག་སྒྲུབ་བྱེད་པའི་དབང་ཆ་ཡོད།
2. ཞུ་གཏུག་ནུས་ལྡན་གྱི་དུས་ཡུན་ལོངས་རྗེས། ཁེ་དབང་འཛིན་མཁན་གྱི་ཁེ་དབང་དེ་བཅའ་ཁྲིམས་ཀྱི་ནུས་ལྡན་སྲུང་སྐྱོང་མེད་པར་གྱུར་ནས་རང་བྱུང་གི་ཁེ་དབང་དུ་གྱུར་པ་དང་། ཡིན་ན་ཡང་ཁེ་དབང་འཛིན་མཁན་གྱི་དངོས་ཡོད་ཁེ་དབང་མེད་པར་འགྱུར་མི་སྲིད།
3. བུན་དབང་ལ་མཚོན་ནས་བཤད་ན། ཞུ་གཏུག་ནུས་ལྡན་དུས་ཡུན་ལོངས་ན། བུན་དབང་འཛིན་མཁན་གྱི་བུན་དབང་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོང་མེད་པར་འགྱུར་འགྲོ། བུན་དབང་ལ་བརྟེན་ནས་བྱུང་བའི་ཟུར་གཏོགས་ཀྱི་ཁེ་དབང་ནི་རང་ཉིད་ཀྱི་ཁོངས་གཏོགས་རང་བཞིན་ཡིན་པས། དེའི་ཁེ་དབང་ལའང་བཅའ་ཁྲིམས་ཀྱི་སྲུང་སྐྱོང་མི་ཐོབ།
གསུམ། ཞུ་གཏུག་ནུས་ལྡན་དུས་ཡུན་གྱི་རིགས།
1. སྤྱིར་བཏང་གི་ཞུ་གཏུག་ནུས་ལྡན་དུས་ཡུན་གྱི་ཡུན་ཚད་ནི་ལོ་གསུམ་ཡིན།
2. དམིགས་བསལ་གྱི་ཞུ་གཏུག་ནུས་ལྡན་དུས་ཡུན་གྱི་ཡུན་ཚད་ནི་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ཡིན་དགོས། དཔེར་ན། རྒྱལ་སྤྱིའི་ཐོག་དངོས་ཟོག་ཉོ་འཚོང་གི་གན་རྒྱ་དང་ལག་རྩལ་ཕྱིར་གཏོང་ནང་འདྲེན་གྱི་གན་རྒྱའི་སྐོར་གྱི་རྩོད་གཞི་བྱུང་ནས་ཞུ་གཏུག་བྱེད་པའམ་འདུམ་གཅོད་ཡོང་བར་རེ་ཞུ་བྱེད་པའི་གོ་ཆོད་ཀྱི་ཡུན་ཚད་ལོ་བཞི་ཡིན།
3. ཞུ་གཏུག་ནུས་ལྡན་དུས་ཡུན་གྱི་ཡུན་ཚད་རིང་ཤོས་ནི་ལོ20ཡིན།
བཞི། བཅའ་ཁྲིམས་ཀྱི་གཞི་འཛིན་ས།
རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན188པར། མི་དམངས་ཁྲིམས་ཁང་ལ་དམངས་དོན་ཁེ་དབང་སྲུང་སྐྱོང་བྱེད་པའི་ཞུ་གཏུག་ནུས་ལྡན་དུས་ཡུན་གྱི་ཡུན་ཚད་ནི་ལོ་གསུམ་ཡིན། བཅའ་ཁྲིམས་འདི་ལས་གཏན་འཁེལ་གཞན་ཡོད་ན་དེ་ལྟར་བྱ་དགོས། ཞུ་གཏུག་ནུས་ལྡན་དུས་ཡུན་གྱི་ཡུན་ཚད་ནི་ཁེ་དབང་འཛིན་མཁན་གྱིས་ཁེ་དབང་ལ་གནོད་སྐྱོན་བྱུང་བ་དང་འོས་འགན་འཁུར་མཁན་སུ་ཡིན་ཤེས་པའམ་ཤེས་དགོས་པའི་ཉིན་ནས་བཟུང་བརྩི་རྒྱུ། བཅའ་ཁྲིམས་འདི་ལས་གཏན་འཁེལ་གཞན་ཡོད་ན་དེ་ལྟར་བྱ་དགོས།
ཡིན་ན་ཡང་ཁེ་དབང་ལ་གནོད་སྐྱོན་བྱུང་བའི་ཉིན་ནས་བཟུང་ལོ་ཉི་ཤུ་ལས་བརྒལ་བ་ཡིན་ན། མི་དམངས་ཁྲིམས་ཁང་གིས་སྲུང་སྐྱོང་མི་བྱེད། དམིགས་བསལ་གྱི་གནས་ཚུལ་ཡོད་ན། མི་དམངས་ཁྲིམས་ཁང་གིས་ཁེ་དབང་འཛིན་མཁན་གྱི་རེ་ཞུ་ལྟར་དུས་འགྱངས་བྱ་རྒྱུའི་ཐག་གཅོད་བྱས་ཆོག