མཛོད་དགེ་རྫོང་གི་བརླན་སའི་སྐྱེ་ཁམས་མ་ལག་གི་ནུས་པ་ཇེ་ལེགས་སུ་ཕྱིན།

གསར་འགོད་པ། བཀྲ་ཤིས་ལྷ་མོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 11-20


ད་ལོ་མཛོད་དགེ་རྫོང་གིས་སྲུང་སྐྱོང་བྱ་ཐབས་རབ་དང་རིམ་པ་སྤྱད་ནས་བརླན་སའི་ཐོན་ཁུངས་སྤྱིའི་ཆ་ནས་བརྟན་འཇགས་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་ནུས་ལྡན་བྱས། ཐོག་མའི་ལྟ་ཞིབ་ཚད་ལེན་བྱས་འབྲས་ལས་མངོན་པ་ལྟར་ན། མཚོ་ཁྲ་རྒྱ་ཁྱོན་མུའུ་9630ཡི་བར་དུ་ཇེ་ཆེར་ཕྱིན་པ་དང་། ལོ་འཁོར་གྱི་ས་ངོས་ཆུ་ཁྱོན་ལོ་ཧྲིལ་པོར་ལི་སྨི་50ཡིན། སྲུང་སྐྱོང་ཁུལ་དུ་ཁྲུང་ཁྲུང་སྐེ་ནག་1000ཙམ་ཡོད་པ་དང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་རིགས་17ཇེ་མང་དུ་ཕྱིན། གཟན་རྩྭ་འདེབས་པའི་ས་ཁོངས་སུ་སྔོ་ཁེབས་ཚད་25%ཡན་མཐོ་རུ་ཕྱིན་པ་དང་ཆ་སྙོམས་ཁེབས་ཚད་80%ཡན་ཟིན་ཡོད།

དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་སྲུང་སྐྱོབ་ཀྱི་ནུས་པ་མཐོར་འདེགས་གཏོང་བ། 2023ལོའི་མཛོད་དགེ་བརླན་སའི་རྩྭ་ཐང་སྲུང་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་འཚོགས་ནས། མཛོད་དགེ་འཛམ་གླིང་ལ་ངོམ་པ་དང་མཛོད་དགེ་རྒྱལ་ཁབ་སྤྱི་གླིང་རིག་གནས་ཡུལ་སྐོར་དུས་ཆེན་སོགས་བརྒྱུད། མཛོད་དགེ་བརླན་སར་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་སྤྱི་དམངས་ཀྱི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་ཇེ་ཟབ་ཏུ་བཏང་། དེ་དང་དུས་མཚུངས་འཛམ་གླིང་གི་བརླན་སའི་ཉིན་མོ་དང་ཆེད་དོན་སྒྲོག་འགྲེལ་སོགས་ཀྱི་གོ་སྐབས་དམ་འཛིན་སྒོས་སྐད་འཕྲིན་གྱི་སྤྱི་སྟེགས་དང་གློག་རྡུལ་བརྙན་ཤེལ་སོགས་བརྒྱུད། རྒྱ་ཆེའི་མང་ཚོགས་རང་རྟོགས་ངང་བརླན་སའི་སྐྱེ་ཁམས་སྲུང་སྐྱོང་ནང་ཞུགས་པར་ཁྲིད་སྟོན་ཧུར་ཐག་བྱས།

འཆར་འགོད་ལ་ཤུགས་སྣོན་སྒོས་ཉམས་གསོའི་ནུས་པ་མཐོར་འདེགས་གཏོང་བ། ཚན་ཞིབ་སྒྲིག་གཞིར་མངགས་བཅོལ་བྱས་ཏེ་མཛོད་དགེ་བརླན་སའི་ད་ཡོད་གནས་ཚུལ་དང་བསྐྲུན་ཟིན་པའི་སྐྱེ་ཁམས་ཉམས་གསོ་ཁུལ་ལ་ལྟ་ཞིབ་ཚད་ལེན་བྱས་ནས་བརླན་ས་ཉམས་གསོའི་ཇུས་གཞི་སྤྱི་འདོམས་བྱས།  《མཛོད་དགེ་རྒྱལ་སྤྱིའི་བརླན་ས་གལ་ཆེན་ཉམས་གསོའི་ཇུས་གཞི》བཟོས། སྐྱེ་ཁམས་ཆུ་གསབ་སྒྲིག་བཀོད་6བསྐྲུན་རྒྱུར་འཆར་འགོད་བྱས། ཆུ་ཡུར་སྤྱི་ལེ་170བཅོས་སྐྱོང་བྱས། སྔོ་ཁེབས་སྤྱི་ཆིང་1106ཉམས་གསོ་བྱས། བརླན་ས་སྤྱི་ཆིང་2500བཀག་སྡོམ་བྱས། ཨ་བྲའི་གནོད་འཚེ་ཐེབས་ཁུལ་སྤྱི་ཆིང་3000ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས། སྲུང་སྐྱོང་ཁུལ་གྱི་མེ་འགོག་མེ་གསོད་འགྲོ་ལམ་སྤྱི་ལེ་150ཉམས་གསོ་བྱས།

གོ་སྐབས་དམ་འཛིན་གྱིས་སྐྱེ་ཁམས་རྣམ་གྲངས་ཡག་པོ་བསྐྲུན་པ། ཡུ་གསབ་བརླན་གསོ་དང་ཕྱུགས་བཀག་བརླན་གསོ། རྩྭ་འདེབས་བརླན་གསོ། བྱི་འགོག་བརླན་གསོ་སོགས་བརླན་ས་སླར་གསོ་བྱེད་ཐབས་བརྒྱུད། སྒོར་དུང་ཕྱུར་1.19བཏང་ནས་བརླན་སའི་སྐྱེ་ཁམས་ཕན་འབྲས་ཁ་གསབ་སོགས་བརླན་ས་གལ་ཆེན་སྲུང་སྐྱོང་དང་ཉམས་གསོའི་རྣམ་གྲངས་ལག་བསྟར་བྱས། ཆུ་རགས་ཆུང་གྲས་73བསྐྲུན། མུའུ་ཁྲི་34.33ལ་བྱི་འགོག་དང་རང་བྱུང་རྩྭ་ས་ལེགས་བཅོས། གཟན་རྩྭ་འདེབས་པ། ཕྱུགས་བཀག་བརླན་གསོ་སོགས་ལག་བསྟར་བྱས།  རྒོད་ཚང་དང་ཚན་ཞིབ་ས་ཚིགས། མཚོན་བྱང་263གསར་སྐྲུན་བྱས། རྩྭ་ཕྱུགས་དོ་སྙོམས་དུད་སྦྲེལ་དཔེ་སྟོན་འབྲོག་ར་21གསར་འཛུགས་བྱས།  ལྕགས་ར་སྤྱི་ལེ་250བརྒྱབ་ཡོད། ས་དབྱིབས་ཆུང་གྲས་མུའུ་100སྒྱུར་བཀོད་བྱས། སྒྲིག་ཆས་16ཉོ་སྒྲུབ་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1