༄༅། །སྔ་འགྱུར་རྙིང་མའི་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 05-26


དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་ནི། རབ་བྱུང་བཅུ་གཅིག་པའི་ཤིང་འབྲུག﹙སྤྱི་ལོ1664﹚ལོར་དཔལ་རྡོ་རྗེ་སེམས་དཔའི་རྣམ་རོལ་འོད་གསལ་སྙིང་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་དང་། སྐྱེས་རབས་ཉིས་སྟོང་ཐུགས་ལ་སྐད་ཅིག་གིས་གསལ་བ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱིས་ཕྱག་བཏབ། ཆོས་ལུགས་ནི་སྔ་འགྱུར་བཀའ་མ་དང་། གནམ་ཆོས། གཏེར་སྟོན་རཏྣ་གླིང་པའི་གཏེར་ཆོས་སུ་མཛད། ཁྱད་པར་དུ་རྒྱ་སྤྲུལ་རིན་པོ་ཆེ་པདྨ་མདོ་སྔགས་བསྟན་འཛིན་དང་། གྲུབ་དབང་པདྨ་ནོར་བུའི་སྐུ་སྐྱེ་གསུམ་པ་ཐུབ་བསྟན་ཆོས་ཀྱི་གླང་པོ་སོགས་ཀྱིས་སྔ་འགྱུར་བཀའ་གཏེར་ཡོངས་ཀྱི་བསྟན་པ་རིན་པོ་ཆེ་བཤད་དང་སྒྲུབ་པའི་ཕྲིན་ལས་རླབས་ཆེན་པོས་ཡོངས་སུ་སྐྱོང་བ་ལས་གྲུབ་དབང་དཔལ་ཡུལ་བ་ཞེས་གྲགས་པའི་བ་དན་གངས་ལྗོངས་ཁྱོན་དུ་ཁྱབ་པའི་ཆོས་རྒྱུན་འདི་བྱུང་བ་ཡིན། དེ་སྔ་ཕན་འཁོར་ལོ་གསུམ་གྱི་ཕྲིན་ལས་ནམ་མཁའ་དང་མཉམ་པའི་གདན་རབས་ཀྱི་ཕྲེང་བ་བཅུ་གཅིག་རིམ་པར་བྱོན་ནས་གསང་ཆེན་སྙིང་པོའི་རིང་ལུགས་བླ་མེད་ཡོ་ག་གསུམ་གྱི་བསྟན་པ་དར་ཁྱབ་ཆེན་པོ་བྱུང་བ་དང་། གསུམ་ལྡན་རྡོ་རྗེ་འཛིན་པའི་དགེ་སློང་གྲུབ་བརྙེས་ཁྲི་ཕྲག་དུ་མ་བགྲངས་པ་བྱོན་ཅིང་། ཆོས་བརྒྱུད་འཛིན་པའི་དགོན་ལག་གངས་ལྗོངས་མདོ་ཁམས་ཀྱི་ཡུལ་གྲུར་གྲངས་བཞི་བརྒྱ་ཙམ་དང་། དགེ་འདུན་ཁྲི་ཕྲག་བྱོན་པ་བྱུང་ཡོད་ཀྱང་། རིག་གནས་གསར་བརྗེའི་དུས་སྐབས་ཀྱི་གཏོར་སྐྱོན་རྒྱལ་ཡོངས་ཀྱི་ཁྱོན་དང་འདྲ་བས་ཉམས་རྒུད་ཆེན་པོ་བྱུང་ཡང་དེང་སྐབས་སྔར་ལས་ལྷག་པའི་ཉམས་གསོ་གྲུབ་པར་མ་ཟད། བཤེས་གྲྭ་དང་སྒྲུབ་གྲྭའི་འདུ་ཁང་གསར་བཞེངས་གྲུབ་པ་དང་སྔར་འགྱུར་གསང་སྔགས་རྙིང་མའི་བཀའ་གཏེར་ཆོས་ཀྱི་གཏེར་ཆེན་འགྲན་བྲལ་པར་ཁང་ཆོས་མཛོད་ཆེན་མོ་གསར་བཞེངས་ལེགས་གྲུབ་དང་།  རྣམ་རྒྱལ་བྱང་ཆུབ་ཆོས་གླིང་གཙུག་ལག་ཁམས་གསུམ་ཟིལ་གནོན་བརྟེན་དང་རྟེན་པ་བཅས་པ། འོག་མིན་བདེ་ལྡན་ཞིང་གི་བཀོད་པ་སྒྱུ་འཕྲུལ་ཟང་མདོག་དཔལ་རི་བརྟེན་དང་རྟེན་པ་བཅས་སོགས་དགེ་མཚན་ཕྱོགས་མཐར་རྒྱས་པའི་གསར་གཞེངས་ལེགས་གྲུབ་བྱུང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1